སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2018-10-22 16:45ལ་འགྲུབ།

སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་།

སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་།
འདིར་དཔལ་ལྡན་སྨོན་རྒྱལ་བླ་བྲང་གིས་གཙོ་གཉེར་གནང་བའི་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་གིས་གཙོ་གཉེར་གནང་བའི་ཚད་མའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་དང་འབྲེལ་བའི་བོན་གྱི་ཚད་མའི་འཆད་ཁུངས་གཙོར་བྱས་ཏེ་དེའི་ལོ་རྒྱུས་མདོར་བསྡུས་སུ་གླེང་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོན་ཆོས།
1 ​ངོ་སྤྲོད། 

སྤྱིར་བོན་བསྟན་སྔ་དར་གྱི་དུས་སུ་བོན་གྱི་ལོ་རྒྱུས་ཁྲོད་བཤད་རྒྱུན་དང་སྒྲུབ་རྒྱུན་གཉིས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བའི་སྲོལ་ཡོད་པ་ནི་སྨྲོས་མེད་ཡིན། དེ་ཡང་བཤད་རྒྱུན་ཞེས་པ་ནི་རྨང་གཞི་ཚད་མའི་རིག་ལམ་ལ་བརྟེན་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞུང་ལུགས་ཀྱི་སྙིང་དོན་ལེན་པའི་ཚུལ་ལ་བརྗོད། དེ་ལྟར་བོན་གྱི་ཚད་མ་རིག་པ་ནི་རིག་པའི་གནས་ཆེན་ལྔའི་ནང་ཚན་སྒྲ་རིག་པའི་བོན་སྡེ་གསུམ་གྱི་ཁོངས་སུ་བསྡུས་ཤིང་། དེ་ལ་སྟོན་པ་གཤེན་རབ་མི་བོ་མཆོག་གིས་ནང་གསེས་སུ་སྒྲ་ཚད་སོ་སོར་ཕྱེས་ཏེ་བསྟན་པའི་སྣོད་ཀྱང་ཉིད་ཀྱི་སློབ་མའི་ཐུ་བོ་རྨ་ལོ་དང་གཡུ་ལོ་གཉིས་ལ་སོ་སོར་བསྟན། བྱེ་བྲག་ཏུ་ཚད་མ་སྡེ་བདུན་གྱི་རིག་པའི་གཞུང་ལུགས་ཀྱི་སྒོ་ནས་རྩོད་པ་དང་རྩོད་སྤོང་གི་རྣམ་བཞག་རྒྱས་པར་ཕྱེས་ཏེ་དགག་བཞག་སྤང་གསུམ་གྱི་རིག་པའི་ལམ་སྲོལ་བསྐྱངས་ཡོད། ཚུལ་ནི། མཛད་མདོ་ལས་།  ཚད་གསུམ་ཟུང་འབྲེལ་བོན་སྡེ་བདུན། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། རྩོད་པ་རྫུ་འཕྲུལ་དྲ་བའི་སྡེ། སྤང་པ་རྒོལ་བ་ཚར་གཅོད་སྡེ། བླངས་བ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤང་པའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ། ཞེས་པའི་ལུང་དོན་འདི་ཙམ་གྱིས་མཁྱེན་རྟོགས་ཐུབ་པ་ཡིན། དེ་ལྟར་ཚད་མའི་གཞུང་ལུགས་ལ་བརྟེན་ནས་རིག་པའི་རྣམ་བཞག་སྤྲོས་པ་དང་། སྤང་བླང་གི་གནད་ཕྱིན་ཅི་མ་ལོག་པར་དགག་སྒྲུབ་ཀྱི་ལམ་ནས་ཚད་མའི་དེ་ཁོ་ན་ཉིད་མངོན་པར་བསྟན་པའི་ཚུལ་ནི་བཤད་གྲྭའི་ལམ་སྲོལ་ངོ་མ་དེ་ཆགས་ཀྱི་ཡོད། གཞན་ཡང་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས།  རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། ཞུག་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞུག་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། ཞེས་གཏན་ཚིགས་རིགས་པའི་རྣམ་བཞག་གི་ལམ་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དབང་དུ་གྱུར་པའི་ལྟ་སྤྱོད་མི་མཐུན་པ་རྣམས་ཀྱི་མཐའ་སེལ་བའི་ཆེད་དུ་གསུངས་པ་རིག་པའི་རྣམ་བཞག་དང་། དེ་བཞིན་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། དོན་ལྔ་རྣམ་པར་བཞག་པའི་ཚད་མ་ཡིས། དོན་དམ་ཀུན་རྫོབ་གཉིས་མཇལ་ཤེས་པ་དེས། བོན་རྣམས་བདག་མེད་སྤྲོས་དང་བྲལ་བར་བལྟ་ཞེས་བོན་ཐམས་ཅད་ཀྱི་གཤིས་ལུགས་བདག་གཉིས་ཀྱིས་དབེན་པའི་དོན་དམ་སྤྲོས་བྲལ་སྟོང་པ་ཉིད་དམ་བདེན་པ་མེད་པར་བསྒྲུབ་པའི་ཚུལ་ལ་དོན་ལྔ་དང་རྟགས་ཚུལ་གྱི་རྣམ་བཞག་རྒྱ་ཆེར་གསུངས་གནང་ཡོད། དེའི་རྗེས་སུ་འཇུག་པ་སྒྲ་སྒྱུར་ལོ་པཎ་ཤ་རི་དབུ་ཆེན་གྱིས(བོན་རྩིས་ལྟར་ན་སྤྱི་ལོའི་སྔོན་གྱི976ལོར་ཡན་མན་སྐུ་འཁྲུངས)<<གཏན་ཚིགས་རིགས་པའི་གལ་མདོ>>བརྩམས་ཏེ་ཐེག་པ་ཆེ་ཆུང་གི་རྣམ་བཞག་རྣམས་རྩོད་པ་དང་། རྩོད་སྤོང་གི་ལམ་ནས་དགག་བཞག་གི་རྣམ་པ་སྤྲོས་པ་སྟེ། མ་རྒྱུད་གྲུབ་ཆེན་ལས། མཁས་པའི་དབང་པོ་ཤ་རི་བ། རིགས་སྒྲ་སྒྲོགས་ཅིང་ཐལ་མོ་རྡེབ། ཞེས་གསུངས་པ་ལྟར་མཁས་པའི་དབང་པོ་ཤ་རི་བས་ཞང་བོད་ཀྱི་ཁམས་སུ་བཤད་པའི་རྒྱུན་བསྐྱངས་གནང་ཡོད།  དེ་བཞིན་བོན་རྩིས་ལྟར་སྤྱི་ལོའི་སྔོན་གྱི་ལོ914ལོར་སྐུ་འཁྲུངས་པའི་བླ་ཆེན་དྲན་པ་ནམ་མཁའ་དང་། སྤྱི་ལོ་སྔོན་གྱི་ལོ552ལོར་ཞང་ཞུང་ནས་བོད་ལ་ཕེབས་པའི་སྙ་ཆེན་ལི་ཤུ་སྟག་རིང་བཅས་ཞང་བོད་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་དྲང་ངེས་བདེན་པ་གཉིས་དང་། ཚད་མ་གསུམ་གྱི་རིག་པའི་བཤད་གཞུང་མཛད་དེ་བདུད་དང་མུ་སྟེགས་ཀྱི་ལོག་རྟོག་བཟློག་པར་བྱས་ནས་བཤད་རྒྱུན་བསྐྱངས། མདོར་ན(ལི་ཤུའི་གལ་མདོ་རིག་པའི་ཚད་མ)དང་། (དྲན་པའི་རྣམ་འབྱེད་འཕྲུལ་ལྡེ།) (མཁས་བཞིའི་མན་ངག་ལུང་གི་ཚད་མ།)བཅས་ཀྱིས་མཚོན་ཞང་བོད་ལོ་པཎ་དང་། མཁས་པ་རྣམས་ཀྱིས་བོན་གྱི་ཚད་མ་རིག་པའི་ཡིག་ཆ་གཅིག་རྗེས་གཉིས་མཐུད་དུ་བརྩམས་ནས་དེ་དག་ལ་སྤང་བླང་དགག་སྒྲུབ་ཀྱི་རྣམ་བཞག་སྤྲོས་ཏེ། རྩོད་དང་རྩོད་སྤོང་ལམ་ནས་ལུང་གི་དེ་ཉིད་བསྒྲུབ་སྟེ་བཤད་རྒྱུན་སྐྱོང་བའི་སྲོལ་དར། བྲུ་ཚང་བ་གཡུང་དྲུང་བླ་མ་དང་ཞུ་ཚང་བ་སྒྲོལ་བ་གཤེན་རྒྱལ་རྨེའུ་ཚང་བ་གཡུང་དྲུང་རྒྱལ་པོ་དང་གསུམ་ཉང་སྟོད་སྟག་པ་ཁ་ཆེར་དབུ་ཚད་སོགས་མཉམ་གསན་མཛད་རྗེས་བྲུ་ཡི་གབ་མཛོད་ས་གསུམ་གྱི་རྩ་བའི་སྦྱང་བྱའི་གཞུང་དང་། ཆ་་ལག་ཏུ་གབ་པའི་འགྲེལ་དང་ཡན་ལག་ཏུ་རྩ་རྒྱུད་བསེན་ཐུབ་རྒྱུད་འགྲེལ། སངས་རྒྱས་རྒྱུད་གསུམ་རྒྱུད་འགྲེལ་སོགས་སྔགས་སྐོར་ཡིག་ཆ། གབ་པའི་གཞུང་འགྲེལ། སེམས་སྨད་སྡེ་དགུ། སྙན་རྒྱུད་སྐོར་བཞི། བསྒྲགས་པ་སྐོར་གསུམ་མ་ལག ཡེ་ཁྲི་འཕྲུལ་མཛོད་སོགས་ཀྱི་རྩ་འགྲེལ་རྫོགས་ཆེན་སྐོར། མཛོད་གནས་བཅུ་བདུན། འགྲེལ་བ་ལྷ་འགྲེལ། མཁས་བཞིའི་འགྲེལ། སྒྲ་འགྲེལ་སོགས་དང་། འདུལ་བ་རྩ་ལག་གི་ཡིག་ཆ། རྒྱུད་དྲུག་སོགས་དང་ཚད་མའི་རྩ་འགྲེལ་ཐེག་པའི་རྣམ་བཤད། ས་ལམ་གྱི་སྐོར། རྣམ་འབྱེད་ཉི་འོད། ཕར་ཕྱིན་དབུ་མ་སོགས་ཀྱི་ཡིག་ཆ། དེ་རྣམས་རང་མོས་ཀྱིས་འཇུག་པ་མ་ཡིན་པ་དགོན་སྡེའི་བཅའ་སྒྲིག་བཞིན་འཇུག་དགོས་པ་དང་སློབ་མ་རྣམས་སོ་ཐར་གྱི་བསླབ་གཞི་འཆང་བ་ཤ་སྟགས་ཡིན་དགོས་པ་དང་མོ་རིགས་བསླབ་ཚན་ལ་འཇུག་པའི་རིགས་ཀྱང་སྦྱང་བྱའི་གཞུང་མཚུངས་ཀྱང་གནས་གཞིའི་བར་ཐག་རིང་དུ་གནས་དགོས་སོ། དེ་རྗེས་སྤྱི་ལོ1036ལོར་སྐུ་འཁྲུངས་པའི་བླ་མ་བྲུ་ཆེན་པོ་ནམ་མཁའ་གཡུང་དྲུང་དང་སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ཀྱི་རང་གི་གཞུགས་གནས་ག་ར་ངོ་མ་སོགས་གང་དག་ལ་འཆད་རྒྱུད་བཙུགས་ཀྱང་བྲུ་ཚང་གཡུང་དྲུང་བླ་མས་གཡས་རུ་དབེན་ས་ཁར་ཕྱག་བཏབ་རྗེས་དེར་གཞན་དྲིང་མི་འཇོག་པའི་མཁས་གྲུབ་སྟོན་པ་བཅོ་བརྒྱད་བྱོན་ནས་སློབ་ཚོགས་བསྐྱངས་པ་དང་། གབ་མཛོད་ས་གསུམ་ཆ་ལག་དང་བཅས་པར་འཆད་ཉན་གཙོར་བྱས་ཏེ་བཤད་རྒྱུན་ཀྱི་བསྟན་པ་ཡུན་རིང་བསྐྱངས་ནས་གྲྭ་སའི་ལམ་སྲོལ་རྒྱུན་ཆགས་སུ་གནས། གྲྭ་ཚང་ཡང་གླིང་བཞིར་གྱེས་ཤིང་དུས་སྐབས་དེར་འདུས་གྲྭ་སུམ་སྟོང་ལ་ཉེ་བ་རྒྱུན་བཞུགས་ཀྱི་གདན་ས་རྨད་དུ་བྱུང་བ་ཞིག་ཏུ་གྱུར། འཆད་པའི་སྲོལ་འཛིན་རྗེའི་དབོན་སྤྲུལ་ཉི་མ་རྒྱལ་མཚན་ནས་སྲས་ནམ་མཁའ་རྒྱལ་མཚན་སོགས་གདུང་རབས་རིམ་བྱོན་དང་།   .jpg

