རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ལ་མདོར་བསྡུས་པར་བསྟོད་པའི་རབ་ཏུ་བྱེད་པ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 09:54ལ་འགྲུབ།

རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ལ་མདོར་བསྡུས་པར་བསྟོད་པའི་རབ་ཏུ་བྱེད་པ།

མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་གིས་མཛད་པའི་འཇམ་དབྱངས་སྨྲ་སེང་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་རུ། འཇམ་པའི་དབྱངས་སྨྲ་བའི་སེང་གེ་ཡི་ཞིང་བཀོད་དང་འབྲེལ་ནས་ཤིས་པ་བརྗོད་ཅིང་། སྐུ་ཡི་ཁ་དོག་རྣམ་པར་སྣང་བ་ལ་མཚན་དཔེ་འོད་ཀྱིས་ཀུན་ནས་དཀྲིས་པ། གསུང་དབྱངས་ཡན་ལག་དྲུག་ཅུས་འགྲོ་བའི་ཁམས་དང་མོས་པ་ཇི་བཞིན་རྟོགས་པའི་དྲ་བ་རྣམ་པར་སེལ་བ་སོགས་འཇམ་དབྱངས་སྨྲ་བའི་སེང་གེ་ཡི་གསང་བ་གསུམ་གྱི་ཡོན་ཏན་ལ་མངོན་པར་བསྟོད་པ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
མཁས་གྲུབ་དགེ་ལེགས་དཔལ་བཟང་།
ཡབ།
བཀྲ་ཤིས་དཔལ་བཟང་།
འཁྲུངས་ཡུལ།
གཙང་ལ་སྟོད་ལྡོག་གཞུང་།
ཡུམ།
བུ་འདྲེན་རྒྱལ་མོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1385-1438)ལོར།
1 ​མཛད་པ་པོ།

མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་གཙང་ལ་སྟོད་བྱང་གི་སའི་ཆ་ལྡོག་གཞུང་དུ་ཡབ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་གླིང་སྟེ་སྤྱི་ལོ1385ལོར་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་རིག་པའི་གནས་ཀྱི་གཞུང་གང་དང་ཅི་ལ་གསན་བསམ་མཛད་རྒྱུའི་དད་བརྩོན་ཤུགས་ཆེན་པོས་དྲངས་ཏེ་ངམ་རིང་དང་ས་སྐྱ་སོགས་སུ་ཕེབས་ནས་མཁས་ཆེན་མང་བོའི་ཞབས་ལ་གཏུགས་ཏེ་མཁྱེན་རབ་ཀྱི་རྩལ་དང་ལྡན་པར་གྱུར་པས་ཀུན་གྱི་ཡིད་འཕྲོག་པར་གྱུར། མཉམ་མེད་ཙོང་ཁ་པ་ཆེན་པོ་དང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་མཁས་ཆེན་མང་བོའི་ཞབས་ལ་གཏུགས་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ལ་རྣམ་དཔྱོད་ཀྱི་འཇུག་པ་ཐོགས་པ་མེད་པར་གྱུར་པ་དང་། ཁྱད་པར་དུ་དངོས་སྟོབས་རིགས་པས་སྨྲ་ངན་སུན་འབྱིན་ཅིང་ཕོས་རྒོལ་གྱི་ལོག་རྟོག་དྲུངས་ནས་འབྱིན་པར་མཛད་པ་དང་། ལྟ་ངན་གྱི་དྲི་མ་མཐའ་དག་བསལ་བས་རྗེ་ཐམས་ཅད་མཁྱེན་པའི་དབུ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་ཆ་ཐམས་ཅད་ནས་གངས་ཅན་བོད་ནས་ཤར་རྒྱ་མཚོ་ལ་ཐུག་གི་བར་དུ་ཁྱབ་གདལ་དུ་སྤེལ་བའི་ཕྱག་རྗེས་ཁྱད་པར་ཅན་བསྐྲུན། དགུང་ལོ་ང་བཞི་བ་ས་རྟ་སྟེ་སྤྱི་ལོ1438ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

