སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 11:19ལ་འགྲུབ།

སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ།

རྒྱལ་བོ་སྲོང་བཙན་སྒམ་པོས་མཛད་པའི་གདམས་པ་འདིར། རང་རེ་བོད་མི་བྱིངས་ཀྱི་རང་བཞིན་སྲོང་པོར་བརྗོད་དེ། ཉོན་མོངས་དུག་ལྔའི་ཉེས་དམིགས་དང་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་མའི་ཕན་ཡོན་གསལ་བོར་བསྟན། མི་རྣམས་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། སྡིག་པ་སྤངས་པ། དགེ་བ་བསགས་པ་དང་། ཁྱད་པར་དུ་ཐུགས་རྗེ་ཆེན་པོའི་ཡང་སྙིང་མ་ཎི་ཡིག་དྲུག་དེ་ཉིད་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་སྙིང་བོར་གདམས་པའོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
སྲོང་བཙན་སྒམ་པོ།
ཡབ།
གནམ་རུ་སྲོང་བཙན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(617-698)ལོར།
ཡུམ།
ཚེ་སྤུང་བཟའ།
1 མཛད་པ་པོ།

ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྟེ་རྒྱལ་བོ་གནམ་རུ་སྲུང་བཙན་དང་ཚེ་སྤུང་བཟའ་གཉིས་ཀྱི་སྲས་སུ་མེ་གླིང(སྤྱི་ལོ617)ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པར་བོད་ཀྱི་རྒྱལ་བོའི་ཁྲི་ལ་འཁོད། པོ་ཏ་ལའི་རི་ལ་ཕོ་བྲང་རྨད་དུ་བྱུང་བ་བཞེངས། བལ་བཟའ་ཁྲི་བཙན་ཁབ་ཏུ་བཞེས། དགུང་ལོ་ཉེར་ལྔ་བར་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུས། རྒྱལ་བོ་འདིའི་རིང་ལ་བོད་ཀྱི་ཡི་གེ་སྲོལ་བཏོད། སངས་རྒྱས་ཀྱི་ཆོས་ཐོག་མར་བོད་ལ་བསྒྱུར། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་གཏན་ལ་ཕབ་པ་དང་། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་མངོན་པར་བཞེངས་ནས་ཆོས་སྲིད་ལེགས་པར་བསྐྱངས། མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས། དགུང་ལོ་གྱ་གཉིས་པ་ས་ཁྱི(སྤྱི་ལོ698)ལོར་སྐུ་གཤེགས།

2 གཞུང་གང་ལས་དྲངས་པའི་ཚུལ། 


སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ་ཞེས་བྱ་བ་འདི་ནི། ཆོས་རྒྱལ་སྲུང་བཙན་སྒམ་པོའི་བཀའ་འབུམ་སྟེ་ཡོངས་གྲགས་སུ《མ་ཎི་བཀའ་འབུམ》ཞེས་པ་ལས་བཤུས། བཀའ་འབུམ་འདིར་སྟོད་ཆ་དང་སྨད་ཆ་བཅས་པོད་གཉིས་ཡོད་དེ། བརྗོད་བྱ་ཐུགས་རྗེའི་ཆེན་པོའི་སྒྲུབ་སྐོར་དང་། བླ་མ་བརྒྱུད་པའི་གསོལ་འདེབས། ཐུགས་རྗེ་ཆེན་པོའི་སྤྲུལ་བ་རྗེ་སྲོང་བཙན་སྒམ་པོའི་ཞལ་གདམས། ལོ་རྒྱུས་ཆེན་མོ་སོགས་སྟོད་ཆ་དང་། ཞལ་གདམས་ཀྱི་སྐོར། ཡི་གེ་དྲུག་པའི་དགུ་ཁྲུགས་བསྟོད་པ་སྐུ་གསུང་ཐུགས་ལ་བསྟོད་པ། ཞལ་གདམས་ཐུན་མོང་མ་ཡིན་པ། བཀའ་ཆེམས་ཀ་ཁོལ་མ་སོགས་སྨད་ཆར་བསྡུས་ཏེ་པར་དུ་བཀོད་ཡོད། 

3 བརྗོད་དོན་གནད་བསྡུས།

ཞལ་གདམས་འདི་ལས། བོད་མི་སྤྱིའི་རང་བཞིན། ཉོན་མོངས་དུག་ལྔའི་ཉེས་དམིགས། མ་ཎི་ཡིག་དྲུག་གི་ཕན་ཡོན་བཅས་རིམ་པར་བསྟན་པའི་མཐར། ཐུགས་རྗེ་ཆེན་པོའི་ཆོས་ལ་བསྟོད་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་འདེབས་པ། སྡིག་པ་སྤངས་པ། དགེ་བ་བསགས་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་བཅས་སྤྱིར་གདམས་པ་དང་། ཁྱད་པར་དུ་ཐུགས་རྗེ་ཆེན་པོའི་ཡང་སྙིང་མ་ཎི་ཡིག་དྲུག་དེ་ཉིད་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་སྙིང་བོར་གདམས་པའོ། ། 

4 སྒྱུ་རྩལ་གྱི་ཁྱད་ཆོས། 

གདམས་ངག་འདི་ནི་དོན་གྱི་རིམ་པ་གསལ་ཞིང་ལུགས་གཉིས་ཀྱི་གལ་གནད་འདུ་བ། ཚིག་གི་སྤྲོས་པ་མེད་ཅིང་རྗོད་པ་ངོས་གཙང་བ་སོགས་བོད་གནའ་རབས་ཀྱི་རྩོམ་སྟངས་ཐུན་མོང་མ་ཡིན་པའི་ལམ་ལ་དྲངས་ཡོད་དོ། །