སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ལྷའི་གླུ་དབྱངས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-10-31 09:51ལ་འགྲུབ།

སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ལྷའི་གླུ་དབྱངས།

བསྟོད་པ་འདིར་པཎ་ཆེན་བློ་བཟང་ཆོས་རྒྱན་དཔལ་བཟང་པོ་དགུང་གྲངས་བཅུ་བཞིར་བཞེས་དུས། མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་དབྱངས་ཅན་དཀར་མོའི་རྗེས་གནང་ཞུས་ཏེ། ཚུལ་ཇི་བཞིན་དུ་གཟིགས་པར་དེ་ལྟར་དུ་བརྗོད་བྱར་བཟུང་སྟེ་བསྟོད་པའི་སྡེར་དྲངས་པ་ཞིག་གོ །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
པཎ་ཆེན་བློ་བཟང་ཆོས་རྒྱན།
ཡབ།
ཚེ་རིང་དཔལ་འབྱོར།
འཁྲུངས་འདས།
སྤྱི་ལོ1567ལོ-སྤྱི་ལོ1662ལོར།
ཡུམ།
མཚོ་རྒྱལ།
1 མཛད་པ་པོ།

པཎ་ཆེན་བློ་བཟང་ཆོས་རྒྱན་ནི། རབ་བྱུང་བཅུ་བའི་ལྕགས་རྟ་སྤྱི་ལོ1567ལོར་གཙང་ལྷུན་དྲུག་རྒྱ་བའི་སྤེའུ་ཞེས་པའི་ཡུལ་དུ་ཡབ་ཚེ་རིང་དཔལ་འབྱོར་དང་ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བཀྲ་ཤིས་ལྷུན་པོ་དང་དགའ་ལྡན་དུ་སློབ་དཔོན་མཁྱེན་རབ་དབང་ཕྱུག་དང་རྗེ་བཙུན་ནམ་མཁའ་རྒྱལ་མཚན་སོགས་ལས་མདོ་སྔགས་ཀྱི་གཞུང་ཅི་རིགས་གསན། ལྕགས་གླང་ལོར་བཀྲ་ཤིས་ལྷུན་པོའི་ཁྲིར་བཞུགས། མེ་སྦྲུལ་ལོར་སེ་འབྲས་གཉིས་ཀྱི་ཁྲིར་ཕེབས། ཤིང་སྤྲེལ་ལོར་སེ་ཆེན་ཆོས་རྗེ་རྒྱ་ནག་ཏུ་ཆེད་གཏོང་མཛད་ནས། ཆིང་རྒྱལ་རབས་ཀྱི་གོང་མ་དང་དགེ་ལུགས་པའི་བར་མཆོད་ཡོན་གྱི་འབྲེལ་བ་ཐོག་མར་ཆགས། རྗེ་འདིས་ལོ་དྲུག་ཅུ་ལྷག་ཙམ་གྱི་རིང་དབུས་གཙང་མངའ་རིས། མདོ་སྟོད་མདོ་སྨད། ལྷོ་མོན། རྒྱ་ནག  ཁལ་ཁ ཨོ་རོད་ཀྱི་བླ་དཔོན་ཆེ་དགུ་མཐའ་དག་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས། རྗེ་རིན་པོ་ཆེའི་ལུགས་བཟང་བསྲེ་བསླད་མེད་པར་འཛིན་ཅིང་སྤེལ་བ་ལ་རྗེ་རིན་པོ་ཆེ་རང་ཉིད་སླར་བྱོན་པ་ལྟ་བུར་གྱུར། གསུང་རྩོམ་ལ་གསང་འདུས་རིམ་ལྔའི་ཊཱིཀྐ་དང་། བླ་མཆོད་ཕྱག་ཆེན་རྩ་འགྲེལ་སོགས་པོད་ལྔ་བཞུགས། དགུང་གྲངས་གོ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྟག་སྤྱི་ལོ1662ལོར་གཟུགས་སྐུའི་བཀོད་པ་བསྡུས།

