དབུས་ཀྱི་གདན་ས་ཆེན་པོ་དྲུགསྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2018-11-01 16:13ལ་འགྲུབ།

དབུས་ཀྱི་གདན་ས་ཆེན་པོ་དྲུག

དབུས་ཀྱི་གདན་ས་ཆེན་པོ་དྲུག
སྔོན་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ། བོད་ཀྱི་མཚན་ཉིད་གྲྭ་ས་ཆེན་པོ་ནི་དབུས་ཀྱི་གདན་ས་ཆེན་པོ་དྲུག་སྟེ། 1.གསང་ཕུ། 2.བདེ་བ་ཅན་རྭ་བ་སྟོད། 3.ཚལ་གུང་ཐང་། 4.དགའ་གདོང་། 5.སྐྱོར་མོ་ལུང་། 6.ཟུལ་ཕུ་བཅས་ཡོངས་གྲགས་སུ་གསང་བདེ་གུང་གསུམ་དགའ་སྐྱོར་ཟུལ་གསུམ་ཟེར།
1 ངོ་སྤྲོད།

སྔོན་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ། བོད་ཀྱི་མཚན་ཉིད་གྲྭ་ས་ཆེན་པོ་ནི་དབུས་ཀྱི་གདན་ས་ཆེན་པོ་དྲུག་སྟེ། 1.གསང་ཕུ། 2.བདེ་བ་ཅན་རྭ་བ་སྟོད། 3.ཚལ་གུང་ཐང་། 4.དགའ་གདོང་། 5.སྐྱོར་མོ་ལུང་། 6.ཟུལ་ཕུ་བཅས་ཡོངས་གྲགས་སུ་གསང་བདེ་གུང་གསུམ་དགའ་སྐྱོར་ཟུལ་གསུམ་ཟེར།  

卫地六大寺:1.桑普;2.代瓦金热瓦多;3.蔡贡塘;4.噶栋;5.觉摩隆;6.苏毗。西藏三大寺未建前卫地所建之六大法相学院。

1_1 གསང་ཕུ་དགོན།

.jpg

འདི་ནི་ཇོ་བོ་བཀའ་གདམས་གདན་ས་གཙོ་བོ་ཞིག་དང་མཚན་ཉིད་གཞུང་ལ་སློབ་གཉེར་གནང་སའི་སློབ་གྲྭ་གཙོ་བོ་ཞིག་བཅས་ཡིན།སྤྱི་ལོ་༡༠༧༣ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ་སྟེ་དགེ་འདུན་ལྔ་བརྒྱ་ཙམ་འདུས། དེ་རྗེས་རྔོག་ལོ་ཆེན་པོ་གདན་ས་ལོ་བཅུ་བདུན་མཛད་དེ་ཆོས་གསུངས་པའི་སློབ་མ་གྲགས་ཆེ་བ་ཞང་ཚེ་སྤོང་དང་། གྲོ་ལུང་པ། འབྲེ་ཤེས་རབ་འབར་བཅས་སྲས་ཀྱི་ཐུ་བོ་བཞི་བཅས་སོ། །ད་དུང་གསང་ཕུའི་གདན་རབས་དྲུག་པ་ཆ་པ་ཆོས་ཀྱི་སེང་གེས་ད་ལྟའི་བསྡུས་གྲྭའི་རིགས་ལམ་གྱི་སྲོལ་གཏོད་དེ་ཚད་མ་བསྡུས་པ་སོགས་མཛད་པས་བོད་ཡོངས་སུ་རིགས་ལམ་འདི་ཁྱབ་དར་ཆེན་པོ་བྱུང་། མདོར་ན་དཔལ་ལྡན་གསང་ཕུ་འདི་ནི་བོད་ཀྱི་བསྡུས་གྲྭའི་རིགས་པའི་ཆུ་བོ་ཐམས་ཅད་ཀྱི་འབྱུང་གནས་གངས་རི་ལྟ་བུ་ཡིན་ལ་ཕྱིས་ཀྱང་མཁས་པ་ཆེན་པོ་གཡག་ཕྲུག་སངས་རྒྱས་དཔལ། དེའི་སློབ་མ་རོང་སྟོན་ཤེས་བྱ་ཀུན་ལེགས་དང༌། སོ་སོའི་རྒྱུད་འཛིན་གྱིས་བོད་ཡུལ་ཁྱབ་པར་གནས་ཤིང་བཀའ་གདམས་ཀྱི་གྲུབ་མཐའ་འཛིན་པ་དེང་སང་མི་སྣང་ཡང་འདི་ཐམས་ཅད་བཀའ་གདམས་དགོན་འདི་ནས་འཕྲོས་པ་ནི་ཡིན་ལ། རྗེ་སྒམ་པོ་པ་ཕྱིན་གྱི་དྭགས་རྒྱུད་པ་རྣམས་ནི་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཅེས་ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་གཞུང་གཉིས་བཀའ་གདམས་དངོས་འཛིན་པ་ཡིན་ནོ། །གནས་ཡུལ་སྟོད་ལུང་བདེ་ཆེན་ཁུལ་གསང་མདའ་ཤང་གསང་ཕུ་གྲོང་ཚོར་འདུག