2 གསུང་རྩོམ།

གསུང་ཆོས་ལ《འགྲེལ་བ་དོན་གསལ་གྱི་རྣམ་བཤད་རྟོགས་དཀའི་སྣང་བ》དང་། 《དབུ་མའི་རྣམ་བཤད་སྟོང་ཐུན་སྐལ་བཟང་མིག་འབྱེད》དང《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》དང་། 《རྗེ་རྣམ་ཐར་ཐུན་མོང་བ་དད་པའི་འཇུག་ངོགས》དང《ཐུན་མོང་མ་ཡིན་པ་གསང་བའི་རྣམ་ཐར》དང་། 《རྣམ་ཐར་བསྟོད་པ་དད་པའི་རོལ་མཚོ》དང 《དཔལ་ལྡ་ས་གསུམ་མ》སོགས་པོད་བཅུ་དྲུག་བཞུགས།

3 འཁོར་བུ་སློབ་བསྐྱངས་པའི་ཚུལ།

གསུང་ལས་སྐྱེས་པའི་བུ་སློབ་རྣམས་ནི་ཆོས་རྗེ་བློ་གྲོས་ཆོས་སྐྱོང་དང་། ཞ་ལུ་ལེགས་པ་རྒྱལ་མཚན། ཞང་ཞུང་ཆོས་དབང་གྲགས་པ་སོགས་ཀྱིས་གཙོས་ནུབ་ཛ་ལནྡྷར་ནས་ཤར་ཕྱོགས་རྒྱ་མཚོ་ཆེན་མོ་ལ་ཐུག་གི་བར་དུ་ཁྱབ་པར་བཞུགས་སོ། །

4 བརྗོད་དོན་མདོར་བསྡུས།

འདིར་འཁོད་པའི་སྙན་ངག་གི་རབ་ཏུ་བྱེད་པ་འདི་ནི་འཇམ་དབྱངས་སྨྲ་སེང་གི་ཞིང་བཀོད་དང་འབྲེལ་བའི་ཤིས་པ་བརྗོད་ཅིང་། དེས་བསྟོད་པའི་གཞི་དྲངས་ནས། གང་གི་སྐུ་ཡི་ཁ་དོག་རྣམ་པར་སྣང་བ་ལ་མཚན་དཔེའི་འོད་ཀྱིས་ཀུན་ནས་དཀྲིས་ཤིང་། ཡན་ལག་དྲུག་ཅུ་སོགས་གསུང་དབྱངས་སྙན་པའི་གདངས་ཀྱིས་སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ། བག་ལ་ཉལ་བ་ཇི་ལྟ་བ་བཞིན་སོ་སོར་ལན་འདེབས་པ། དེས་ཀྱང་རྟོགས་པའི་དྲ་བ་རྣམ་པར་སེལ་ཞིང་། མཁྱེན་རབ་མེ་སྟག་ཕྲ་མོས་ཀྱང་སྲིད་པའི་ཚང་ཚིང་སྲེག་པའི་ཐུགས་རྒྱུད་རྣམ་པར་ཕྱུག་པ་སོགས་སྒོ་དུ་མ་ནས་འཇམ་དབྱངས་སྨྲ་བའི་སེང་གེའི་གསང་བ་གསུམ་གྱི་ཡོན་ཏན་ལ་མངོན་པར་བསྟོད་པ་དང་། སྲིད་ཞིའི་མཛེས་སྡུག་མ་ལུས་པ་གཅིག་ཏུ་བསྡུས་ཤིང་རྟག་ཏུ་ན་ཚོད་བཅུ་དྲུག་ལས་གཡོ་བ་མེད་པར་བཞུགས་པའི་སྟབས་ཀྱིས་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་དུ་གྱུར་པ། གང་གི་ཕྱག་རྒྱའི་ཚུལ་གྱིས་རོལ་བའི་དབྱངས་ཅན་མ་ལའང་སྐུའི་ཡོན་ཏན་བརྗོད་ཅིང་སྤྲུལ་གཞི་དང་འབྲེལ་བའི་སྒོ་ནས་བསྔགས་པར་མཛད་པ་དང་། མཐར་འཇམ་དབྱངས་ཡབ་ཡུམ་གྱི་ཐུགས་རྗེས་གཟིགས་ཤིང་། བདེན་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཀུན་ལ་འཇིགས་པ་མེད་པའི་བློ་གྲོས་ཀྱི་མཆོག་དམ་པ་འཐོབ་པ་སོགས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་རྣམས་ནི། རང་བཞིན་བརྗོད་པ་དང་དཔེ་རྒྱན། གཟུགས་རྒྱན། རབ་བཏགས། བསྡུས་བརྗོད། ཕུལ་བྱུང་གི་རྒྱན་སོགས་སྙན་ངག་རིན་པོ་ཆེ་དུ་མའི་རྒྱན་དང་ལྡན་པས་ཚིག་དོན་གཉིས་ཀའི་ཆ་ནས་རྨད་བྱུང་ངག་གི་བཅུད་མ་ལུས་ཡོངས་སུ་གཞིབ་པའི་རྩེ་མོར་བྱོན་ནོ། །

