ཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསྟོད་པ་དད་གསུམ་ཆུ་སྐྱེས་འཛུམ་ཕྲེང་།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 11:04ལ་འགྲུབ།

ཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསྟོད་པ་དད་གསུམ་ཆུ་སྐྱེས་འཛུམ་ཕྲེང་།

འཇམ་དབྱངས་མཁྱེན་རྩེ་དབང་བོས་མཛད་པའི་བསྟོད་རྩོམ་འདིར། སློབ་དཔོན་པདྨ་འབྱུང་གནས་མཆོག་གི་སྤང་རྟོགས་ཀྱི་ཡོན་ཏན་མངོན་པར་རྫོགས་པར་བསྔགས་པ་དང་། འགྲོ་བའི་མོས་ངོར་མིའི་ཤ་གཟུགས་སུ་སྤྲུལ་ནས་འགྲོ་དོན་རྒྱ་ཆེར་མཛད་པ་དང་། ལྷག་པར་དུ་རང་རེ་བོད་གངས་ཅན་པར་བཀའ་དྲིན་ཤིན་ཏུ་ཆེ་ཚུལ་བརྗོད་པའི་སྡེར་བཟུང་ནས་བསྟོད་བསྔགས་མཛད་པ་ཞིག་གོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
འཇམ་དབྱངས་མཁྱེན་རྩེ་དབང་བོ།
ཡབ།
རིན་ཆེན་རྣམ་རྒྱལ།
འཁྲུངས་ཡུལ།
ཁམས་སྡེ་དགེ།
ཡུམ།
བསོད་ནམས་འཚོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1820-1892)ལོར།
1 ​མཛད་པ་པོ།

འཇམ་དབྱངས་མཁྱེན་རྩེ་དབང་བོ་ནི། ཡབ་རིན་ཆེན་རྣམ་རྒྱལ་དང་ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ལྕགས་འབྲུག(སྤྱི་ལོ1820)ལོར་ཁམས་སྡེ་དགེར་སྐུ་འཁྲུངས། གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་དུ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཐ་དག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད། གངས་ཅན་ལྗོངས་ཀྱི་མན་ངག་གང་ཡོད་ཐམས་ཅད་ཐུགས་སུ་ཆུད། འཕགས་བོད་རིས་མེད་ཀྱི་གསུང་ཆོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླག་ལུང་གསན་བཞེས་མཛད། དགུང་གྲངས་དོན་གསུམ་བཞེས་པ་རབ་བྱུང་བཅོ་ལྔ་བའི་ཆུ་འབྲུག(སྤྱི་ལོ1892)ལོར་སྐུ་མྱ་ངན་ལས་འདས། 

2 འཁོར་བུ་སློབ་བསྐྱངས་པའི་ཚུལ། 

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་གསུང་ལས་སྐྱེས་པའི་བུ་སློབ་མང་དུ་བྱུང་། 

3 གསུམ་རྩོམ།

བརྩམས་ཆོས་ལ་མདོ་སྔགས་རིག་གནས་དང་བཅས་པ་པོད་བཅུ་གསུམ་བཞུགས།

4 བརྗོད་དོན་མདོར་བསྡུས།

འདིར་སློབ་དཔོན་རིན་པོ་ཆེའི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་བཅུད་དུ་ཕྱུང་སྟེ། གནས་ལུགས་ལ་སྤང་རྟོགས་གཉིས་ཀྱི་ཡོན་ཏན་མངོན་པར་རྫོགས་པས། གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་བོའི་ངོ་བོར་གཤེགས་ཟིན་ནའང་། གང་འདུལ་འགྲོ་བའི་མོས་ངོར་གཟུགས་སྐུའི་བཀོད་པ་བསམ་མི་ཁྱབ་པར་སྤྲོ་བ་སྲས་བཅས་རྒྱལ་བ་ཡོངས་ཀྱི་ཆོས་ཉིད་དུ་གྲུབ་པ་ལྟར། ད་ལྟའི་བསྐལ་པ་བཟང་བོ་འདི་ལ། སློབ་དཔོན་ཆེན་པོས་འཛམ་གླིང་སྤྱི་དང་ཁྱད་པར་དུ་གངས་ཅན་བོད་ཀྱི་ཡུལ་དུ་འགྲོ་དོན་རྒྱ་ཆེར་མཛད་ཅིང་། བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་གྲགས་པའི་ཚུལ་ལ་ངེས་ཤེས་རྙེད་པར་མ་ཟད། སྔོན་ཚེ་གང་ཉིད་རྔ་ཡབ་སྲིན་པོའི་གླིང་དུ་འབྱོན་ཁར་གཡར་དམ་བཀའ་ལུང་གསེར་གྱི་མེ་ཏོག་ཇི་ལྟར་ཕོག་པ་དེ་ལྟར་དུ། སླད་ཀྱང་ཁ་བ་རི་བའི་བདེ་སྡུག་ལེགས་ཉེས་ཐམས་ཅད་ཐུགས་རྗེའི་ལྕགས་ཀྱུས་འདོར་བ་མེད་པར་བསྐུལ་བ་སྟེ། ལོ་རྒྱུས་དོན་གྱི་གནས་ལས་དྲངས་ཏེ་བསྔགས་པ་ཞིག་ཡིན། 

5 སྒྱུ་རྩལ་གྱི་ཁྱད་ཆོས། 

སྔ་ཕྱིའི་འབྲེལ་དང་གོ་རིམ། ཚིག་གི་སྡེབ་སྦྱོར། ཉམས་འདོན་ཐབས། གང་གིས་བསྟོད་པར་བྱ་བའི་ཆོས་ཁྱད་པར་བའི་གཞི་འགྲེམ་སྟངས་བཅས་གཞན་དང་མི་མཚུངས་པའི་རྩོམ་གྱི་ཁྱད་ཆོས་མང་དུ་སྣང་ལ། ལྷག་པར་དུ་ཟབ་མོའི་དོན་ལས་བརྩམས་ཏེ་བསྔགས་པའི་རིམ་པ་ནི། རྩོམ་པ་པོས་གྲུབ་མཐར་རང་རྐང་གི་ལྟ་བ་ཐུན་མོང་མ་ཡིན་པ་རྩལ་དུ་བཏོན་ནས་བཀོད་ཡོད་སྟབས། གོ་རྒྱུའི་གནད་ཆེན་པོ་ཡོད་པར་གསུངས།