1_2 སྙེ་ཐང་བདེ་བ་ཅན།

.jpg

སྙེ་ཐང་བདེ་བ་ཅན་ནི་རབ་བྱུང་གསུམ་པའི་ཤིང་གླང་སྤྱི་ལོ་༡༢༠༥ལོར་རྒྱ་འཆིང་རུ་པས་བཏབ་པའི་དགོན་རྙིང་ཞིག་ཡིན་འདིར་རྔོག་ལོ་ཅཱ་བ་བློ་ལྡན་ཤེས་རབ་ཀྱིས་གདན་ས་མཛད་པས་ཕྱིས་མཚན་ཉིད་རིག་པ་བསྡུས་ཚད་ཀྱི་རྩོད་གྲྭ་ཞིག་ཏུ་གྱུར། འདིར་རྒྱལ་བ་ཙོང་ཁ་པ་ནས་སྙེ་ཐང་བཀྲ་ཤིས་སེང་གེ་སོགས་ལས་ཕར་ཕྱིན་དང་། བྱམས་ཆོས་སོགས་ལ་སྦྱངས་ཏེ་མཁས་པར་གྱུར། གསང་ཕུའི་ར་སྟོད་གྲྭ་ཚང་འདིར་གནས་སྤོས་མཛད་པས་ད་ལྟ་ར་སྟོད་དགོན་ཞེས་གྲགས། གནས་ཡུལ་ཆུ་ཤུར་རྫོང་སྙེ་ཐང་ཤང་ར་སྟོད་གྲོང་ཚོར་གནས།

