ཕ་རི་སི་ཀུང་ཧྲེ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2018-10-31 10:10ལ་འགྲུབ།

ཕ་རི་སི་ཀུང་ཧྲེ།

ཕ་རི་སི་ཀུང་ཧྲེ།
ཕ་རི་སི་ཀུང་ཧྲེ་ནི་སྤྱི་ལོ1871ལོའི་ཟླ3པའི་ཚེས18ནས་ཟླ5པའི་ཚེས28བར་གྱི་དུས་ཡུན་ཐུང་ངུའི་ནང་ཕ་རི་སིར་དབང་སྒྱུར་བྱས་པའི་གནས་སྐབས་སྲིད་གཞུང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕ་རི་སི་ཀུང་ཧྲེ།
རྒྱ་ཡིག་གི་མིང་།
巴黎公社
ཕྱི་ཡིག་གི་མིང་།
The Paris commune revolution
དུས་ཚོད།
སྤྱི་ལོ1871ལོའི་ཟླ3པ།
ས་གནས།
ཧྥ་རན་སེའི་ཕ་རི་སི།
1 མི་རིགས་ཀྱི་ཉམས་ཉེན།

སྤྱི་ལོ1870ལོར། ཕུའུ་ལུའུ་ཧྲི་དང་ཧྥ་རན་སེའི་བར་དམག་འཁྲུག་བྱུང་སྟེ། ཕུའུ་ཧྥ་དམག་འཁྲུག་ཁྲོད་ཧྥ་རན་སེར་ཕམ་ཁ་ཁེལ་ཅིང་། ཕུའུ་ལུའུ་ཧྲིའི་དམག་དཔུང་ཐད་ཀར་ཕ་རི་སིའི་མཁར་འདབས་སུ་བཅར་ནས་ཧྥ་རན་སེའི་གོང་མའི་རྒྱལ་ཁབ་གཉིས་པ་ཐོར་ཞིག་ཏུ་བཏང་། འབྱོར་ལྡན་གྲལ་རིམ་གྱི་གནས་སྐབས་སྲིད་གཞུང་གིས་ཕ་རི་སི་མཁར་གྲོང་སྐོར་སྐྱིལ་བྱས་པའི་དགྲ་སྡེ་ལ་པུས་བཙུགས་མགོ་སྒུར་གྱི་སྲིད་ཇུས་སྤྱད་ནས། འཇར་མན་དང་མངའ་ཁོངས་བཅད་སྤྲོད་དང་གསབ་དངུལ་སྤྲོད་པའི་ཆིངས་ཡིག་འཆར་ཟིན་བཞག 

2 རྒྱལ་ནང་གི་འགལ་བ། 

གནས་སྐབས་སྲིད་གཞུང་གིས་ལྐོག་ཏུ་དམག་དཔུང་སྐོང་འཐེན་བྱས་ཏེ། དྲག་ཤུགས་ལ་བརྟེན་ནས་ཕ་རི་སི་མི་དམངས་ཀྱི་དྲག་དཔུང་སྟེ་རྒྱལ་དམངས་རང་སྲུང་དམག་དཔུང་གཏོར་བར་ལྟ་གོན་བྱས། 

3 ཕ་རི་སི་ཀུང་ཧྲེ་དབུ་བརྙེས་པ།

སྤྱི་ལོ1871ལོའི་ཟླ3པའི་ཚེས18ཉིན་གྱི་ནམ་ལངས་ཁར། སྲིད་གཞུང་དམག་གིས་ཕ་རི་སི་མཁར་གྲོང་ནང་གི་མོང་མ་ཐེར་མཐོ་སྒང་སོགས་རྒྱལ་དམངས་རང་སྲུང་དམག་གི་མེ་སྒྱོགས་འཕྲོག་རྩིས་བྱེད་པའི་གནས་ཚུལ་ཤེས་པས།ཕ་རི་སི་ནས་ཉེན་བརྡའི་ཅོང་བརྡ་ཡུན་རིང་བསྒྲགས་ཤིང་གསར་བརྗེ་ཐེངས་ཤིག་ལངས། རྒྱལ་དམངས་རང་སྲུང་དམག་གིས་སྲིད་གཞུང་དམག་ལ་དཔུང་གི་སྦྱོར་བ་མངོན་པར་བཤམས་ཏེ། ཉིན་དེའི་མཚན་མོར་མཁར་ནང་གི་འཐབ་ཇུས་ཐོག་གི་གནད་ས་བླངས་ལ། གནས་སྐབས་སྲིད་གཞུང་ཕམ་སྟེ་ཕ་རི་སི་གྲོང་འདབས་ཀྱི་ཝེར་སེལ་ལ་བྲོས། ཟླ3པའི་ཚེས28ཉིན། ཕ་རི་སི་མི་དམངས་ཀྱི་འདེམ་བསྐོ་བརྒྱུད་ནས་རང་ཉིད་ཀྱི་སྲིད་དབང་སྟེ་ཕ་རི་སི་ཀུང་ཧྲེ་བཙུགས། 

