རྟོགས་བརྗོད་གསེར་གྱི་གར་བུ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 11:12ལ་འགྲུབ།

རྟོགས་བརྗོད་གསེར་གྱི་གར་བུ།

རྗེ་ཤར་གདོང་རིན་པོ་ཆེ་མཆོག་གིས་ཁོང་ཉིད་ཀྱི་དཔལ་ལྡན་རྩ་བའི་བླ་མ། མཁས་པའི་དབང་བོ། གྲུབ་པའི་སྐྱེས་མཆོག་སྐྱབས་རྗེ་དམ་པ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་བོ་དང་། ཐུགས་ཀྱི་སྲས་པོ་མ་ཧཱ་པཎྜི་ཏ་འཇིགས་མེད་རིགས་པའི་བློ་གྲོས་ཡབ་སྲས་གཉིས་ཀྱི་ལུང་རྟོགས་ཀྱི་ཡོན་ཏན་་རྒྱ་ཆེར་བརྗོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།
འཁྲུངས་འདས་ཀྱི་ལོ་ཚིགས།
སྤྱི་ལོ(1922-2001)ལོོར།
1 མཛད་པ་པོ། 

རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅོ་ལྔ་བའི་ཆུ་ཁྱི(སྤྱོ་ལོ1922)ལོར་བྱ་ཁྱུང་དགོན་པའི་ཉེ་འདབས་ཀྱི་གུང་ཡེ་དགོན་ཚར་ཞེས་པའི་གྲོང་སྡེར་སྐུ་འཁྲུངས། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཡབ་སྲས་སོགས་མཁས་གྲུབ་མང་བོ་ལས་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་རྒྱ་ཆེར་གནང་། དཔལ་ལྡན་བྱ་ཁྱུང་དགོན་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་སོགས་སུ་ཐུན་མོང་རིག་གནས་དང་མཚན་ཉིད། ལམ་རིམ་བློ་སྦྱོང་སོགས་ཀྱི་འཆད་སྤེལ་རྒྱ་ཆེར་བསྐྱངས། བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་སྤེལ་བར་བྱས་རྗེས་བླ་མེད་བཞག་པས་སྙན་པའི་གྲགས་པ་གངས་ལྗོངས་ཡོངས་སུ་ཁྱབ། དུས་འགྱུར་གྱིས་མ་ཉེས་ཁ་གཡོགས་ཐེབས་ཤིང་ལུས་སེམས་གཉིས་ཀའི་འོ་བརྒྱལ་ཆེན་པོ་མྱངས་ཀྱང། དམ་པའི་རང་རྟགས་མ་ཉམས་པའི་ངོ་མཚར་ལོ་རྒྱུས་མི་ཉུང་བ་ཡོད་པ་ནི་ཉིད་ཀྱི་བཀའ་ལས། སྣ་ཚོགས་ཁྲིམས་ཀྱིས་བརྫིས་ཀྱང་སྙིང་གི་དབུར། ། ཕ་ལམ་རྡོ་རྗེ་ཀ་བ་བརྟན་པོར་བཙུགས། ། ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། ། ལམ་རིམ། བློ་སྦྱོང་། རྟོགས་བརྗོད་སོགས་མཁས་པའི་ཡིད་འཕྲོག་པའི་བཀའ་རྩོམ་མང་དུ་མཛད། རྒྱ་བོད་ཀྱི་དད་ལྡན་སེར་སྐྱ་མང་བོར་དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུད་གནང་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ།  སྤྱི་ལོ2001ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

