རྗེ་བཙུན་མི་ལ་རས་པའི་མགུར་འབུམ་ལས་གནས་བསྟོད་ཐོར་བུ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-26 14:46ལ་འགྲུབ།

རྗེ་བཙུན་མི་ལ་རས་པའི་མགུར་འབུམ་ལས་གནས་བསྟོད་ཐོར་བུ།

རྣལ་འབྱོར་བའི་དབང་ཕྱུག་རྗེ་བཙུན་མི་རས་པ་མཆོག་གིས་མཛད་པའི་གནས་ཀྱི་བསྟོད་པ་རུ། རྗེ་བཙུན་ཉིད་ཀྱི་དབེན་པའི་གནས་སུ་ཉམས་སྣང་དཔེ་རུ་ཤར་བ་ཐོལ་བྱུང་དུ་གསུང་མགུར་ལ་དྲངས་པ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
རྗེ་བཙུན་མི་ལ་རས་པ།
ཡབ།
ཤེས་རབ་རྒྱལ་མཚན།
འཁྲུངས་ཡུལ།
མང་ཡུལ་གུང་ཐང་དུ་སྐྱ་རྔ་རྩ།
ཡུམ།
མྱང་ཚ་དཀར་རྒྱན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1040-1123)ལོར།
1 ​མཛད་པ་པོ།

རྗེ་བཙུན་མི་ལ་རས་པ་ནི། ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ལྕགས་འབྲུག(སྤྱི་ལོ1040)ལོར་མང་ཡུལ་གུང་ཐང་དུ་སྐྱ་རྔ་རྩ་རུ་སྐུ་བལྟམས། ཆུང་ངུའི་དུས་ཡབ་གཤེགས་པས་ཨ་ཁུ་དང་། ཨ་ནེས་ཡབ་ཀྱི་ཞལ་ཆེམས་ཡོངས་སུ་བོར་ནས་ཕོ་ནོར་རྣམས་ཨ་ཁུ་དང་། མོ་ནོར་རྣམས་ཨ་ནེས་བདག་ཏུ་བཟུང་སྟེ་ཡུམ་མྱང་ཚ་དཀར་རྒྱན་མ་སྨད་ལ་རང་ཁྱིམ་གྱི་ནོར་རྫས་དབང་རྒྱུ་མ་བྱུང་བའི་ཁར། གཉེན་ཚན་དེ་དག་གི་བྲན་གཡོག་གནང་དགོས་པ་སོགས་སྐུ་ངལ་ཚད་མེད་མྱངས། དེའི་འཁོན་ལན་སློག་ཕྱིར་ཡུམ་གྱིས་བཀས་བསྐུལ་བ་ལྟར་མཐུ་བསླབས་ནས་ཕ་རོལ་བོ་རྡུལ་དུ་བརླགས། ཕྱིས་སུ་སྡིག་པ་ལ་ཐུགས་འགྱོད་ཆེན་པོ་བྱུང་བས་མར་བ་ཆོས་ཀྱི་བློ་གྲོས་བླ་མར་བསྟེན། དེ་ཉིད་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས་ཏེ་དབང་ལུང་མན་ངག་རྫོགས་པར་གསན། དེ་ནས་ལོ་དགུའི་རིང་སྐྱིད་གྲོང་དང་། གཉའ་ནང་ཁུལ་སོགས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་མཐར་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མངོན་དུ་མཛད། ཉམས་མགུར་མང་དུ་བཞེངས།  མཐར་དགུང་ལོ་བརྒྱད་ཅུ་གྱ་བཞི་བ་རབ་བྱུང་གཉིས་པའི་ཆུ་ཡོས(སྤྱི་ལོ1123)ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བསྟན།

2 འཁོར་བུ་སློབ་བསྐྱངས་པའི་ཚུལ།

རས་ཆུང་བ་དང་། དྭགས་པོ་ལྷ་རྗེ་སོགས་སྣོད་རུང་གི་སློབ་མ་རྣམས་གསང་སྔགས་ཀྱི་གདམས་པ་ཅི་རིགས་ཀྱིས་བསྐྱངས། 

3 བརྗོད་དོན་མདོར་བསྡུས།

རྗེ་བཙུན་མི་ལ་རས་པའི་མགུར་འབུམ་ནི། རྣམ་འབྱོར་གྱི་དབང་ཕྱུག་ཆེན་མོ་གཙང་སྨྱོན་ཧེ་རུ་ཀ་སངས་རྒྱས་རྒྱལ་གྱིས་རྗེ་བཙུན་མི་ལ་རས་པའི་ཐུན་མོང་མ་ཡིན་པའི་རྣམ་ཐར་གསལ་བར་བྱ་བ་དང་། ཟབ་མོའི་དོན་ཉམས་སུ་ལེན་མི་ཤེས་པ་རྣམས་ལ་ཚིག་གཅིག་གིས་སངས་རྒྱས་ཀྱི་སར་ཁྲིད་པའི་ཐབས་ཁྱད་པར་ཅན་སྦྱིན་པར་འདོད་ཡོན་དང་ཚེ་འདི་ལ་ཞེན་པ་རྣམས་ལ་དཀའ་ཐུབ་སྡུག་ཁུར་གྱི་མིག་རྐྱེན། གཡེང་ལ་དགའ་བ་རྣམས་ལ་རྩེ་གཅིག་ཏུ་བསྒྲུབ་པའི་མཐུན་དཔེ་སོགས་སུ་འགྱུར་བའི་དགེ་བ་ཁྱད་པར་ཅན་ལ་དམིགས་ནས་ཕྱོགས་བསྒྲིགས་མཛད་པ་ཡིན་ལ། དེ་རྣམས་ཀྱི་བརྗོད་བྱ་ནི། བྱིན་རླབས་ཀྱི་དངོས་གྲུབ་བླ་མ་ལ་གསོལ་བ་འདེབས་པ་དང་། ངེས་འབྱུང་སྐྱོ་ཤས་བསྐྱེད་པ། དགེ་སྡུག་བླང་དོར་འབྱེད་པ། སྣང་བ་དཔེ་རུ་ཤར་བ། ལྟ་སྒོམ་སྤྱོད་པའི་འབྲས་རྟགས། ཉམས་རྟོགས་བོགས་འབྱིན་པ། རྣལ་འབྱོར་རིག་པའི་གསལ་འདེབས། ཚིག་དོན་གྱི་སྤྲོས་པ་གཅོད་པ་སོགས་ཡིན། འདིར་དྲངས་པ་ནི། དབེན་གནས་བྱང་ཆུབ་རྫོང་དང་རྐྱང་ཕན་ནམ་མཁའ་རྫོང་། གངས་མཐོན་མཐིང་། གངས་ཏི་སེ། མཚོ་མ་ཕམ་བཅས་ཀྱི་གནས་བསྟོད་ཡིན་ལ། དེ་རྣམས་ལས་དབེན་པའི་ཡོན་ཏན་བརྗོད་པ་དང་། གང་སྣང་འདྲ་ཆོས་སུ་གོ་ཞིང་། ཅི་གསུང་གདམས་ངག་ཏུ་འཆར་དགོས་པ་བསྟན།