2 བུ་སློབ་བསྐྱངས་པའི་ཚུལ།

ཀུན་གཟིགས་ལྔ་བ་ཆེན་མོ་དང་། གྲུབ་པའི་དབང་ཕྱུག་བརྩོན་འགྲུས་རྒྱལ་མཚན། གུ་གེ་ཆོས་རྗེ་སྙིང་སྟོབས་རྒྱ་མཚོ་སོགས་བསྟན་འཛིན་དམ་པ་ཆེས་མང་དུ་བསྐྱངས།

3 རྩོམ་རྐྱེན།

སྒྲ་དབྱངས་ལྷ་མོའི་བསྟོད་པ་འདི་ནི། པཎ་ཆེན་བློ་བཟང་ཆོས་རྒྱན་དགུང་གྲངས་བཅུ་བཞིར་ཕེབས་པ་རབ་བྱུང་བཅུ་བའི་ཆུ་མོ་ལུག་གི་ལོའི་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་དབྱངས་ཅན་མ་དཀར་མོའི་རྗེས་གནང་ཞུས་ཏེ་ཚེས་བཅུ་ནས་དབྱངས་ཅན་མའི་བསྙེན་པ་ཞག་བདུན་མཛད་པས་རྒྱལ་བ་ཀུན་གྱི་ཡུམ་གཅིག་སྒྲ་དབྱངས་ལྷ་མོར་གྲགས་པ་དབྱངས་ཅན་མ་དཀར་མོའི་ཞལ་གཟིགས། ཁྱད་པར་དབྱངས་ཅན་མ་དེའི་ཐུགས་ཀ་ནས་ལྷ་མོ་དབྱངས་མ་སྔོན་མོ་ཕྱག་གཉིས་རིན་པོ་ཆེའི་ཡོལ་གོ་དངོས་གྲུབ་གཟུགས་ཅན་ལྟ་བུའི་ཤིང་ཐོག་གསར་བས་བཀང་བ་འཛིན་པ་ཐོན་ཏེ་སྣོད་བཅུད་དང་བཅས་པ་གཙོ་མོ་ལ་ཕུལ་བ། གཙོ་མོའི་ཕྱག་གཡས་སུ་བཞེས་པའི་ཤིང་ཐོག་གི་འབྲུ་གཅིག་ལས་ཚངས་པའི་སྲས་མོ་དམར་མོ་གཅིག་ཐོན་བྱུང་བ་དེས་གཙོ་མོའི་ཕྱག་ནས་ཤོང་ཐོག་སྣོད་དང་བཅས་པ་བླངས་ཏེ་རྗེ་འདི་ལ་ཕུལ་བྱུང་བ་ལོངས་སྤྱད་པས་བློ་གྲོས་ནམ་མཁའ་མཛོད་ཀྱི་སྒོ་ཐོག་མར་ཕྱེ་ཞིང་བའི་ཚུལ་བསྟན། སྐུ་ཚེ་འདིར་དེ་གོང་དུ་སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་ལ་ཐུགས་སྦྱོང་མ་མཛད་ནའང་། དེ་དུས་དབྱངས་ཅན་མ་ཇི་ལྟར་གཟིགས་པ་ལྟར། ཐུན་མཚམས་ནས་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཞིག་རྩོམ་འདོད་འཁྲུངས་པ་ན། དེ་མ་ཐག་ཚིག་སྦྱོར་རྣམས་ཝལ་གྱིས་ཤར་ནས་ཐོགས་མེད་དུ་བརྩམས་པ་ཡིན་ནོ།  །

4 བརྗོད་དོན་མདོར་བསྟན།

བསྟོད་པ་འདི་ནི་དབྱངས་ཅན་མའི་སྐུ་ཇི་ལྟར་གཟིགས་པ་ལྟར་དུ་བསྟོད་པ་མཛད་པ་ཡིན་པས་འདི་ལ་དབྱངས་ཅན་མའི་བསྟོད་པ་གཟུགས་སྣང་མ་ཞེས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་སྲས་གྲུབ་ཆེན་རྣམས་མཐུན་པར་གསུང་ངོ་ཞེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་གསུངས་སོ།  །