4 གསར་བརྗེ་བྱེད་ཐབས། 

སྲིད་དབང་ཐད། དམངས་གཙོའི་འདེམས་བསྐོ་བརྒྱུད་དེ་བྱུང་བའི་ཀུང་ཧྲེའི་ཨུ་ཡོན་ལྷན་ཚོགས་ནི་དབང་ཆའི་ལས་ཁུངས་མཐོ་ཤོས་ཡིན་པ་དང་། དེར་ཁྲིམས་འཛུགས་དབང་ཆ་དང་སྲིད་འཛིན་དབང་ཆ་མངའ། 

དམག་དོན་ཐད། དམག་དཔུང་རྙིང་བ་དོར་ནས་རྒྱལ་དམངས་རང་སྲུང་དམག་གིས་དེའི་ཚབ་བྱེད་པ། 

དམངས་དོན་ཐད། མི་དམངས་ལ་ལྟ་སྐུལ་དང་གནས་དབྱུང་གཏོང་བའི་དབང་ཆ་ཡོད་པ། 

དཔལ་འབྱོར་ཐད། བྲོས་བྱོལ་བྱས་པའི་མ་རྩ་ཅན་གྱི་བཟོ་གྲྭ་གཞུང་བཞེས་བྱས་ཏེ། བཟོ་བའི་མཉམ་ལས་ཁང་ལ་སྤྲད་ནས་བདག་གཉེར་བྱེད་པ། 

5 ཕ་རི་སིའི་ཆག་འཇིག

ཕ་རི་སི་ཀུང་ཧྲེས་ཧྥ་རན་སེའི་དངུལ་ཁང་རྩིས་ལེན་བདག་སྤྲོད་མ་བྱས་ལ། ཞིང་ཆེན་གཞན་པའི་གསར་བརྗེ་བར་འབྲེལ་གཏུག་ཀྱང་མ་བྱས། ལྷག་པར་དུ་རྒྱ་ཆེ་བའི་ཞིང་བ་མང་ཚོགས་ལ་སྐུལ་སློང་མ་བྱས་པས། གནས་སྐབས་སྲིད་གཞུང་གིས་ཧྥ་རན་སེའི་དངུལ་ཁང་གི་ནོར་སྲིད་རྒྱབ་སྐྱོར་ལ་བརྟེན་ནས། ཧུར་བརྩོན་སྒོས་དམག་དཔུང་སྐོང་འཐེན་བྱས་ཏེ། ཕ་རི་སི་ཀུང་ཧྲེར་སྨྱོ་ཧམ་ཆེན་པོས་དཔུང་འཇུག་བྱས། ཟླ5པའི་ཟླ་སྨད་དུ། དགྲ་སྡེས་ཕ་རི་སི་གྲོང་ཁུལ་ལ་དཔུང་འཇུག་བྱས། ཀུང་ཧྲེའི་འཐབ་མོ་རྣམས་ཀྱིས་དགྲ་ལ་མཉམ་ལྡང་གིས་དམར་འཛིང་བྱས་ཤིང་། གཟའ་འཁོར་གཅིག་རིང་ལ་འཐབ་འཛིང་བྱས་མཐར་ཕ་རི་སི་ཀུང་ཧྲེར་ཁྲག་གི་རྒྱ་མཚོ་བསྐྱིལ། 

6 ལོ་རྒྱུས་དོན་སྙིང་། 

ཕ་རི་སི་ཀུང་ཧྲེ་ཕམ་མོད། འོན་ཀྱང་དེ་ནི་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་བཙུགས་པའི་རླབས་ཆེ་བའི་ཚོད་ལྟ་དང་པོ་ཡིན། དེའི་ལག་ལེན་གྱིས་མར་ཁེ་སི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པར་བཏང་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་ལ་ཉམས་མྱོང་དང་བསླབ་བྱ་རྩ་ཆེན་འདོན་སྤྲོད་བྱས།