ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར་ཚན་པ་གཉིས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 17:34ལ་འགྲུབ།

ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར་ཚན་པ་གཉིས།

དམ་པ་མཆོག་གིས་གསུང་མགུར་གཉིས་ལས་ཆོས་པ་འགའ་ཞིག་གིས་ཆོས་མིན་གྱི་ལས་ཁ་ན་མ་ཐོ་བ་ཁོ་ནར་གཞོལ་དྲགས་པས། དམ་ཆོས་ཚུལ་བཞིན་བསྒྲུབ་པ་དང་། རྣམ་གཡེང་། བག་མེད། ཆགས་སྡང་། གྲོགས་ངན་སོགས་ཀྱི་དབང་དུ་མ་སོང་བར་དགེ་སྦྱོར་རྣལ་མ་བྱེད་དགོས་ཚུལ་གདམས་ཡོད།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
ཤར་སྐལ་ལྡན་རྒྱ་མཚོ།
ཡབ།
མཁར་འབུམ་རྒྱལ།
འཁྲུངས་ཡུལ།
མདོ་སྨད་རེབ་གོང་རྒྱལ་ཐང་།
ཡུམ།
སྙིང་མོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1607-1677)ལོར།
1 ​མཛད་པ་པོ།

ཤར་སྐལ་ལྡན་རྒྱ་མཚོ་ནི། རབ་བྱུང་བཅུ་བའི་མེ་ལུག(སྤྱི་ལོ1607)མདོ་སྨད་རེབ་གོང་རྒྱལ་ཐང་ཞེས་བྱ་བའི་ཡུལ་དུ། ཡབ་མཁར་འབུམ་རྒྱལ་དང་ཡུམ་སྙིང་མོ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཅིག་པ་མེ་སྤྲུལ(སྤྱི་ལོ1617)དབུས་གཙང་དུ་ཕེབས། མཁན་ཆེན་བློ་གྲོས་རྒྱ་མཚོ་དང་། གཙང་དཀའ་ཆེན་བློ་གྲོས་རྒྱ་མཚོ་དང་། འཇམ་དབྱངས་ཚུལ་ཁྲིམས་ཆོས་འཕེལ། གཙང་དཀའ་ཆེན་བློ་གྲོས་རྣམ་རྒྱལ་སོགས་བླ་མར་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉེར་གཅིག་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས(སྤྱི་ལོ1627)མདོ་སྨད་དུ་ཕྱིར་ཕེབས་ཏེ་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ། རྒྱལ་སྲས་བློ་བཟང་བསྟན་འཛིན། རྗེ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་སོགས་མཁས་གྲུབ་སོ་གསུམ་ལྷག་གི་ཞབས་པད་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པ་སྦྱངས། ཐོས་དོན་རྒྱུད་ལ་སྦྱར་ནས་ཚེ་དང་སྒྲུབ་པ་སྙོམས་པར་བསྐྱངས་ཏེ་མཐའ་འཁོབ་ཀྱི་ཡུལ་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གཅིག་པའི་མེ་སྤྲུལ(སྤྱི་ལོ1677)ལོར་སྐུ་གཤེགས་སོ། །

2 གསུང་རྩོམ།

གསུང་ཆོས་ལ་གཞུང་འགྲེལ། རྣམ་ཐར། མགུར་མ་སོགས་པོད་ལྔ་བཞུགས། 

3 བརྗོད་དོན་མདོར་བསྡུས།

མགུར་མའི་རིམ་པ་འདི་གཉིས་ལས་སྔ་མར། ཆོས་པ་འགའ་ཞིག་གིས་ནི་དད་གཤིན་གྱི་དཀོར་ཟ་བ་སོགས་སྤྱོད་ལམ་སྣ་ཚོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་འཛེམ་མེད་དུ་སྤྱད་དེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་གང་བྱས་ཕལ་ཆེར་ཆོས་མིན་གྱི་རྒྱུ་ཁོ་ནར་ཤས་ཆེ་བས། ཚེ་འདི་བློས་བཏང་ནས་དམ་ཆོས་སྒྲུབ་པའི་ཉམས་ལེན་རྩེ་གཅིག་ཏུ་གཞོལ་བ་དང་། ཚན་པ་ཕྱི་མར། རྣམ་གཡེང་དང་། བག་མེད། ཆགས་སྡང་། གྲོགས་ངན་སོགས་ཀྱི་དབང་དུ་མ་སོང་བར་དགེ་སྦྱོར་རྣལ་མ་བྱེད་པ་དང་། ཚུལ་ཁྲིམས་གཙང་མར་སྲུང་བ། ཐོས་པ་དོན་དུ་གཉེར་བ། འདོད་ཆུང་ཆོག་ཤེས་བསྟེན་དགོས་པ་སོགས་གདམས་པའོ། ། 

4 སྒྱུ་རྩལ་གྱི་ཁྱད་ཆོས།

སྤྱིར་དམ་པ་འདིའི་གསུང་མགུར་རྣམས་ནི་ངག་ལ་འདྲེན་བདེ་ཞིང་ཡིད་འགྱུར་ངེས་པ། གདུལ་བྱའི་མོས་པ་དང་འཚམ་ཞིང་ཉམས་སུ་བདེ་བ། དད་པ་དང་དགའ་བ་འགྲན་བཞིན་འཕེལ་བ་སོགས་དགེ་མཚན་དུ་མ་དང་ལྡན་ནོ། །