རྟོགས་བརྗོད་གསེར་གྱི་མེ་ཏོགསྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-10-31 11:07ལ་འགྲུབ།

རྟོགས་བརྗོད་གསེར་གྱི་མེ་ཏོག

རྟོགས་བརྗོད་འདི་རུ་ཡོངས་འཛིན་བློ་བཟང་དཔལ་ལྡན་དཔལ་བཟང་བོ་མཆོག་གིས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་ཕེབས་པའི་ངོ་མཚར་བའི་གཏམ་གྱི་རྟོགས་པ་བརྗོད་པ་བརྗོད་བྱར་དྲངས་ཡོད།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
ཡོངས་འཛིན་བློ་བཟང་དཔལ་ལྡན།
ཡབ།
ཚོ་འདུའི་སྐུ་དབོན་ཆོས་མཛད།
འཁྲུངས་འདས།
སྤྱི་ལོ1881-སྤྱི་ལོོ1944ལོར།
ཡུམ།
སྒྲོལ་མ།
1 མཛད་པ་པོ།

ཡོངས་འཛིན་བློ་བཟང་དཔལ་ལྡན་ནི། མདོ་སྨད་རེབ་གོང་རོང་འབྲོག་ཚོ་ལྔའི་ནང་ཚན་ཚོ་འདུ་ཞེས་པའི་ཡུལ་དུ། ཡབ་ཚོ་འདུའི་སྐུ་དབོན་ཆོས་མཛད་དང་། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ལྕགས་སྦྲུལ་སྤྱི་ལོ1881ལོར་སྐུ་འཁྲུངས། དྷི་ཚ་བཀྲ་ཤིས་ཆོས་སྡིངས་སོགས་སུ་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། གྲུབ་དབང་འཇིགས་མེད་བསམ་གཏན། ཚོ་འདུའི་ཡོངས་འཛིན་བྱང་ཆུབ་ཀུན་སྤངས་བློ་བཟང་བསྟན་པ་བཅས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་མཁས་པར་བྱ་བའི་གནས་རྣམས་ཁོང་དུ་ཆུད་པར་མཛད། གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་བདུན་པ་ཤར་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་དང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་མང་དུ་བསྐྱངས། གསུང་རྩོམ་མདོ་སྔགས་ཀྱི་གཞུང་འགྲེལ་དང་། སྐར་རྩིས། ཆབ་ཤོག་སྙན་ངག་གི་སྐོར་སོགས་པོ་ཏི་གཉིས་ཙམ་བཞུགས། དགུང་ལོ་རེ་བཞི་བ་ཤིང་སྤྲེལ་སྤྱི་ལོ1944ལོར་སྐུ་གཤེགས།