1_3 ཚལ་གུང་ཐང་དགོན།

.jpg

ཚལ་ཡང་དགོན་དང་། ཚལ་དབུས་གླིང་། གུང་ཐང་དགོན་པ་བཅས་དགོན་གསུམ་ཙམ་ཡོད་པ་དང་། ཐོག་མར་བཀའ་རྒྱུད་ཆེ་བཞིའི་ཡ་གྱལ་ཚལ་བ་བཀའ་རྒྱུད་ཀྱི་སྲོལ་གཏོད་པ་པོ་ཞང་བླ་མ་བརྩོན་འགྲུས་གྲགས་པས་སྔ་ཕྱིར་སྤྱི་ལོ་༡༡༧༥-༡༡༨༧ཕྱག་བཏབ། ཚལ་པའི་དཔོན་བདུན་པ་དགའ་བདེ་དཔལ་བས་གསང་ཕུའི་གདན་རབས་བཅུ་དྲུག་པ་འཇམ་དབྱངས་ཤཱཀྱ་གཞོན་ནུ་གདན་དྲངས་ཏེ་ཆོས་འཁོར་གླིང་གྲྭ་ཚང་གསར་བཙུགས་ཀྱིས་ཕར་ཕྱིན་དང་ཚད་མ་སོགས་མཚན་ཉིད་བཤད་གྲྭ་བཙུགས་གནང་མཛད། དྲུང་ཆེན་ཀུན་དགའ་རྡོ་རྗེས་རང་གི་ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྐྱེ་རྟགས་སུ་ཚལ་པ་བཀའ་འགྱུར་བཞེངས་ཏེ་བུ་སྟོན་རིན་པོ་ཆེས་རབ་གནས་མཛད། རྗེས་སུ་རྒྱལ་བ་ཙོང་ཁ་པས་ཚལ་པའི་བཀའ་འགྱུར་གྱིས་གཙོས་བོད་བསྒྱུར་བཀའ་བསྟན་བཅོས་མ་ལུས་པར་ཚལ་གུང་ཐང་རང་དུ་ཞིབ་གཟིགས་མཛད་དེ་ལེགས་བཤད་གསེར་འཕྲེང་བརྩམ་མགོ་གནང་། ད་དུང་ཚལ་བའི་སྨན་པ་དཀོན་མཆོག་སྐྱབས་ཀྱི་སྐུ་མདུན་ནས་གསོ་རིགས་ལ་སྦྱངས་པ་མཛད། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་ཚལ་གུང་ཐང་གི་ཉེ་འགྲམ་ཚལ་པའི་དཔོན་རྒྱུད་ཀྱི་སྲས་སུ་༡༣༥༤ལོར་སྐུ་འཁྲུངས། གུང་ལོ་བདུན་ལ་ཚལ་གུང་ཐང་དགོན་དུ་ཆོས་ཞུགས་མཛད། ཁྲི་ཆེན་དགེ་འདུན་ཕུན་ཚོགས་ནི་གུང་ཐང་སྐུ་ཕྲེང་དང་པོ་ཡིན། ཁོང་དགའ་ལྡན་ཁྲི་པ་ཁྲི་ཐོག་ལྔ་བཅུ་གནང་རྗེས་ས་གནས་སྲིད་གཞུང་ནས་ཚལ་གུང་ཐང་ཁོང་ལ་སྒེར་འཛིན་དུ་གནང་རྗེས་ཁོང་གིས་ཞིག་གསོ་དང་གསར་བཞེངས་མཛད་དེ་ཚལ་གུང་ཐང་དུ་གུང་ལོ་༧༧སྤྱི་ལོ་༡༧༢༥ལོར་དགོངས་པ་རྫོགས། དེ་ནས་བཟུང་ཁོང་གི་སྐུ་རབས་རིམ་བྱོན་ཚང་མར་གང་ཐང་རིན་པོ་ཆེ་ཞེས་པའི་མཚན་ཐོབ་པ་རེད་འདུག  དེ་རྗེས་གུང་ཐང་སྐུ་ཕྲེང་གསུམ་པ་བསྟན་པའི་སྒྲོན་མེས་ཚལ་གུང་ཐང་གཙུག་ལག་ཁང་གི་བདག་དབང་སླར་ཡང་ས་གནས་སྲིད་གཞུང་ལ་ཕུལ།  གནས་ཡུལ་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་དུ་གནས།

1_4 དགའ་བ་གདོང་དགོན།

.jpg

དུས་རབས་བཅུ་གསུམ་ནང་ཞིག་པོ་ཤེས་རབ་ཀྱིས་ཕྱག་བཏབ། དགེ་འདུན་ཁྲི་ཕྲག་བརྒལ་བ་འདུས་ཏེ་བཀའ་གདམས་ཀྱི་བསྟན་པ་ཤིན་ཏུ་རྒྱས་པར་བྱས། འདིར་རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་འབར་གཙོ་ཞུགས་མཛད། རྗེས་སུ་རྒྱལ་བ་ཙོང་ཁ་པ་སྐུ་མཚམས་ཞུགས་ས་དང་། བླ་མ་དབུ་མ་བ་བརྩོན་འགྲུས་སེང་གེས་ལོ་ཙཱ་མཛད་དེ་འཇམ་དབྱངས་ཀྱིས་རྗེ་ཙོང་ཁ་པ་ལ་ལྟ་བའི་སྐོར་གྱི་ཆོས་མང་པོ་གསུངས་ཏེ་བྱ་བྲལ་མཛད་དགོས་པར་ལུང་བསྟན་གནང་། གནས་ཡུལ་དགའ་གདོང་ཤང་དགའ་གདོང་གྲོང་ཚོར་འདུག

