ཤིང་བཟའ་པཎྜི་ཏའི་རྣམ་ཐར།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 10:10ལ་འགྲུབ།

ཤིང་བཟའ་པཎྜི་ཏའི་རྣམ་ཐར།

འདིར་འཁོད་པའི་ཤིང་བཟའ་པཎྜི་ཏའི་རྣམ་ཐར་གྱི་དུམ་བུ་འདི་ལས། ཆོས་རྗེ་པཎྜི་ཏ་གང་ཉིད་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་ཡས་པ་ཐོས་བསམ་སྒོམ་པས་ཚུལ་བཞིན་ཉམས་སུ་བཞེས་པའི་ཚུལ་ཇི་ལྟ་བ་བཞིན་དུ་བཀོད་ཡོད་དོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ།
ཡབ།
པཎ་སྨུག
ཡུམ།
མ་གཅིག
འཁྲུངས་འདས་ཀྱི་ལོ་ཚིགས།
སྤྱི་ལོ(1852-1912)ལོར།
1 ​མཛད་པ་པོ།

ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། མཚོ་སྔོན་མདའ་བཞིར་ཡབ་པཎ་སྨུག་དང་ཡུམ་མ་གཅིག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ཆུ་བྱི(སྤྱི་ལོ1852)ལོར་སྐུ་བལྟམས། རྗེ་ཤེས་རབ་རྒྱ་མཚོ་སོགས་མཁས་པའི་དབང་བོ་བཅུ་ཕྲག་དུ་མའི་ཞབས་པད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་རིག་པ་མཐའ་ཡས་པར་སྦྱངས་པ་མཐར་ཕྱིན་གནང་ཞིང་མཁས་པའི་ཕ་རོལ་ཏུ་ཕྱིན། དབེན་གནས་དུ་མར་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཏེ་ས་ལམ་གྱི་རྟོགས་པ་མཐའ་ཡས་པ་མངོན་དུ་བྱས་པ་དང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་རྒྱུན་རྣམ་དག་དང་རིག་གནས་ཀྱི་ལྗགས་བཤད་ཀྱང་མང་དུ་སྤེལ་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དགུང་ལོ་རེ་གཅིག་པ་རབ་བྱུང་བཅོ་ལྔ་བའི་ཆུ་བྱི(སྤྱི་ལོ1912)ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

2 འཁོར་བུ་སློབ་བསྐྱངས་པའི་ཚུལ།

གནས་ལྔ་རིག་པའི་པཎྜི་ཏ་དབྱངས་ལྡན་སྙེམས་པའི་བློ་གྲོས་དང་། ཡོངས་འཛིན་བློ་བཟང་དཔལ་བ། ཁ་སྒང་འཕྲིན་ལས་རྒྱ་མཚོ། བིས་མདོ་འཇམ་དབྱངས་གྲགས་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་མང་དུ་བསྐྱངས་པའོ། །

3 གསུང་རྩོམ།

《ལམ་རིམ་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད》དང《སྙན་ངག་མེ་ལོང་གི་དཔེར་བརྗོད་བདུད་རྩིའི་མཆོད་ཡོན》དང་། 《དྲང་ངེས་ཟིན་བྲིས》དང《ཤིང་བཟའ་པཎྜི་ཏའི་རྣམ་ཐར》སོགས་པོད་དགུ་བཞུགས།

4 བརྗོད་དོན་གནད་བསྡུས།

འདིར་འཁོད་པའི་ཤིང་བཟའ་པཎྜི་ཏའི་རྣམ་ཐར་གྱི་དུམ་བུ་འདི་ལས། ཆོས་རྗེ་པཎྜི་ཏ་གང་ཉིད་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་ཡས་པ་ཐོས་བསམ་སྒོམ་པས་ཚུལ་བཞིན་ཉམས་སུ་བཞེས་པས། གཙུག་ལག་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་པཎྜི་ཏ་དང་རྣལ་འབྱོར་བའི་གོ་འཕང་མཐོན་པར་གཤེགས་ཤིང་། གདན་ས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཞེས་མཁས་པ་མང་བོ་འདུ་བའི་ཆོས་སྡེ་ཆེན་པོ་གང་གི་འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི་ལ་ཞབས་སེན་འདབ་རྒྱའི་ཕྲེང་བ་ཉེ་བར་བཀོད་དེ། བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་དགོངས་དོན་མཐའ་དག་དྲི་མ་མེད་པའི་ལུང་དང་རིགས་པའི་ལམ་ནས་འཆད་སྤེལ་རྒྱ་ཆེར་གནང་བའི་མཐུ་ལས་ལུང་རྟོགས་བཤད་སྒྲུབ་ཀྱི་ཆོས་སྤྱོད་དབྱར་མཚོ་ལྟར་རྒྱས་པར་མཛད་པ་སོགས་རྣམ་ཐར་གྱི་འགངས་ལས་བརྩམས་པ་དང་། མཛོད་དགེ་གཙོས་ཡུལ་གྲུ་མང་བོ་ཞབས་ཀྱིས་བཅགས་ཏེ་དབང་ལུང་མན་ངག་གི་ཆོས་ཆར་ཕངས་མེད་ཕབ་སྟེ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་སྒྲུབ་པ་རྣམས་ནི་སྙན་ངག་གི་བཅུད་རྫོགས་པའི་ཚིག་སྦྱོར་རྨད་དུ་བྱུང་བའི་ལམ་ནས་གནད་ཐིངས་པར་བརྗོད་ཡོད་པས། སྐལ་ལྡན་ཀྱི་མིག་ཡིད་རྣ་བའི་གསོས་སུ་འགྱུར་བར་གདོན་མི་ཟའོ། །

5 རྗེ་མཆོག་གི་བཀའ་རྩོམ་ཁྱད་ཆོས།

རྗེ་འདིས་བཀའ་རྩོམ་གང་གནང་ཐམས་ཅད་བརྗོད་བྱའི་དོན་བརླིང་ཡང་གོ་སླ་བ། རྗོད་བྱེད་ཚིག་སྙན་ངག་གི་རྒྱན་གྱིས་སྤྲས་པས་གུ་ཡངས་པ། ཚིག་སྦྱོར་འབྲེལ་ཆགས་ཤིང་བརྗོད་བྱའི་གནད་ལ་གཞོལ་བ། ཚིག་གོང་འོག་མི་ཟློས་ཤིང་ཕྱི་མ་སྔ་མའི་སྒྲུབ་བྱེད་དུ་འགྲོ་བ། ཁྱད་པར་ལམ་ཁྲིད་སོགས་མདོ་རྒྱུད་ལུང་དང་འབྲེལ་ཞིང་ལག་ཏུ་བླང་བདེ་བ། དོན་གོ་སླ་ཞིང་སེམས་ལ་ཕན་པ། དམ་པའི་མན་ངག་གིས་བརྒྱན་ཅིང་ཉམས་མྱོང་གི་གསུང་དུ་སྣང་བས་སྐྱོང་བདེ་ཞིང་རྒྱུད་འཁུལ་བ་སོགས་ཁྱད་ཆོས་བསམ་བརྗོད་ལས་འདས་པའི་ཚུལ་གཟུ་བོར་གནས་ཤིང་བློ་གྲོས་ཀྱི་ནོར་དང་ལྡན་པ་རྣམས་ཀྱིས་མཇལ་བ་ཙམ་གྱིས་ཤེས་ནུས་སོ། །