རིག་གནས་ལ་བསྟོད་པ་ཚངས་པའི་གླུ་དབྱངས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-10-31 09:14ལ་འགྲུབ།

རིག་གནས་ལ་བསྟོད་པ་ཚངས་པའི་གླུ་དབྱངས།

རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས་རང་རེ་གངས་ཅན་པའི་བཅུ་ཕྲག་རིག་པའི་གནས་དག་ལ་ཐོས་བསམ་རྒྱ་ཆེར་གནང་ཞིང་། དེའི་བྱེད་ནུས་དང་། ངོ་བོ། རིན་ཐང་སོགས་གསལ་བོར་ཐུགས་སུ་འཁྲུངས་ཤིང་། ཐུགས་དམིགས་ཁྱད་པར་བས་ཀུན་ནས་བསླངས་ཏེ་བོད་ཀྱི་རིག་པའི་གནས་ཐམས་ཅད་ལ་བསྔགས་པ་མཛད་ནས། གཞོན་རབས་པ་དག་གིས་སྙིང་རུས་ཆེན་པོས་སྦྱང་བརྩོན་ལྷོད་མེད་བྱེད་དགོས་པར་གདམས་པ་ལགས།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ།
འཁྲུངས་ཡུལ།
མདོ་ཁམས་དམུ་དགེ།
འཁྲུངས་འདུས་ལོ་ཚིགས།
སྤྱི་ལོ(1914-1993)ལོར།
1 ​མཛད་པ་པོ།

རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་བའི་ཤིང་སྟག་སྤྱི་ལོ1914ལོར་མདོ་ཁམས་དམུ་དགེར་སྐུ་འཁྲུངས། རྗེ་དཀོན་མཆོག་བསམ་གྲུབ། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་མཁས་གྲུབ་མང་བོའི་ཞབས་ལ་གཏུགས་ཏེ། མདོ་སྔགས་རིག་གནས་ཐམས་ཅད་ལ་དཔྱིས་ཕྱིན་པར་སྦྱངས་པས་མཁས་པའི་ཕ་རོལ་ཏུ་ཕྱིན། བླ་བྲང་བཀྲ་ཤིས་འཁྱིལ་དང་། དམུ་དགེ་དགོན། ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་འཆད་སྤེལ་རྒྱ་ཆེར་གནང་སྟེ། མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་བྱས་རྗེས་ཁྱད་འཕགས་བསྐྲུན། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་སོགས་བཞེས་ཏེ་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་རྒྱ་ཆེར་བསྐྱངས། རབ་བྱུང་བཅུ་བདུན་པའི་ཆུ་བྱ་སྤྱི་ལོ1993ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། གསུང་འབུམ་ལ། རྣམ་ཐར་དང་གཞུང་འགྲེལ། ལོ་རྒྱུས། རིག་གནས་བཅས་ཀྱི་སྐོར་པོད་དྲུག་བཞུགས། དམ་པ་འདིས་སྐུ་ཚེ་གང་བོར་ཐུགས་སྟོབས་ཆེན་པོས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་རྣམས་ནི། དེང་དུས་ཀྱི་བསྟན་པའི་ཞབས་འདྲེན་དང་མི་རིགས་ཀྱི་བླ་ཚོང་དུ་གྱུར་པའི་ཆེན་པོའི་ཆེན་པོར་རློམ་པ་དག་གིས་ཆའི་ཆ་ཡང་བསྒྲུན་དུ་མེད་པའི་རྣམ་ཐར་རྨད་དུ་བྱུང་བ་ལགས་སོ། །

