བོད་ཡུལ་ལ་བསྔགས་པ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-10-31 10:15ལ་འགྲུབ།

བོད་ཡུལ་ལ་བསྔགས་པ།

ས་སྐྱ་པཎྜི་ཏ་མཆོག་གིས་བསྟོད་པ་འདི་རུ་རང་རེ་གངས་ཅན་གྱི་སྣོད་ཀྱི་བཀོད་པའི་ཡོན་ཏན་མ་ལུས་པར་བསྔགས་བརྗོད་ཀྱིས། བླང་དོར་གྱི་གནས་ལ་འཇུག་པ་ཡངས་པའི་དམ་པ་རྣམས་ཀྱི་གསུང་གསུམ་འཁོར་ལོ་རྟག་ཏུ་རྒྱུ་བ་སོགས་ཀྱི་ཐུགས་སྨོན་བརྗོད་བྱར་དྲངས་པ་ལགས།
1 མཛད་པ་པོ།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོ་མཆོག་ནི་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ1182ལོར་ཡབ་འཁོན་ཆེན་འོད་པོ་ཆེ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སར་སྐྱར་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། ཞུ་དོན་རྡོ་རྗེ་སྐྱབས། རྨ་བྱ་བྱང་བརྩོན། ཚུར་སྟོན་གཞོན་སེང་སོགས་བླ་མ་དུ་མ་བསྟེན། སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ། མུ་སྟེགས་འཕྲོག་བྱེད་དགའ་བོ་སོགས་རིགས་པས་ཚར་བཅད་དེ་ནང་བའི་བསྟན་པ་ལ་བཅུག  ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་དང་དེའི་སློབ་མ་སཾགྷི་ཤྲི་སོགས་ལས་སྒྲ་ཚད་སོགས་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། བོད་དུ་བཅུ་ཕྲག་རིག་པའི་གནས་ཆ་ཐམས་ཅད་ནས་དར་བའི་སྲོལ་ཐོག་མར་བཏོད་པས་བོད་གངས་ཅན་གྱི་པཎྜི་ཏའི་མཚན་གྱི་ཐོག་མའང་དེ་ནས་ཆགས། ཉིད་ཀྱི་བཀའ་ལས། སྒྲ་བ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། ། སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། ། དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། ། དེ་འདྲ་གང་ཡིན་ས་སྐྱ་བ་སྟེ་མཁས་པ་གཞན་དག་མཚུངས་མེད་ང་། ། ཞེས་ང་བརྒྱད་མ་གསུངས་པ་ཇི་ལྟ་བ་བཞིན་ནོ། ། དགུང་ལོ་རེ་གསུམ་པ་ཤིང་འབྲུག་སྤྱི་ལོ1244ལོར་ཧོར་རྒྱལ་པོ་གོ་དན་གྱིས་གཏན་དྲངས་པ་བཞིན་ཕེབས་ནས་རྒྱལ་བོ་དང་མཇལ་ཏེ་ཡོན་མཆོད་ཀྱི་འབྲེལ་བ་ཚགས། དགུང་ལོ་བདུན་ཅུ་བ་རབ་བྱུང་བཞི་བའི་ལྕགས་ཕག་སྤྱི་ལོ1251ལོར་ལང་ཅུར་སྐུ་གཤེགས། 

2 གསུང་རྩོམ།

པཎྜི་ཏ་མཆོག་ལ《ཐུབ་པའི་དགོངས་རྒྱན་རབ་གསལ》དང་། 《མཁས་པ་འཇུག་པའི་སྒོ》 《རོལ་མོའི་བསྟན་བཅོས》 《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》 《ཚིག་གི་གཏེར》 《ཚད་མ་རིག་གཏེར》 《སྡོམ་གསུམ་རབ་དབྱེ》སོགས་བསྟན་བཅོས་པོད་གསུམ་བཞུགས། འགྲོ་མགོན་འཕགས་པ་སོགས་བུ་སློབ་མང་དུ་བསྐྱངས།