5 སྒྱུ་རྩལ་གྱི་ཁྱད་ཆོས།

རྗེ་འདིས་སྤེལ་བའི་སྙན་ངག་གི་གསུང་རབ་ཕལ་མོ་ཆེ་ནི་རྒྱ་གར་ཤར་བའི་ལུགས་ལྟར་སྦྱར་བས། ཁ་དམ་ཞིང་གོ་དཀའ་བ། རྔམས་ཤིང་བརྗིད་ཆགས་པ་ཚིག་སྡུད་མང་ཞིང་དོན་གྱི་གནད་འདྲིལ་བ། རྒྱ་ཆེ་ཞིང་གཏིང་ཟབ་པ་སོགས་ཁྱད་ཆོས་དུ་མས་ཕྱུག་པས། རྗེ་འདིའི་སྙན་ངག་གི་ཡ་མཚན་གཟིགས་པའི་མཁས་པ་རྣམས་ཀྱི་ང་རྒྱལ་ཆག་ཅེས་གྲགས་སོ།  ། ཉིད་ཀྱི་བཀའ་འབུམ་ལས། རབ་བྱེད་འདི་ཡང་གངས་རིའི་ཁྲོད་འདི་ན།  ། སྙན་དངགས་དབང་བོ་ཀུན་གྱི་མགོ་བོ་ལ། ། ཚིག་གི་གོམ་པ་འགོད་མཁན་དགེ་ལེགས་དཔལ།  ། བཟང་བོས་ཚིག་གི་སྦྱོར་བ་སྤངས་ཏེ་སྨྲས། །  ཞེས་གསུངས་ཤིང་། ལྷ་མོ་དབྱངས་མས་སྐུའི་སྣང་བ་བསྟེན་ཏེ། ། རྗེ་བླ་མའི་འོག་ནས་སྒྲ་སྙན་ངག་ལ་ཁྱེད་རང་མཁས་སོ། ། གཞན་ཁྱོད་ལས་ལྷག་པ་མེད། ཅེས་སོགས་གསུང་གིས་བྱིན་གྱིས་བརླབས་ཤིང་། གུང་ཐང་འཇམ་པའི་དབྱངས་ཀྱིས་ཀྱང་། མཁས་གྲུབ་རྗེའི་ཚིག་ལྷུག་རྗེ་རིན་པོ་ཆེ་དང་མི་མཉམ་ཡང་། ཚིགས་བཅད་ཕལ་ཆེར་མཉམ་ཞེས་གསུངས།