ཡང་རྨེའུ་ཚང་བླ་མས་གདན་ས་གཤང་གི་ས་གནས་ཞང་ཞུང་བློན་པོ་སྟེང་དུ་རྨེའུ་ལྷ་རི་གཉན་པོས་སློབ་ཚོགས་བསྐྱངས་པ་ཡིན། དེ་ཡི་སྲས་ཚུལ་ཁྲིམས་དཔལ་ཆེན་གྱིས་ཕྱོགས་གཞན་ནས་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་ནས་སྙེ་མོ་བཟང་རི་ལ་དགོན་སྡེ་ཕྱག་བཏབ་ནས་བཤད་རྒྱུན་བཙུགས། གབ་མཛོད་ས་གསུམ་ལ་འགྲེལ་དང་ཕྱག་རྗེས་རྒྱ་ཆེན་བཞག སློབ་མ་དང་རྗེས་འཛིན་དུ་མའི་ནང་སྤ་འོད་གསལ་ལ་བསྟན་པ་གཏད། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། རྨེའུ་རྒྱལ་མཚན་མཆོག་ལེགས། སུམ་སྟོན་ལྷ་འབུམ། ཞང་དམ་པ་ཚུལ་ཤེས་སོགས་མཁས་པ་སེང་ཁྱུ་འཁྲུགས་པ་ལྟ་བུ་བྱོན། མདོར་ན་མཉམ་མེད་ཆེན་པོའི་བར་མཁས་གྲུབ་བཅོ་བརྒྱད་རིང་བཤད་རྒྱུན་འཛིན་པའི་མཁས་གྲུབ་བཤེས་གཉེན་ཁྱུང་ཚང་བརྡོལ་བ་བཞིན་བྱུང་སྟེ་མི་ལོ་སུམ་བརྒྱ་ཙམ་གྱི་རིང་བཤད་རྒྱུན་གྱི་སློབ་མ་བསྐྱངས། དུས་དེར་གཙོ་གནད་སྦྱང་བྱའི་ཡིག་ཆ་ཁག་ནི། གབ་མཛོད་ས་གསུམ་གྱི་གཞུང་ཆེན་རྣམས་ཡིན། ཆ་ལག་ཏུ་གབ་པའི་འགྲེལ་དང་། ཡན་ལག་ཏུ་རྩ་རྒྱུད་གསང་བ་བསེན་ཐུབ་རྒྱུད་འགྲེལ། སངས་རྒྱས་རྒྱུད་གསུམ་རྒྱུད་འགྲེལ་སོགས་བསྒྱུར་ལམ་གསང་བ་སྔགས་ཀྱི་ཡིག་ཆ་ཁག་དང་། གབ་པ་གཞུང་འགྲེལ། སེམས་སྨད་སྡེ་དགུ། སྙན་རྒྱུད་སྐོར་བཞི། བསྒྲགས་པ་སྐོར་གསུམ་ཆ་ལག ཡེ་ཁྲི་མཐའ་སེལ། ནམ་མཁའ་འཕྲུལ་མཛོད་སོགས་རྩ་འགྲེལ་བཅས་བླ་མེད་རྫོགས་པ་ཆེན་པོའི་སྐོར། གཞན་ཡང་ཚད་མའི་རྩ་འགྲེལ། ཐེག་པའི་རྣམ་བཤད། ས་ལམ་རྣམ་འབྱེད། དབུ་མ་རྩ་ལག མཛོད་གནས་བཅུ་བདུན། འདུལ་བ་རྒྱུད་དྲུག་སོགས་རྩ་འགྲེལ་ཡན་ལག་དང་བཅས་སློབ་གཞི་གཙོ་བོར་བཟུང་ནས་དེ་དག་ལ་སྦྱང་པ་མཐར་ཕྱིན་པ་དང་། བསླབ་བྱའི་ཆེ་རྟགས་སུ་འདུས་སྡེ་ཁྲོད་ནས་སྟོན་པའི་མཚན་གནས་གསོལ་བའི་ལམ་སྲོལ་ཡོད་པར་གྲགས། 