2 བརྗོད་དོན་མདོར་བསྡུས།

ད་ལྟའི་དུས་འདིར་བསྟན་པའི་དཔུང་གཉེན་ཆེན་པོ། ངེས་དོན་གྱི་མཁས་པའི་དབང་བོ། རྗེ་བླ་མ་ཤར་གདོང་རིན་པོ་ཆེ་མཆོག་གིས་མཛད་པའི་རྟགས་བརྗོད་གསེར་གྱི་གར་བུ་ཞེས་བྱ་བ་འདི་ནི། མཆོག་གི་འགྲན་ཟླ་མེད་པའི་རྩ་བའི་བླ་མ། མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་དང་། ཐུགས་སྲས་ཆེན་པོ། མ་ཧཱ་པཎྜི་ཏ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཏེ་ཁོང་ཡབ་སྲས་རྣམ་གཉིས་ཀྱི་སྐུ་ཡོན་བསྔགས་པ་བརྗོད་པའི་སྙན་རྩོམ་ཞིག་སྟེ། བརྗོད་བྱ་ནི། རྗེ་ཡབ་སྲས་རྣམ་གཉིས་ངེས་པའི་དོན་དུ་འཇམ་པའི་དབྱངས་ཡིན་ཀྱང་། སེམས་ཅན་གྱི་དོན་དུ་ཐ་མལ་བའི་རྣམ་པར་བྱོན་པ། ཤེས་བྱའི་གནས་ལ་ཞིབ་ཏུ་སྦྱངས་ཤིང་མཁས་པར་གྱུར་ཚུལ། བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་པའི་ཚུལ་ཏེ། དབུའི་མཆོད་བརྗོད་དང་མཇུག་གི་སྨོན་ཚིག་གཉིས་ཕུད་པས། གཞུང་དོན་དངོས་ནི་ས་བཅད་བཞིར་འདུ་ཞིང་། སྤྱིར་བརྗོད་བྱ་ཟབ་ཅིང་། བྱེ་བྲག་ཏུ་གོང་གི་སྒོམ་པའི་རྟོགས་པ་འཁྲུངས་ཚུལ་གྱི་སྐོར་ཕལ་ཆེར་ཞིག་སྔགས་ཀྱི་བདེ་སྟོང་སོགས་དང་འབྲེལ་བས་ཞིབ་ཏུ་རྟོགས་པ་ནི་ཤིན་ཏུ་དཀའ་འོ། ། དེ་ལྟ་བུའི་བདག་ཉིད་ཆེན་པོ་འདིའི་རྟོགས་པ་བརྗོད་གཞིར་བཟུང་ནས། གཞན་མཁས་པར་གྲགས་པ་འགའ་རེས་ཀྱང་། འགྲན་སེམས་དང་རྙེད་བཀུར་སོགས་ལ་ཆགས་པའི་དབང་གིས་འཆད་རྩོམ་གྱི་ལས་ལ་འཇུག་པ་ནི་ཉི་མའི་འོད་ལ་སྒྲོན་མེ་བཏགས་པ་ལྟར། སྨད་པའི་གནས་ཡིན་ཞེས་སྐབས་སྐབས་སུ་དགག་ཕྱོགས་ཀྱི་གསུང་འདི་འདྲའང་མི་ཉུང་ཙམ་སྣང་བ་ནི་ཞར་བྱུང་གི་སྐོར་རོ། ། 

3 སྒྱུ་རྩལ་གྱི་ཁྱད་ཆོས། 

རྗོད་བྱེད་ནི། སྤྱིར་རྒྱ་གར་ཤར་ཕྱོགས་སྙན་ངག་མཁན་ལུགས་ཀྱི་བརྗིད་པའི་རྩོམ་རིག་གི་ཉམས་འགྱུར་ཅན་དུ་སྣང་མོད། འོན་ཀྱང་བརྗོད་ཚུལ་ནི་དེ་ལྟ་མ་ཡིན་པར་ཁ་གསལ་བས་ལྷོ་བའི་རྩོམ་གྱི་ཉམས་འགྱུར་དང་ཡང་ལྡན་སྟབས་ལྷོ་ཤར་ཟུང་གི་རྩོམ་ཉམས་འདྲེས་མར་འདུག་ལ། མངོན་བརྗོད་དང་བརྡ་རྙིང་སྐོར་གྱིས་སྤུད་པ་མེད་པས་ཐད་ཀར་གོ་ནུས་ཤིང་། མགོ་མཇུག་བར་གསུམ་གྱི་སྐབས་གང་དུའང་འགལ་ཟློས་འབྲེལ་མེད་ཀྱི་སྐྱོན་མེད་པར་འབྲེལ་ཆགས། སྡེབ་པའི་ལྷུ་བདེ་ཞིང་གཙང་ལ་གྲིམ་ཆ་ལྡན་པས་སུས་ཀྱང་སུན་སྣང་མེད་པར་བལྟ་བར་འདོད་དེ། ད་དུང་རྣམ་པ་གཞན་དུ་ཀློག་པ་པོ་ཆོས་དད་ཅན་ཞིག་ཡིན་ན། དེའི་ཡིད་ངང་ངམ་ཤུགས་ཀྱིས་ཆོས་ཕྱོགས་སུ་འགྱུར་ནུས་པའི་སྒྱུ་རྩལ་གྱི་རང་བཞིན་ཡང་ཆེས་ཤིན་ཏུ་ལྡན་པས་ན་རྩོམ་པ་ཕུལ་ཏུ་བྱུང་བ་ཞིག་ཡིན་ནོ། །