2 བརྗོད་དོན་གནད་བསྡུས།

རིག་གནས་ཀྱི་བསྟོད་པ་འདི་ལས། གངས་ཅན་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མིའི་ཟབ་རྒྱས་མཁྱེན་རབ་ལས་འཁྲུངས་པའི་ཡི་གེ་སྒྱུ་འཕྲུལ་ལས། ལུགས་གཉིས་ཀྱི་བླང་དོར་མ་ལུས་པའི་རབ་རིབ་སེལ་བར་བྱེད་པ་ལ་འཇིག་རྟེན་དཔེ་དང་ཟླ་བོ་བྲལ་བའི་བཅུ་ཕྲག་རིག་པའི་སྣང་བའི་སྒྲོན་མེ་གངས་ཅན་རྨོངས་མུན་འཇོམས་པའི་གཉེན་པོར་ཤར་བ་ལས་དྲངས་ཏེ། ནང་གི་སེམས་ཉིད་འདུལ་བའི་རིམ་པ་གཙོ་བོར་གསུངས་ཤིང་། རིག་པའི་གནས་ཐམས་ཅད་ལས་རབ་དང་མཆོག་དང་ཕུལ་ཏུ་བྱུང་བར་འཛིན་པའི་ནང་དོན་རིག་པ་དང་། དོན་གྱི་འཁྲུལ་བ་མ་ལུས་པར་སེལ་ཞིང་རྒོལ་ངན་ཚར་གཅོད་པ་ཚད་མ་རིག་པ། ཚིག་གི་འཁྲུལ་སེལ་བར་བྱེད་ཅིང་ཤེས་བྱའི་དེ་ཉིད་མ་ལུས་པ་སྟོན་པར་བྱེད་པ་སྒྲ་རིག། འདོད་དགུ་དོན་དུ་གཉེར་བ་རྗེས་སུ་འཛིན་ཅིང་འཇིག་རྟེན་ཐམས་ཅད་དུ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བའི་གཞི་མ་བཟོ་བ་རིག་པ། ནད་མེད་པར་བདེ་བ་སྒྲུབ་པར་བྱེད་ཅིང་ན་འཆིའི་སྡུག་བསྔལ་ལས་སྐྱོབ་པས་སེམས་ཅན་ཉེར་འཚོའི་རྟེན་གཞིར་གྱུར་པ་གསོ་བ་རིག་པ། རྗོད་བྱེད་ཀྱི་ཚིག་མཛེས་ཤིང་དོན་བདེ་བླག་ཏུ་སྟོན་པ་བྱེད་པའམ་ལུས་རྒྱན་སྲོག་གསུམ་གྱི་བདག་ཉིད་ཅན་སྙན་ངག བསྟན་གཡོའི་ཆོས་ལ་མིང་གི་རྣམ་གྲངས་དུ་མ་དང་མིང་གཅིག་དོན་གྱི་རྣམ་གྲངས་དུ་མར་འཇུག་པ་མངོན་བརྗོད། ཡི་གེ་ལྕི་ཡང་དང་བྱེ་བྲག་གི་སྦྱོར་བའི་སྒོས་ནས་ཚིགས་སུ་བཅད་པའི་རིགས་རྣམས་གཙོ་བོར་བསྟན་པ་སྡེབ་སྦྱོར། སྔོན་གྱི་བྱུང་བ་དག་སྐད་རིགས་སོ་སོའི་ལམ་ནས་གླུར་བཟློས་ཤིང་གར་དུ་འཁྲབ་པ་ཟློས་གར་ཏེ། རིག་གནས་སོ་སོའི་བྱེད་ལས་དང་ངོ་བོ་རྣམས་སྙན་འཇེབས་ཚིག་གི་ཕྲེང་བར་བཀོད་པ་དང་། མཐར་སྔོན་དུས་སུ་མ་ཟད། དེང་དུས་སུའང་འཛམ་གླིང་འཛིན་མའི་ཁྱོན་ན་སྙན་གྲགས་ཀྱི་གདུགས་དཀར་བླ་ན་འཁོར་བའི་རང་རེའི་རིག་གནས་འདི་ལ་སྦྱང་བརྩོན་གྱི་སྙིང་རུས་མཆོག་ཏུ་བསྐྱེད་པ་གདམས་པའོ།  །