གསུང་མགུར་ཤར་གངས་རི་མ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-10-31 09:21ལ་འགྲུབ།

གསུང་མགུར་ཤར་གངས་རི་མ།

གསུང་མགུར་གངས་རི་མ་འདི་ནི་རྒྱལ་བ་དགེ་འདུན་གྲུབ་དཔལ་བཟང་བོ་ལགས་ཀྱིས་རང་ལ་བཀའ་དྲིན་གསུམ་ལྡན་གྱི་ཡབ་རྗེ་བླ་མ་ཙོང་ཁ་པ་མཆོག་དྲན་པའི་ཡིད་ཀྱི་འགྱུར་བ་དྲག་པོས་ཐོལ་བྱུང་དུ་གསུངས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
རྒྱལ་བ་དགེ་འདུན་གྲུབ།
ཡབ།
མགོན་པོ་རྡོ་རྗེ།
འཁྲུངས་འདས།
སྤྱི་ལོ1391ལོ-སྤྱི་ལོ1474ལོར།
ཡུམ།
ཇོ་མོ་གནམ་སྐྱིད།
1 མཛད་པ་པོ།

རྒྱལ་བ་དགེ་འདུན་གྲུབ་ནི། གཙང་ཕྱོགས་གུར་མ་ཞེས་བྱ་བའི་ཡུལ་དུ་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་ཇོ་མོ་གནམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་ལུག་སྤྱི་ལོ1391ལོར་སྐུ་འཁྲུངས། རྗེ་ཡབ་སྲས་གསུམ་དང་། དམར་སྟོན་ཡབ་སྲས། པཎ་ཆེན་སཾ་གྷ་ཤྲཱི་སོགས་ལས་ཟབ་ཆོས་མང་དུ་གསན། དགུང་གྲངས་ང་གཅིག་པར་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ཕྱག་འདེབས་མཛད་པ་དང་དེར་གཞི་ཕབ་སྟེ་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར། རྗེ་བླ་མ་འདི་ཉིད་ཀྱིས་སྐུ་ཚེ་ཧྲིལ་བོར་འདུལ་ཁྲིམས་རྣམ་པ་དག་པ་གཞིར་བཟུང་། གཞི་གསུམ་གྱི་ཕྱག་ལེན་མ་ཉམས་འི་ངང་ནས་བཤད་ཉན། རྟེན་བཞེངས། མཆོད་པ། ཉམས་བཞེས། གསུང་རབ་ཀྱི་རྩོམ་པ་སོགས་ཀྱིས་དུས་འདའ་བར་བྱས། དགུང་གྲངས་གྱ་བཞིར་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ1474ལོའི་རྒྱལ་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཐོ་རངས་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་མཛད་དེ་ཐམས་ཅད་སྟོང་བ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དོ། །

2 གསུང་རྩོམ།

《འདུལ་བའི་གླེང་འབུང་ཆེན་མོ》དང 《ཚད་མའི་བསྟན་བཅོས་ཆེན་པོ་རིགས་ཀྱི་རྒྱན》 དང་། 《མདོ་རྩ》དང《སོ་ཐར》དང་།  《རྣམ་འགྲེལ》དང《རྩ་ཤེས》 དང་།《འཇུག་པ་རྣམས་ཀྱི་ཊཱིཀྐ》དང 《སྨོན་ལམ》སོགས་པོད་དྲུག་ཙམ་བཞུགས།