དེ་རྗེས་སུ་རང་ཅག་ཀུན་ལ་བཀའ་དྲིན་ཆེ་བའི་རྒྱལ་བ་སྨན་རིའི་ཁྲི་རབས་དང་པོ་རྗེ་བཙུན་མཉམ་མེད་ཤེས་རབ་རྒྱལ་མཚན(རབ་བྱུང་དྲུག་པའི་མེ་སྤྲེལ་སྤྱི་ལོ1356ལོར)སྐུ་འཁྲུངས། ཁོང་ནི་གོང་གི་གཡས་རུ་དབེན་སའི་གླིང་གཞིའི་ནང་ཚན་གླིང་ཟུར་པའི་མཁན་པོ་ཡང་ཡིན།  སྤྱི་ལོ1405ལོར་གཙང་གི་ཐོབ་རྒྱལ་རི་ལ་གཤེན་བསྟན་བཀྲ་ཤིས་སྨན་རིའི་དགོན་སྡེ་བཏབས་ནས་གྲྭ་ཚང་གླིང་སྟོད། གླིང་སྨད། གླིང་སྐད། གླིང་ཟུར་བཞིར་གྱེས་ཤིང་འཆད་ཉན་གྱི་སྡེ་བཙུགས་པ་དང་། རྨད་བྱུང་སུམ་ལྡན་དགེ་འདུན་ལྔ་བརྒྱ་ལྷག་རྒྱུན་བཞུགས་ཀྱིས་དགོན་སྡེ་འཛིན་སྐྱོང་དང་འཆད་ཉན་དང་། བསྙེན་སྒྲུབ་ཀྱི་ལམ་སྲོལ་ཉམས་མེད་རྒྱུན་བསྐྱངས་གནང་། སྤྱིར་ན་བསྟན་པའི་བདག་ཆེན་དྲུག་ལས་བསྟན་པ་འཆད་ཉན་གྱི་སྒོ་ནས་བཤད་རྒྱུན་སྐྱོང་བ་པོ་གཙོ་བོ་བྲུ་ཚང་དང་། གཤེན་ཚང་། རྨེའུ་ཚང་། ཞུ་ཚང་ཏེ།  གོང་སྨོས་ལྟར་བྲུ་རྗེ་གཡུང་དྲུང་བླ་མས་སྤྱི་ལོ1072ལོར་ཕྱག་བཏབས་པའི་གདན་ས་གཡས་རུ་དབེན་ས་ཁ་ནི་དེང་དུས་གཞིས་རྩེ་གནམ་གླིང་རྫོང་ཁོངས་སུ་ཡོད་པ་དང། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་གབ་མཛོད་ས་གསུམ་ལ་ཕྱག་ལེན་གནང་ཞིང་འཇེད་དར་སྡིངས་སུ་གསེར་སྒོ་ཁྲ་མོའི་གཙུག་ལག་ཁང་ཕྱག་བཏབ། དེར་བཤད་གྲྭ་བཙུགས་ཀྱང་རྒྱུན་ཐུང་ངུར་གྱུར། གཙུག་ལག་ཁང་དེ་སོག་པོ་ཇུན་གར་གྱིས་གཏོར་སྐྱོན་བྱས་ཀྱང་རྩ་ཉམས་མ་སོང་བས་དུས་རབས་ཉི་ཤུའི་བར་དུ་གནས་སོ། ། དེ་རྗེས་དུས་རབས་བཅུ་བཞི་པའི་མཇུག་ཏུ་གཤེན་ཉི་མས་དགུང་ལོ་སུམ་བཅུའི་ཐོག་ཕྱག་བཏབ་པ་གཤེན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་ཡིན། དེང་དུས་གཞིས་རྩེ་མཐོང་སྨོན་རྫོང་ཁོངས་སུ་གནས།  དབང་ལྡན་ཞུ་ཡས་ལེགས་པོས་སྤྱི་ལོ1190ལོར་བཏབ་པའི་ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་། ད་ལྟ་གཞིས་རྩེ་པ་ནམ་རྫོང་ཁོངས་སུ་གནས་ཡོད།  

ཁྱད་པར་བྲུ་ཡི་གདུང་རྒྱུད་ཉམས་པ་ནས་བཟུང་བྲུ་ཡི་སྟོན་པ་རྣམས་ཀྱི་བསྟན་པའི་རིང་ལུགས་རྒྱུན་སྐྱོང་མཛད་པོ་རྣམ་འདྲེན་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་སྐུ་འཁྲུངས་ནས་གོང་གི་གཡས་རུའི་གཞུང་ཆེན་རྣམས་ལ་འགྲེལ་དང་ཕྱག་ལེན་བཏབ་པའི་ནང་ནས་རྗེའི་འཕྲུལ་སྒྲོན་རྣམ་ལྔ་ཞེས། ཚད་མ་རྣམ་འབྱེད་གྱི་སྒྲོན་མེ་གཞུང་འགྲེལ་གཉིས། ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་འགྲེལ་གཉིས། མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ། འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་བཅས་མཛད་ཅིང་བཤད་རྒྱུན་དང་སྒྲུབ་སྡེ་ཟུང་འབྲེལ་གྱི་འདུས་པ་རྒྱ་ཆེན་བྱུང་ཞིང་དངོས་སློབ་ཡོངས་ཀྱི་ཐུ་བོ་སྒོ་རིགས་རིན་ཆེན་རྒྱལ་མཚན། མངའ་རིས་པ་བསོད་ནམས་རྒྱལ་མཚན་དང་གདུང་རྒྱུད་སྡེ་དྲུག་ནང་ནས་སློབ་མ་དུ་མ་ཞིག་སྟོད་སྨད་བར་གསུམ་ཀུན་ཏུ་མཁས་གྲུབ་རྣལ་འབྱོར་མང་ལ་ཧྲག་པོ་བྱོན་ཡོད། 

དུས་རབ་བཅུ་དགུའི་ནང་གོང་གི་སྨན་རི་མཁན་རབས་ནང་སྨན་རིའི་མཁན་རབས་ཉེར་གཉིས་པ་བསོད་ནམས་བློ་གྲོས་དང་། མདོ་སྨད་སྣང་ཞིག་གི་གདུང་ལས་འཁྲུངས་པའི་སྐྱབས་མགོན་ཟླ་བ་རྒྱལ་མཚན་གཉིས་ཀྱི་དུས་སུ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་སྤྱི་ལོ1834ལོར་གཙང་འོ་ཡུག་གི་མདར་རབ་ལེགས་གཡུང་དྲུང་གླིང་ཞེས་དགོན་སྡེ་ཕྱག་བཏབ། སྨན་རིའི་མཁན་རབས་ཉེར་གསུམ་པ་ཉི་མ་བསྟན་འཛིན་ཡོངས་འཛིན་དཔོན་སློབ་ཏུ་གདན་དྲངས་ནས་ན་གཞོན་གྲྭ་བཙུན་བཅུ་གསུམ་གྲྭ་ས་གོང་མ་སྨན་རི་ནས་མར་གདན་དྲངས་ཏེ་བཤད་གྲྭ་བཙུགས་པ་དང་། བཤད་གྲྭའི་བཅའ་སྒྲིག་གསར་དུ་བཏོད་ནས་གྲྭ་ས་འོག་མ་ཞེས་སྙན་གྲགས་ཀུན་ལ་ཁྱབ། དེང་དུས་གཞིས་རྩེ་གནམ་གླིང་རྫོང་ཁོངས་སུ་གནས། གྲྭ་ས་གོང་མ་གཙང་བཀྲ་ཤིས་སྨན་རི་དགོན་ནི། གོང་གི་བྲུ་ཡི་རྗེས་འཛིན་དམ་པ་རྗེ་བཙུན་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མ་སྲིད་པ་རྒྱལ་མོའི་ལུང་བསྟན་ལྟར་ཤར་ཕོ་བ་རི་ཡི་མགུལ་དུ་སྤྱི་ལོ1405ལོར་གདན་ས་བཏབ་དེང་དུས་གནམ་གླིང་རྫོང་ཁོངས་སུ་གནས། 

གྲྭ་ས་བར་མ་ནི་སྤྱི་ལོ1873ལོར་འགྲོ་མགོན་ཤེས་རབ་གཡུང་དྲུང་མཆོག་གིས་གཡས་རུ་བོན་གྱི་འདུ་གནས་བརྒྱད་ཀྱི་ཁོངས་གཏོགས་བྲུད་ཀྱི་མཁར་སྡོང་རུ་གདན་ས་བཏབས། གོང་གི་དེ་གསུམ་ལ་ཕྱི་དར་བོན་གྱི་གྲྭ་ས་གོང་འོག་བར་གསུམ་ཞེས་མཚན་གསོལ། དུས་རབས་བཅུ་དགུ་པའི་ནང་སྨན་རིའི་མཁན་ཆེན་ཁྲི་ཐོག་སོ་གཅིག་པ་ཉི་མ་དབང་རྒྱལ་དང་། ཡོངས་འཛིན་སངས་རྒྱས་བསྟན་འཛིན་ཟུང་གིས་དཔལ་ལྡན་སྨན་གྱི་རི་བོར་བཤད་སྒྲུབ་སླར་གསོས་མཛད་ནས་འདུས་ཚོགས་རྒྱས། སྐབས་དེར་མཁས་གྲུབ་བསྟན་འཛིན་རྣམ་དག་དང་། མཁར་སྣའི་རྒྱལ་ཚབ་ཡོན་ཏན་ལྷུན་གྲུབ། སྟག་བྲོའི་མཁན་པོ་མེ་ཉག་བ་བཅས་བྱོན། དེ་ནས་བཟུང་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་དཔལ་ལྡན་སྨན་རིའི་འདུས་སྡེའི་སློབ་དཔོན་གྱི་མངའ་གསོལ་བྱས་ནས་རྒྱུན་བཞུགས་འདུས་གྲྭ་བརྒྱད་བཅུའི་སྐོར་ལ་སྔར་སྲོལ་བཞིན་བཤད་ཁྲིད་ཀྱི་རྒྱུན་བསྐྱངས་ཞིང་ཕྱི་ནང་གི་བསྟན་དང་བསྟན་པ་ཀུན་ལ་མཛད་པ་ཆེན་པོ་བསྐྱངས། དུས་དེར་སློབ་མའི་ཁྱུ་མཆོག་སྨན་རི་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་དང་། སྨན་རིའི་དཔོན་སློབ་གསུམ་པ་རྒྱལ་རོང་བ་ཚུལ་ཁྲིམས་དབང་ལྡན། ཚ་རོང་སྤྲུལ་སྐུ་སྦྱིན་པ་རྒྱལ་མཚན་སོགས་བླ་སྤྲུལ་དགེ་འདུན་མང་ལ་ཧྲག་པ་བྱོན་ཡོད། གོང་ཞུས་དག་གཙོ་བོ་བཤད་སྒྲུབ་གཉིས་ལས་བཤད་རྒྱུད་དམིགས་སུ་བཀར་ནས་ཡོངས་འཛིན་གོང་མའི་གསུང་འབུམ་དང་ལོ་རྒྱུས་རིམ་བྱུང་གི་ལོ་རྒྱུས་སོགས་ལ་གཞི་འཛིན་ནས་ད་སྐབས་བོན་གྱི་འཆད་རྩོད་ཀྱི་འདུས་གྲྭ་ཇེ་ཆེར་སོང་བའི་སྐབས་དང་བསྟུན་ནས་ངེས་པར་མཁྱེན་དགོས་པའི་གནད་ཅིག་ཡིན་པར་སྙམ།

2 དམིགས་ཡུལ། 

དུས་རབས་གསར་པ་འདི་ནས་གཤེན་བསྟན་འཛིན་པའི་འདུས་གྲྭ་ཇེ་རྒྱས་དང་ཇེ་མང་དུ་འགྲོ་བའི་སྐབས་འདིར་ངེད་སྨོན་རྒྱལ་བླ་བྲང་གི་རེ་འདུན་བཞིན་དེ་སྔོན་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་རྩེ་དྲུག་བསྟན་འཛིན་འོད་ཟེར་རིན་པོ་ཆེ་རྣམ་གཉིས་ནས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་གནང་བ་ལ་བརྟེན་ཤར་རྫའི་སྒྲུབ་གྲྭ་བཙུགས་པའི་མཛད་སྒོ་ཐེངས་བཞི་ཙམ་བསྐྱངས་ཐུབ་ཡོད། 

.jpgསྤྱི་ལོ2017ལོར་ཀུན་གྲོལ་ཁྲི་རབས་བདུན་པ་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེས་ངེད་དགོན་པ་དང་བླ་བྲང་གི་བླ་ཆུང་དང་། ལོ་ཆུང་གྲྭ་བཙུན་རྣམས་ལ་ཆེད་དུ་དམིགས་ནས་དགེ་སྦྱོར་ཉམས་ལེན་གྱི་མཐུན་རྐྱེན་བསྐྲུན་ཡོད་ནའང་སློབ་སློབ་གཉེར་གྱི་ཐད་ལ་མ་འདང་ས་ཅི་རིགས་ཞིག་ཡོད་སྟབས་ཐུགས་དགོངས་ཆེ་བཞེས་ཀྱི་ཐོག་ནས་གདན་ས་སྨོན་རྒྱལ་བླ་བྲང་དུ་འཆད་ཉན་རྒྱུན་འཛིན་གནང་མཁན་གྱི་བཤད་སྡེའི་སློབ་ཚོགས་ཤིག་དངོས་སུ་དབུ་བཙུགས་མཛད་ཡོད་པ་དང་།