1_5 སྐྱོར་མོ་ལུང་དགོན།

.jpg

འདི་ནི་སྤྱི་ལོ་༡༡༦༩ལོར་སྦལ་ཏི་དགྲ་བཅོམ་པ་བརྩོན་འགྲུས་དབང་ཕྱུག་གིས་ཕྱག་བཏབ། དགོན་འདིའི་མཚན་ཉིད་གྲྭ་ཚང་དུ་འདུལ་མཛོད་ཀྱི་འཆད་ཉན་གཙོ་བོར་མཛད་པས་དགོན་འདིའི་གདན་རབས་བཅུ་གཅིག་པ་བཀའ་བཞི་པ་བློ་གྲོས་བཟང་པོའི་སྐུ་མདུན་ནས་རྗེ་ཙོང་ཁ་པས་འདུལ་མཛོད་གསན་གནང་མཛད། གནས་ཡུལ་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་ཤང་སྦྱར་རགས་གྲོང་རྡལ་དུ་ཡོད།

1_6 ཟུལ་ཕུ་དགོན།

.jpg21

འདི་ནི་རྨ་ཚོའི་སློབ་མ་རྒྱ་འདུལ་འཛིན་གྱིས་དུས་རབས་བཅུ་གཉིས་ནང་ཕྱག་བཏབ། ཁོང་ནི་འབྲེ་ཆེན་པོ་ལས་རབ་ཏུ་བྱུང་སྟེ་མཚན་བརྩོན་འགྲུས་འབར་གསོལ། ལག་སོར་བ་དང་སྟོད་ལུང་པ་རིན་ཆེན་སྙིང་པོ་ལས་བཀའ་གདམས་གསན། ཟུལ་ཕུའི་གདན་ས་བཏབ། པེ་དཀར་གྱིས་བཙུན་གཟུགས་སུ་སྤྲུལ་ཏེ་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་པ་གཅིག་པུ་ལས་མ་མཐོང་བས་དད། ལོ་དགུ་ཚོགས་པ་བསྐྱངས་རྗེས་མན་ངག་ཟབ་མོའི་ཉམས་ལེན་མཛད་དེ་བཞུགས། སློབ་མ་འགྲོ་བ་ལ་ཕན་ནུས་པ་བདུན་ཅུ་དོན་དྲུག་བྱུང་དེ་ལྟར་བྱ་འདུལ་འཛིན་གྱིས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ་དགུང་ལོ་བདུན་ཅུ་དོན་དྲུག་པ་ཟུལ་ཕུར་སྐུ་གཤེགས། བྱའི་སྣག་དབོན་རོག་ཆོས་དབང་གིས་བྱ་འདུལ་གཤེགས་ནས་ལོ་གསུམ་ན་ཟུར་ཕུའི་གདན་ས་མཛད། དེ་ནས་བཟུང་སྟེ་རོག་གི་གདུང་རྒྱུད་ཀྱིས་ཟུར་ཕུ་བཟུང་། རྗེས་སུ་སོག་དམག་གིས་གདན་ས་འདི་གཏོར་སྐྱོན་གཏང་བར་གྲགས། ད་ལྟ་གྱང་ཤུལ་དུ་གནས་སོ། །གནས་ཡུལ་ཆུ་ཤུར་རྫོང་ཚལ་སྣ་ཤང་ཚལ་སྣ་གྲོང་ཚོའི་ཟུལ་ཕུའི་ཕུར་འདུག