2 བརྗོད་དོན།

པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་ཕེབས་པའི་ངོ་མཚར་བའི་གཏམ་གྱི་རྟོགས་པ་བརྗོད་པ་གསེར་གྱི་མེ་ཏོག་ཅེས་བྱ་བ་འདི་ལས། ཐོག་མར་རྟོགས་བརྗོད་དངོས་ཀྱི་བརྗོད་པར་བྱ་བ་གླེང་སློང་བའི་ཚུལ་གྱིས་ལྷུག་པར་དྲངས་པས་མདུན་བསུས་པ་དང་། དེ་ནས་། ལྷོ་ཕྱོགས་འཛམ་བུ་གླིང་དང་བསིལ་ལྡན་ཁ་བའི་ལྗོངས། མདོ་ཁམས་སྨད་ཀྱི་ཡུལ་གྲུ་བཅས་ལ་བསྔགས་པ་སྤྱིར་མཛད་པ་དང་། བྱེ་བྲག་ཏུ་རེབ་གོང་གི་སྣོད་བཅུད་ཀྱི་བཀོད་པ་དང་། དེའི་སྙིང་བོར་གྱུར་པ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་ཞེས་བྱ་བའི་ཆོས་སྡེ་ཆེན་པོ་དེ་ཉིད་དང་། སྤྱན་རས་གཟིགས་དབང་ཤར་སྐལ་ལྡན་རྒྱ་མཚོའི་གསང་གསུམ་གྱི་ཡོན་ཏན་དང་ལུགས་གཉིས་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པ་ལ་ཆེ་ཆེར་བསྔགས་ཤིང་། ཁྱད་པར་དུ་ཤར་ཐམས་ཅད་མཁྱེན་པའི་དགོངས་པར། པཎ་ཆེན་སྣང་བ་མཐའ་ཡས་གང་ཉིད་སྤྱན་འདྲེན་པའི་ཐུགས་འདུན་འགོག་མེད་དུ་འཁྲུངས་པ་ན། དེའི་བཞེད་པ་དོན་ཡོད་བྱ་ཕྱིར། ལུགས་གཉིས་ཀྱི་སྤྲོས་པ་ཕུན་སུམ་ཚོགས་པ་དང་བཅས་ཏེ་བྱོན་པར། སྲས་ཀྱི་ཐུ་བོ་དེ་ཉིད་ནས་མི་བསུས་རྟ་བསུས་མཆོད་བསུས་ཀྱི་རིམ་པ་ཚར་དུ་དངར་ཞིང་ཀུན་ཏུ་བཟང་བོའི་མཆོད་ཚོགས་རྒྱ་མཚོའི་སྤྲིན་དུ་གཏིབས་པ་དང་། མཉེས་པའི་ཐབས་གསུམ་གྱི་སྒོ་ནས་དགྱེས་པ་ཆེས་ཆེར་བསྐྱེད་དེ། ཆོས་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར། སྟོན་པ་ཆོས་ཀྱི་རྒྱལ་བོ་དེ་ཉིད་ནས་ཀྱང་དབང་ལུང་ཁྲིད་གསུམ་གྱི་ཆོས་ཆར་ལེགས་པར་ཕབ་ནས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པའི་ཚུལ་ལ་བསྔགས་པ་རྒྱ་ཆེར་མཛད་དོ། །

3 རྗེ་མཆོག་གི་ལྗགས་རྩོམ་གྱི་ཁྱད་ཆོས།

རྟོགས་བརྗོད་འདི་དང་རྗེ་འདིས་མཛད་པའི་སྙན་ངག་གི་ཚིག་སྦྱོར་རྨད་དུ་བྱུང་བ་རྣམས་ནི། ཇི་སྐད་དུ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས། ཁོང་བའི་སྙན་ངག་གི་གསུང་རྩོམ་འདི་དག་ལ་སྐབས་འགར་སྙན་ངག་མེ་ལོང་ལས་བསྟན་པའི་ཤར་བའི་སྙན་ངག་མཁན་གྱི་རྩོམ་རིག་གི་ཉམས་འགྱུར་དང་ལྡན་ཞིང་། སྐབས་འགར་ལྷོ་བའི་སྙན་ངག་མཁན་གྱི་རྩོམ་རིག་གི་ཉམས་འགྱུར་དང་ཡང་ལྡན་པས་ན་གཞན་ལས་ཁྱད་པར་དུ་འཕགས་པ་དང་། སྤྱིར་མངོན་བརྗོད་ཀྱིས་མ་བཅིངས་པ་ཤུགས་ཆེ་བས་གོ་བདེ་ཞིང་ཚིག་འཇམ་པ་འབུར་དུ་ཐོན་པ་དང་། མངོན་བརྗོད་ཀྱི་རྒྱན་གྱིས་བཅིངས་ན་ཡང་དོན་དེར་གཞོལ་ཞིང་འབབ་པ་ཤ་སྟག་ཡིན་པ་ལས་འབྲེལ་མེད་ཀྱི་སྐྱོན་མེད་པ་དང་། རབ་བྱུང་བཞི་བའི་སྟོད་ཙམ་ལ་བོད་དུ་སྙན་ངག་གི་རིག་པ་དར་བ་ནས་བཟུང་ལོ་བརྒྱ་ཕྲག་བདུན་ལྷག་གི་རིང་ལ་མཁས་པ་སོ་སོའི་མཁྱེན་རབ་ཀྱི་རྩལ་ལས་ཐོན་པའི་སྙན་ངག་གི་རིག་རྩལ་རྣམས་ཀྱི་སྙིང་བོའི་བཅུད་བསྡུས་པ་ལྟ་བུ་ཡིན་ཞེས་གསུངས་པ་ལྟར་རོ། །