3 བརྗོད་དོན།

བོད་ཡུལ་གྱི་བསྟོད་པ་འདི་ལས། གླིང་ཆེན་པོ་བཞི་ལས་བྱེ་བྲག་ཏུ་འཛམ་བུ་གླིང་གི་ལྟེ་བ་བསྐལ་བ་བཟང་པོའི་རྣམ་འདྲེན་སྟོང་རིམ་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན་གྱི་བྱང་ཕྱོགས། འཕགས་མཆོག་ཕྱག་ན་པདྨོས་གཙོས་བཅས་རྒྱལ་བ་སྲས་བཅས་དཔག་ཏུ་མེད་པས་ཉེ་བར་བསྐྱངས་པས་དམ་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་པའི་བོད་ཡུལ་འདི་ལ་ནི། རི་མཐོ་ས་གཙང་ཞིང་ཡུལ་བཟང་བ། གངས་རི་ཚར་དུ་དངར་བ། ཆུ་ཀླུང་དྲི་མ་མེད་པ། རིན་ཆེན་གཏེར་གྱིས་ཕྱུག་པ་སོགས་སྣོད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། ལུགས་གཉིས་བླང་དོར་ལ་མཁས་པའི་དམ་པ་རྣམས་ཀྱིས་གསང་གསུམ་འཁོར་ལས་རྟག་ཏུ་སྒྱུར་བ། དམ་པའི་ཆོས་ཀྱི་གྲིབ་བསིལ་སྣུམ་པོས་ཕྱོགས་ཀྱི་འཁོར་ལོ་འགེངས་པ། བཅུ་ཕྲག་སྣང་བས་འོད་ཞགས་དཀར་པོས་དམ་དུ་འཁྱུད་པ་སོགས་བཅུད་ཀྱི་དགེ་མཚན་མ་ལུས་པར་ཚང་བ་རྣམས་ནི། སྙན་ཚིག་རྒྱ་མཚོའི་ཀློང་ལས་འཕྱུར་བའི་སྟེབས་ལེགས་ཚིག་གི་ཕྲེང་བས་ལྷུག་པར་བརྗོད་པའོ། །

4 སྒྱུར་རྩལ་ཁྱད་ཆོས། 

འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་མཁས་པའི་ཡིད་དབང་འཕྲོག་པའི་རྩོམ་པ་རིན་པོ་ཆེའི་ཕྲེང་བ་རྣམས་ནི། འགྲོ་མགོན་འཕགས་པས། རྩོམ་པ་འདི་འདྲ་མྱུར་འཇུག་པ། ། གློག་འགྱུ་བས་ཀྱང་ཆེས་མྱུར་ཞིང་། ། རྩོལ་བ་མེད་པར་འབྱུང་བ་ནི། ། མཚོ་ལྟར་ངང་གིས་ལྷུན་གྲུབ་ལགས། ། དེ་དོན་ཕུན་སུམ་ཚོགས་གྱུར་པ། ། རློམ་ཆེན་བློ་ཡི་དབང་བོ་མཆོག ། འགས་ཀྱང་སྔོན་ཆད་མ་དཔྱད་པ། ། དཔྱོད་ལྡན་གང་གིས་རྣམ་དཔྱད་པ། ། ཡིད་གསལ་བགྱིད་པ་རིའི་རྩེར། ། ཉི་མ་ཤར་བ་ལྟ་བུ་སྟེ། ། ཀུན་ནས་དགའ་བ་བསྐྱེད་པ་ནི། ། བསམ་གཏན་རོ་མྱོང་ལྟ་བུར་མཆིས། ། ཞེས་གསུངས་པ་ལྟར། ། རྩོམ་པ་རྣམས་འབད་བརྩོན་ལ་མི་ལྟོས་པར་འབྱུང་བ་དང་། ཚིག་ཉུང་དུས་ཀྱང་དོན་རྒྱ་ཆེན་པོ་སྟོན་པ་དང་། ཚིག་རྒྱན་བཟང་བོས་མཁས་པ་རྣམས་ཡིད་འཕྲོག་པར་བྱེད་པ་དང་། མཁས་པ་རློམ་པ་བརྒྱའི་བློ་གྲོས་ཕྱོགས་གཅིག་ཏུ་བསྡམས་པས་ཀྱང་དཔྱོད་པར་མི་ནུས་པའི་དོན་ཟབ་མོ་སྟོན་པ་ཡིན་ནོ། །





བརྡ་འགྲེལ་གདོང་འཛར།

བསྟོད་པ།