བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 17:00ལ་འགྲུབ།

བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོས་མཛད་པའི་ཤིས་བརྗོད་འདི་ནི། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར། སྐྱབས་གནས་གཅིག་པུ་གྱུར་པ་སངས་རྒྱས་ལས་སྐྱབས་གནས་གཞན་མ་མཆིས་པས། རྗེས་སུ་འབྲངས་ན་སྐྱབས་ཡུལ་ལས་མི་འདོར་བའི་བསྐུལ་བ་ནན་ཆེར་མཛད་པ་ཞིག་གོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
ཡབ།
འཁོན་ཆེན་འོད་པོ་ཆེ།
འཁྲུངས་ཡུལ།
ས་སྐྱ།
ཡུམ།
མ་གཅིག
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1182-1251)ལོར།
1 ​མཛད་པ་པོ།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོ་མཆོག་ནི་རབ་བྱུང་གསུམ་པའི་ཆུ་སྟག(སྤྱི་ལོ1182)ལོར་ཡབ་འཁོན་ཆེན་འོད་པོ་ཆེ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སར་སྐྱར་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། ཞུ་དོན་རྡོ་རྗེ་སྐྱབས། རྨ་བྱ་བྱང་བརྩོན། ཚུར་སྟོན་གཞོན་སེང་སོགས་བླ་མ་དུ་མ་བསྟེན། སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ། མུ་སྟེགས་འཕྲོག་བྱེད་དགའ་བོ་སོགས་རིགས་པས་ཚར་བཅད་དེ་ནང་བའི་བསྟན་པ་ལ་བཅུག  ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་དང་དེའི་སློབ་མ་སཾགྷི་ཤྲི་སོགས་ལས་སྒྲ་ཚད་སོགས་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། བོད་དུ་བཅུ་ཕྲག་རིག་པའི་གནས་ཆ་ཐམས་ཅད་ནས་དར་བའི་སྲོལ་ཐོག་མར་བཏོད་པས་བོད་གངས་ཅན་གྱི་པཎྜི་ཏའི་མཚན་གྱི་ཐོག་མའང་དེ་ནས་ཆགས། ཉིད་ཀྱི་བཀའ་ལས། སྒྲ་བ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། ། སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། ། དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། ། དེ་འདྲ་གང་ཡིན་ས་སྐྱ་བ་སྟེ་མཁས་པ་གཞན་དག་མཚུངས་མེད་ང་། ། ཞེས་ང་བརྒྱད་མ་གསུངས་པ་ཇི་ལྟ་བ་བཞིན་ནོ། ། དགུང་ལོ་རེ་གསུམ་པ་ཤིང་འབྲུག(སྤྱི་ལོ1244)ལོར་ཧོར་རྒྱལ་པོ་གོ་དན་གྱིས་གཏན་དྲངས་པ་བཞིན་ཕེབས་ནས་རྒྱལ་བོ་དང་མཇལ་ཏེ་ཡོན་མཆོད་ཀྱི་འབྲེལ་བ་ཆགས། དགུང་ལོ་བདུན་ཅུ་བ་རབ་བྱུང་བཞི་བའི་ལྕགས་ཕག(སྤྱི་ལོ1251)ལོར་ལང་ཅུར་སྐུ་གཤེགས། 

2 རྩོམ་རྐྱེན།

བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་ཞེས་བྱ་བ་འདི་ནི། པཎྜི་ཏ་གང་གིས་མཛད་པའི་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས་དེའི་མཚན་གཞིར་ཆེད་དུ་སྦྱར་བ་ཡིན།

3 བརྗོད་དོན་མདོར་བསྡུས།

དེ་ཡང་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཆར་ནས་བརྗོད་དོན་ནི། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་རྣམ་པར་གྲོལ་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བགྲོད་པ་ལ་སངས་རྒྱས་ལས་སྐྱབས་གཞན་མ་མཆིས་པས་གང་གི་སྐྱབས་སུ་སོང་ན་སྐྱབས་ཡུལ་ལས་མི་འདོར་བའི་བསྐུལ་བ་ནན་ཆེར་མཛད་ཡོད།

4 སྒྱུ་རྩལ་གྱི་ཁྱད་ཆོས།

འདིའི་ཚིག་གི་རིང་ཐུང་དང་སྒྲའི་དྲག་ཞན་ལ་སོགས་པ་ལེགས་པར་སྡེབ་ཅིང་། དོན་དང་ཚིག་ལ་སྔར་མ་བྱུང་བའི་རྒྱན་གྱིས་ལེགས་པར་སྤུད་པས། མཁས་པ་ཀུན་ལ་གྲགས་ཆེ་བ་ཞིག་ཡིན་ནོ། །