སྨོན་ལམ་དགོས་པ་ཀུན་འབྱུང་།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 17:14ལ་འགྲུབ།

སྨོན་ལམ་དགོས་པ་ཀུན་འབྱུང་།

ཇོ་ནང་ཏཱ་ར་ན་ཐ་མཆོག་གིས་མཛད་པའི་སྨོན་ལམ་འདིར་རང་ཉིད་ཀྱི་དགེ་རྩ་ཐམས་ཅད་བླ་མའི་རྗེས་སུ་འཛིན་པའི་ཐབས་ལ་སྨོན་པ་དང་། རང་རྒྱུད་ཀྱི་དམ་ཚིག་རྣམས་མི་ཉམས་པར་ཚུལ་བཞིན་སྲུང་བར་སྨོན་པ། ལྷག་པར་དུ་ཡོན་ཏན་གྱི་སྒོ་དམ་པ་དགེ་བའི་བཤེས་གཉེན་བསྟེན་ཚུལ་རྟེན་འབྲེལ་མ་ལོག་པ་སོགས་ཕྱི་ནང་གི་མཐུན་རྐྱེན་ཡོད་ཚད་ཡིད་བཞིན་དུ་ཚང་བར་འགྱུར་བའི་སྨོན་ལམ་དྲི་མ་བྲལ་བ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
ཇོ་ནང་ཏཱ་ར་ནཱ་ཐ།
ཡབ།
རྣམ་རྒྱལ་ཕུན་ཚོགས།
འཁྲུངས་ཡུལ།
དབུས་ཀྱི་ཁོངས་གཏོགས་འབྲང་།
ཡུམ།
རྡོ་རྗེ་བུ་དགའ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1575-1634)ལོར།
1 ​མཛད་པ་པོ།

ཇོ་ནང་ཏཱ་ར་ནཱ་ཐ་ནི། དབུས་གཙང་གཉིས་ཀྱི་མཚམས་དབུས་ཀྱི་ཁོངས་གཏོགས་འབྲང་ཞེས་པའི་ཡུལ་དུ། ཡབ་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བའི་ཤིང་མོ་ཕག(སྤྱི་ལོ1575)ལོར་སྐུ་བལྟམས། མཁས་དབང་བྱམས་པ་ལྷུན་གྲུབ་དང་མཁན་པོ་ལུང་རིགས་རྒྱ་མཚོ། སྟག་ལུང་བ་དང་ཀརྨ་བ་སོགས་རིས་མེད་ཀྱི་དམ་པ་རྣམས་ལས་གཞུང་ཁྲིད་དང་དབང་ལུང་རྗེས་གནང་གི་ཆོས་སྐོར་མང་དུ་ཞུས། མཁས་གྲུབ་ཀྱི་སྙན་པ་ཆེས་ཆེར་རྒྱས། དགུང་གྲངས་དྲུག་བཅུ་བ་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་ཁྱི(སྤྱི་ལོ1634)ལོར་སྐུ་གཤེགས། 

2 གསུང་རྩོམ།

རྒྱ་གར་ཆོས་འབྱུང་སོགས་གསུངས་པོད་བཞི་བཞུགས།

3 བརྗོད་དོན་མདོར་བསྡུས།

སྨོན་ལམ་དགོས་པ་ཀུན་འབྱུང་ཞེས་བྱ་བ་འདི་ནི་ཀུན་མཁྱེན་སྒྲོལ་བའི་མགོན་པོ་གང་གི་སློབ་བུ་དད་ལྡན་ཀུན་དགའ་ལྷུན་གྲུབ་ཀྱི་རེ་འདུན་བཞིན་རང་ཉིད་ཀྱིས་དགེ་རྩ་གང་བསྒྲུབས་བླ་མའི་རྗེས་སུ་འཛིན་པའི་ཐབས་ལ་སྨོན་པ་སྟེ། སྐྱབས་འགྲོ། སྙིང་རྗེ། བྱང་ཆུབ་ཀྱི་སེམས། སོ་ཐར་རིག་པ་འཛིན་པའི་དམ་ཚིག་རྣམས་རང་རྒྱུད་ལ་སྐྱེ་ཞིང་མི་ཉམས་པ་དང་། ཆོས་བཞིན་སྲུང་བར་སྨོན་པ་དང་། ཁྱད་པར་དུ་ཡོན་ཏན་ཀྱི་སྒོ་དང་བོ་བཤེས་གཉེན་བསྟེན་ཚུལ་རྟེན་འབྲེལ་མ་ལོག་པ་སོགས་ཕྱི་ནང་གི་མཐུན་རྐྱེན་ཡོད་ཚད་ཡིད་བཞིན་དུ་ཚང་བར་འགྱུར་བའི་སྨོན་ལམ་དྲི་མ་མེད་པ་ཞིག་ཡིན། སྤྱིར་སྨོན་ལམ་ལ། སྨོན་ལམ་རྐྱང་བ་དང་། བསྔོ་བ་སྨོན་ལམ་གཉིས་ཡོད། དགེ་རྩ་གང་གི་མཐུ་ལ་བརྟེན་ནས་ཆོས་དེ་ཐོབ་འདོད་དང་འགྲུབ་འདོད་ནི་བསྔོ་བ་དང་སྨོན་ལམ་གཉིས་ཀ་ཡིན། བསྔོ་བྱའི་རྫས་གང་ཡང་མེད་པར་ཚུལ་དེར་སྨོན་པ་ཙམ་ནི་སྨོན་རྐྱང་། དེས་ན་བསྔོ་བ་ཡིན་ན་སྨོན་ལམ་ཡིན་པས་ཁྱབ་ཀྱང་། སྨོན་ལམ་བསྔོ་བས་མ་ཁྱབ། བསྔོ་བྱའི་དགེ་རྩ་མེད་པའི་སྨོན་ལམ་རྣམས་དེ་ཡི་སྐྱོན་ལ་བཞག་ཆོག་པའི་ཕྱིར། དེ་ལྟར་དོན་གྱི་ཆ་ནས་རང་ཅག་རྣམས་འཕྲལ་ཕུགས་ཀུན་ཏུ་ལམ་གང་འདྲ་ཞིག་ལ་སྨོན་དགོས་པ་བསྟན་པ་དང་། རྗོད་བྱེད་ཀྱི་ཆ་ནས་གོ་བདེ་ཞིང་སྡེབ་ལེགས་པའི་ཁྱད་ཆོས་བླ་ན་མེད་པ་མཆིས་སོ་སྙམ་པའོ། །