སློབ་གཉེར་དཔེ་ཁྲིད་ཐད་ལ་དཀའ་ངལ་ཅུང་འཕྲད་ནའང་དགེ་བའི་བཤེས་གཉེན་ཅི་རིགས་ཞིག་གདན་ཞུས་ཐོག་སློབ་ཁྲིད་ཀྱི་མཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད། སློབ་མ་རྣམས་ལ་ཡང་བཞུགས་ཤག་དང་གསོལ་ཟས་ན་བཟའ་སོགས་ཚང་མ་ངེད་བླ་དགོན་གཉིས་ཀྱི་བསྟན་པའི་བདག་ཉིད་སྨོན་རྒྱལ་བླ་མ་ནམ་མཁའ་དབང་རིན་པོ་ཆེས་བཀའ་དྲིན་ཆེ་སྐྱོང་གནང་ཡོད། མདོར་ན་ཡབ་མེས་ཞང་བོད་ཀྱི་ཤེས་རིག་ནང་བསྟན་གི་རིག་གཞུང་ལ་ལོང་བའི་གླང་མཇུག་གི་དཔེ་ལྟར་མ་སོང་བ་ཆ་རྒྱུས་དང་ཉམས་ལེན་ཟུང་འབྲེལ་གཉིས་ལམ་ནས་སློབ་སྦྱོང་བྱེད་པའི་སྟེགས་བུ་རུ(སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང)འདི་ཉིད་གདན་ས་འདི་རུ་དབུ་བརྙེས་པ་འདི་ནི་སྨོན་སྲས་ནམ་མཁའ་དབང་ལྡན་རིན་པོ་ཆེའི་བཀའ་དྲིན་དང་ཕྱོགས་ཁག་གི་བླ་མ་དང་མཁན་པོ་དག་གི་རྒྱབ་སྐྱོར་གཅིག་ཏུ་བྱུང་ཡོད། ངེད་དགོན་པའི་སློབ་གླིང་ནི་དེང་དུས་རྒྱུན་ལྡན་འགྲོས་ལྟར་སློབ་གཉེར་སྡེ་ཁག་གི་ལོ་མཇུག་གི་ཕྱོགས་བསྡོམས་མ་འོངས་པའི་འཆར་གཞི་དང་སྦྲགས་སློབ་གླིང་གི་དབུ་འཛིན་སྨོན་རྒྱལ་ཀུན་གྲོལ་རིན་པོ་ཆེའི་སློབ་སྟོན་ལྟར། དགེ་བཤེས་རིན་ཆེན་འོད་ཟེར། རང་གྲོལ་ཉི་མ་རྒྱལ་མཚན་དང་། མཁན་པོ་དྲང་སྲོང་རྒྱལ་མཚན། མཁན་པོ་ཟླ་བ་རྒྱལ་མཚན་བཅས་ཀྱི་དཔང་བཞུགས་ཐོག་གདན་ས་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་དུ་འདི་བོད་མེ་བྱ་ལོའི་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གྲྭའི་ལོ་རྒྱུགས་ཆེན་མོའི་ནང་དུ་བསྡུས་གྲྭ་འཛིན་གྲྭ་གོང་འོག་གཉིས་ཀྱི་རྩོད་རྒྱུགས་དང་། དམ་བཅའ། བློ་རྒྱུགས། བརྡ་སྤྲོད་ཡིག་རྒྱུགས། ཀུན་སྤྱོད་དཔེ་མཚོན་བཅས་ཀྱི་གཟེངས་རྟགས་བཅས་མཛད་སྒོའི་བྱ་བ་གཉེར་བ་འདི་ནི་དེང་དུས་ཀྱི་སྤྱི་ཚོགས་ཀྱི་སློབ་གྲྭ་ལ་སྒོ་བསྟུན་ཏེ་ཚོགས་ཡོངས་ནས་མཚུངས་པ་མིན་པར་སློབ་སྦྱོང་སྐུལ་ཅག་གི་འབད་པ་ཁོ་ན་ལ་དམིགས་ནས་སྐབས་དང་པོའི་རྩོད་རྒྱུགས་དམ་བཅའ་སོགས་རྒྱུགས་འབྲས་མི་དམན་པར་བྱུང་ཞིང་གོ་རིམ་མཐའ་དག་རྟེན་འབྲེལ་གྱི་ངང་ནས་ཡོངས་སུ་ལེགས་པར་གྲུབ་པའོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཤེས་རིག ཚད་མ། རིག་གཞུང་།