3 བརྗོད་དོན་མདོར་བསྟན།

སྐུ་ཉིད་ཀྱིས་གཙང་གི་ཕྱོགས་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཕྱོགས་ན་བཞུགས་པའི་ཕ་བློ་བཟང་གྲགས་པ་མཆོག་དྲན་པའི་ཡིད་ཀྱི་འགྱུར་བ་དྲག་པོས་ཐོལ་བྱུང་དུ་གསུངས་པ་ཞིག་སྟེ། བོད་ཁ་བ་ཅན་གྱི་སྐལ་བ་དང་ལྡན་པའི་གདུལ་བྱ་སྤྱི་ལ། བཀའ་དྲིན་འཁོར་མེད་ཀྱི་བླ་མ་དམ་པ་རྗེ་བློ་བཟང་གྲགས་པའི་གདུལ་བྱ་སྤྱི་ལ། དྲིན་བསམ་གྱིས་མི་ཁྱབ་ཅིང་། སྒོས་སུ་རྗེ་དགེ་འདུན་གྲུབ་བདག་གི་བློ་སྣ་ཆོས་ལ་ཕྱོགས་པ་འདི་ནི་རྗེ་བློ་བཟང་གྲགས་པ་ཡབ་སྲས་ཀྱི་ཐུགས་རྗེ་ཡིན་ལ། དུས་ན་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་པའི་བར་དུ་སྐྱབས་གཞན་འཚོལ་ས་མེད་པས། རྗེ་ཡབ་སྲས་ཁྱེད་རྣམས་ཀྱི་ཐུགས་བརྩེ་བ་ཆེན་པོའི་ལྕགས་ཀྱུས་དྲངས་དུ་གསོལ་ཞེས་སྐྱབས་བཅོལ་མཛད་པ་དང་། སེམས་ཉིད་ཆགས་སྡང་གི་དབང་དུ་མ་སོང་བར། དྲི་མེད་འཕྲུལ་བྲལ་གྱི་ཞྭ་སེར་བསྟན་པའི་རིང་ལུགས་འཛིན་པར་ནང་ཡང་བརྩོན་པ་བགྱིད་པར་སྨོན་ལམ་བཏབ་སྟེ། སྐབས་དེར་གངས་རིའི་ལྗོངས་སུ་རང་གཞན་གྲུབ་མཐའི་ཕྱོགས་ཞེན་དང་འཆད་ཉན་རྣམ་དག་མི་བྱེད་ཅིང་། བསྟན་པ་མཛེས་པའི་རྒྱན་དུ་མི་འགྲོ་བར་འཇིག་རྟེན་ལུགས་ཀྱི་ཤགས་འགྱེད་ལྟ་བུ་བྱེད་པ་སོགས་ནི་ཐུགས་སྐྱོ་བའི་གནས་ཡིན་པས། མི་ཁོ་བོ་སྟེ་རྗེ་དགེ་འདུན་གྲུབ་རང་ལུགས་འཛིན་པའི་རྗེས་འཇུག་རྣམས་ཕྱོགས་ལྷུང་དང་བྲལ་བའི་བློ་གཟུ་བོས་ལམ་དྲང་པོར་ཞུགས་དགོས་ཤིང་། འགྲོ་བ་རྣམས་བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་། རྟོགས་པའི་སྤྲོས་པ་བྲལ་བའི་ལྟ་བ་འཁྲུངས་ཏེ་བླ་མེད་བྱང་ཆུབ་མྱུར་དུ་འཐོབ་པའི་ཐུགས་སྨོན་མཛད་ཡོད་དོ།  །

4 སྒྱུ་རྩལ་གྱི་ཁྱད་ཆོས།

གསུང་མགུར་གངས་རི་མ་འདི་མགུར་གླུ་ཕྱི་དར་སྐབས་ཀྱི་བརྩམས་ཆོས་ཤིག་ཡིན་ལ། སྐབས་དེའི་མགུར་གླུ་མང་པོའི་བརྗོད་བྱ་ཟབ་མོ་ཆོས་ལ་སྦྱར་ནས་གསུང་མཁན་ཉིད་ཀྱི་ཉམས་རྟོགས་ཀྱི་ཡོན་ཏན་དང་སེམས་ཀྱི་འཆར་སྒོ། ཡིད་ཀྱི་སེམས་འགྱུ་སྣ་ཚོགས་མངོན་པར་མཚོན་པ་ཞིག་ཡིན། དེས་ན་གསུང་འདི་སྐབས་དེའི་མགུར་གླུ་སྤྱི་དང་འདྲ་བར་ཁྱད་ཆོས་འདི་དག་ལྡན་ནོ། །

