དཔལ་ལྡན་ཟླ་བ་གྲགས་པར་བསྟོད་པ་བུང་བའི་སྒྲ་དབྱངས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-10-31 09:08ལ་འགྲུབ།

དཔལ་ལྡན་ཟླ་བ་གྲགས་པར་བསྟོད་པ་བུང་བའི་སྒྲ་དབྱངས།

བོ་དོང་འཇིགས་མེད་གྲགས་པ་མཆོག་གིས་བསྟོད་པ་འདིར་འཛམ་གླིང་མཁས་པའི་གཙུག་རྒྱན་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་པར་ཐར་བའི་འགངས་གཅིག་ཏུ་བསྡུས་ཏེ་གསལ་བར་བཀོད་ཡོད་དོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
བོ་དོང་འཇིགས་མེད་གྲགས་པ།
ཡབ།
སྟོན་པ་ཆོས་དབྱིངས་རྒྱལ་མཚན།
འཁྲུངས་འདས།
སྤྱི་ལོ1376ལོ-སྤྱི་ལོ1451ལོར།
ཡུམ།
བྱང་ཆུབ་སྒྲོན།
1 མཛད་པ་པོ།

བོ་དོང་འཇིགས་མེད་གྲགས་པ་དཔལ་བཟང་བོ་ནི། གཙང་གི་དབྱུག་གུ་ཞེས་པའི་སར། ཡབ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ། རབ་བྱུང་དྲུག་པའི་མེ་ཕོ་འབྲུག་སྤྱི་ལོ1376ལོར་སྐུ་བལྟམས། ལོ་ཆེན་གྲགས་པ། ཆོས་རྡོ་རྗེ། མཁན་ཆེན་གྲགས་པ་རྒྱལ་མཚན་སོགས་བླ་མ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད། བཀའ་རྩོམ་མང་དུ་མཛད་ཅིང་དེང་དུས་ཕྱི་རྒྱལ་དུ་པར་སྐྲུན་བྱས་པའང་པོ་ཏི་ཆིག་བརྒྱ་སོ་བདུན་བཞུགས། བརྩམས་ཆོས་ཁོང་ལས་མང་བ་འཛམ་གླིང་ན་བྱུང་མ་མྱོང་བར་མཁས་རྣམས་ཞལ་གྱིས་བཞེས། བྱང་བ་རྣམ་རྒྱལ་གྲགས་བཟང་། དཀའ་བཅུ་བ་དཔལ་ལྡན་བཟང་བོ་སོགས་གསུང་ལས་སྐྱེས་པའི་བུ་སློབ་མང་དུ་བྱུང་། དགུང་ལོ་དོན་དྲུག་པ་རབ་བྱུང་བརྒྱད་པའི་ལྕགས་མོ་ལུག་སྤྱི་ལོ1451ལོར་སྐུ་གཤེགས།

2 བརྗོད་དོན་མདོར་བསྡུས།

བསྟོད་པ་འདིའི་ནང་འཛམ་གླིང་མཁས་པའི་གཙུག་རྒྱན་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་པར་ཐར་བའི་འགངས་གཅིག་ཏུ་བསྡུས་ཏེ་གསལ་བར་བཀོད། ཁྱད་པར་དུ་ཁོང་གི་མཁས་ཤིང་གྲུབ་པའི་ཡོན་ཏན་ཁོལ་ཕྱུང་དུ་བཏོན་ནས་བསྔགས་པ་མཛད། ཇི་སྐད་དུ། མཁས་པ་ཉི་མ་གྲངས་མེད་ཤར་གྱུར་ཀྱང་། ། ཁྱོ་མ་ཤར་ན་མེ་ཁྱེར་ཁོ་ན་ཙམ། ། ཕལ་ཆེར་རྟོག་པས་སྦྱར་བའི་དོན་ཙམ་ལ། ། མཁས་པར་ཟད་ཀྱི་ཟབ་རྒྱས་དོན་ལ་མིན། ། ཞེས་ཤེས་བྱ་ཀུན་གྱི་གནས་ལུགས་རྗེན་པར་སྟོན་པ་ལ་ཁྱོད་ཉིད་ཁོ་ན་ཁྱད་པར་དུ་འཕགས་པ་དང་། ཚུལ་དེས་ཁོང་ཉིད་ཀྱིས་དཔལ་ལྡན་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་ལམ་སྲོལ་ཡངས་པོར་ཕྱེ་བ་གོ་ཞིང་། སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུས་ཀྱང་ཁོང་ཉིད་ཕྱོགས་སྔར་བླངས་ནས་འགོག་དགོངས་འདུག་ཀྱང་མཚན་བཟུང་སྟེ་བཀག་པ་མེད། དེ་ཡང་ཁོང་གི་རིགས་པ་རྣམས་གནས་ལུགས་སུ་སོང་བའི་རྒྱུ་མཚན་གྱིས་སོ། ། བསྟན་པའི་སྙིང་བོ་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཚིག་གསལ་དང་། བསྟན་པའི་ཡང་སྙིང་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་བ་སྒྲོན་གསལ་གཉིས་བརྩམས་ཏེ། ཀུན་གྱིས་གནམ་ན་ཉི་ཟླ་རྣམ་གཉིས། ས་ན་གསལ་བ་རྣམ་གཉིས་ཞེས་བསྔགས་པར་གྱུར། ཡང་དུ་རུ་ཁའི་དམག་གིས་དགོན་སྡེ་བསྣུབ་འདོད་པ་ལ། རྡེའི་སེང་གེ་འབུམ་ཚོགས་སྤྲུལ་ཏེ་ཕམ་པར་མཛད་པ་དང་། རི་མོ་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་ནས་འདུས་པ་རྒྱ་མཚོར་བསྙེན་བཀུར་བསྒྲུབས་པ་དང་། མཚན་འཛིན་གྱིས་བཅིངས་པའི་སྐྱེ་བོ་རྣམས་ལ་བདེན་ཞེན་འགོག་པའི་ཚུལ་བསྟན་པ་སོགས་གྲུབ་ཐོབ་ཀུན་གྱི་རྒྱལ་བོ་ལ་བསྔགས་པར་བྱས་ཡོད། 

3 སྒྱུ་རྩལ་གྱི་ཁྱད་ཆོས།

རྩོམ་སྟངས་ཀྱི་ཆ་ནས་ཚིག་སྦྱོར་རྨད་དུ་བྱུང་ཞིང་ངོ་མཚར་བའི་རྒྱན་གྱིས་བཅིངས་པ། བློ་རབ་འབྲིང་ཐ་གསུམ་སུས་ཀྱང་གོ་སླ་བ་ནི་འདིའི་ཐུན་མིན་གྱི་ཁྱད་ཆོས་སུ་འདུག་གོ །