4_1 གཅིག   ཟབ་མོ་ཆོས་ལ་སྦྱར་བའི་བརྗོད་བྱ།

1. ལམ་རིམ་པ་གཉིས་ཀྱི་ཆོས་ཀྱིས་སྐལ་ལྡན་དྲིན་གྱིས་བསྐྱངས་པར་བསྟན་པ། དཔེར་ན། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས། ། ཆོས་ཟབ་མོ་ཤིན་ཏུ་རྒྱས་པར་གསུངས། ། བོད་ཁ་བ་ཅན་གྱི་སྐལ་ལྡན་ལ། ། མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ།  །ཅེས་པ་དང་། ལས་སྙོམས་ལས་འཛིན་པའི་དགེ་འདུན་གྲུབ།  ། བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི། ། རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཡིན།  ། དྲིན་ཆེ་བར་ངེས་སོ་ཡབ་སྲས་རྣམས།  ། ཞེས་རྗེ་ཡབ་སྲས་རྣམས་ཀྱི་སྤྱིར་བོད་གངས་ཅན་གྱི་འགྲོ་བ་སྤྱི་ལ་བཀའ་དྲིན་ཆེ་བ་མ་ཟད། སྒོས་སུ་ཁོ་བོ་དགེ་འདུན་གྲུབ་ལ་སྐུ་དྲིན་ཆེ་བའི་ཚུལ་རྣམས་ཉམས་རྟོགས་ཀྱི་ཡོན་ཏན་རྒྱུད་ལ་འཁྲུངས་ཏེ། དྲིན་ཆེ་བ་སེམས་ཀྱི་གཏིང་ནས་ངེས་ཤེས་འདྲོངས་པར་བསྟན་ཡོད་པ་ལྟ་བུའོ།  ། 2. བསྟན་འཛིན་གྱི་སྐྱེས་བུར་ཁས་ཆེ་ནས་བསྟན་པའི་ཞབས་འདེགས་རྣལ་མར་མི་འགྲོ་བའི་སྤྱོད་ཚུལ་ལ་ཡིད་སྐྱོ་བར་བསྟན་པ། དཔེར་ན། ལར་ད་ལྟ་གངས་རིའི་ཁྲོད་འདི་ན།  ། རང་བསྟན་པ་འཛིན་པར་ཁས་ལེན་ཞིང་།  ། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། ། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།  །ཞེས་དང་། གཞན་ཕུང་བར་འདོད་པའི་ཀུན་སློང་དང་།  ། རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང་།  ། ལམ་མཐོན་པོར་གནས་པའི་ཁས་ལེན་བྱེད། ། འདི་བརྟག་ན་ཀུན་གྱིས་ཁྲེལ་བའི་རྒྱུ།  ། ཞེས་པ་ལྟ་བུའོ།  ། 3. བསྟན་འཛིན་རྣམས་ཀྱིས་ནང་དགྲ་མ་ཐུལ་བར་ཕྱི་དགྲར་སྡང་ཚུལ་ལ་སུན་འབྱིན་བྱེད་པ། དཔེར་ན། དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར།  ། གཤགས་འགྱོད་པ་ཙམ་གྱི་འཆད་ཉན་ཡང་། ། འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ན། ། གླུད་ནུབ་སྒོར་སྐྱེལ་བཞིན་དོན་རེ་ཆུང་། ། ཞེས་པ་ལྟར་རོ། །

4_2 གཉིས། རྩོམ་སྟངས་ལ་གུ་ཡངས་པའི་ཁྱད་ཆོས་ལྡན་པ།

སྤྱི་མགུར་གླུ་མང་ཆེ་བའི་བརྗོད་བྱ་ཟབ་ཆོས་དང་རྗོད་བྱེད་ཆོས་ཀྱི་ཐ་སྙད་སྦྱར་ཞིང་། ཚེག་བར་བརྒྱད་མ་ཤས་ཆེ་བ་དང་དེ་ཡང་བརྗོད་བདེ་ཁོ་ནར་ལྟ་ཞིང་། ཚིགས་སུ་བཅད་པའི་ཤོ་ལོ་ཀའི་ཚེག་བར་ལ་གཞན་ལས་རང་དབང་ཆེ་བ། མགུར་གླུ་སྔ་མ་དག་དང་བསྡུར་ན་ཅུང་ངེས་སྲོལ་ཅན་དུ་གྱུར་ཡོད་དོ།  །

4_3 གསུམ། ཚོར་འདུ་ཤུགས་དྲག་པ།

གསུང་མགུར་འདི་ལས་རྗེས་དྲན་གྱི་གདུང་དབྱངས་མངོན་པར་མཚོན་ཡོད་པ་མ་ཟད། ཤར་གངས་རིའི་རྩེ་རུ་ལང་ལོང་རྒྱུ་བའི་སྤྲིན་དཀར་གྱི་ཕུང་པོ་མཐོང་བའི་མོད་ལ། རང་ལ་ཟབ་ཆོས་ཀྱི་བདུད་རྩི་ཅི་དགར་འབོགས་པའི་དྲིན་ཆེན་གྱི་བླ་མ་སྙིང་དབུས་སུ་འགོག་མེད་དུ་འཆར་བའི་བརྒྱུད་དེ། བླ་མ་གང་གི་བཀའ་དྲིན་དྲན་པའི་གདུང་བ་ཤར་མར་ངག་ལ་གྱེར་ནས་ཚོར་འདུ་དྲག་པོ་ལ་བརྒྱུས་པ་དཔེར་ན། ཤར་གངས་རི་དཀར་པོའི་རྩེ་མོ་ནས། ། སྤྲིན་དཀར་པོ་དགུང་ལ་བསྙེག་འདྲ་པོ། ། དེ་མཐོང་བའི་མོད་ལ་བླ་མ་དྲན། ། དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེས།  ། སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན། ། འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར། ། མཚན་བརྗོད་པར་དཀའ་བའི་རིན་པོ་ཆེ། ། ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས། ། ཞེས་པ་ལྟར་རོ།  །