ཚོང་རའི་འགྲན་རྩོད་པའི་དབྱེ་ཞིབ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2018-10-25 17:13ལ་འགྲུབ།

ཚོང་རའི་འགྲན་རྩོད་པའི་དབྱེ་ཞིབ།

ཚོང་རའི་འགྲན་རྩོད་པའི་དབྱེ་ཞིབ།
སྤྱིར་བཏང་དུ་ཁེ་ལས་རང་ཉིད་ཀྱིས་འདོན་སྤྲོད་བྱས་པའི་ཐོན་རྫས་དང་འདྲ་ཞིང་། ཞབས་ཞུའི་དམིགས་འབེན་ཏེ་མགྲོན་པོ་དང་འདྲ་བའི་ཁེ་ལས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
市场竞争者分析
ཕྱི་ཡིག་གི་མིང་།
Market Players analyse
1 འགྲན་རྩོད་པ་ངོས་འཛིན་བྱེད་པ།

འགྲན་རྩོད་དོ་ཟླ་ནི་སྤྱིར་བཏང་དུ་ཁེ་ལས་རང་ཉིད་ཀྱིས་འདོན་སྤྲོད་བྱས་པའི་ཐོན་རྫས་དང་འདྲ་ཞིང་།  ཞབས་ཞུའི་དམིགས་འབེན་ཏེ་མགྲོན་པོ་དང་འདྲ་བའི་ཁེ་ལས་ལ་ཟེར། དཔེར་ན། ཁྲོང་ཝེ་བརྙན་འཕྲིན་འཕྲུལ་ཆས་དང་ཁ་ཅ་བརྙན་འཕྲིན་འཕྲུལ་ཆས་ནི་ཁྲང་ཧུང་བརྙན་འཕྲིན་འཕྲུལ་ཀྱི་འགྲན་རྩོད་དོ་ཟླ་ཡིན་པ་དང་། ཁང་ཧྲེ་ཧྥུའུ་དང་ཐུང་དབྱི་ནི་ཧྭ་ལུང་ཚོགས་པའི་འགྲན་རྩོད་དོ་ཟླ་གཙོ་བོ་ཡིན། འགྲན་རྩོད་པ་ངོས་འཛིན་བྱེད་པ་ནི་བལྟས་ན་ལས་སླ་མོ་ཞིག་ཡིན་ཀྱང་། དོན་དངོས་སུ་ཁེ་ལས་ཀྱི་མི་མངོན་པའི་འགྲན་རྩོད་དོ་ཟླའི་ཁྱབ་ཁོངས་ཧ་ཅང་ཆེ་ཕྱིར། ལས་རིགས་དང་ཚོང་ར་ཕྱོགས་གཉིས་ནས་ཁེ་ལས་ཀྱི་འགྲན་རྩོད་དོ་ཟླ་ངོས་འཛིན་བྱ་དགོས།

ལས་རིགས་འགྲན་རྩོད་ནི་ལས་རིགས་གཅིག་འདྲའི་ནང་དུ་ཐོན་རྫས་རིགས་འདྲ་བའམ་ཡང་ན་ཕན་ཚུན་ཚབ་བྱེད་ཐོན་རྫས་འདོན་སྤྲོད་བྱེད་པའི་ཁེ་ལས་ལ་ཟེར། གལ་ཏེ་ཐོན་རྫས་རིགས་ཤིག་གི་རིན་གོང་འཕར་ཚེ། ཚབ་བྱེད་ཐོན་རྫས་གཞན་ཞིག་གི་དགོས་མཁོ་ཇེ་མང་དུ་འགྲོ་བ་ཡིན། ཁེ་ལས་ཀྱིས་རིགས་ཧྲིལ་པོའི་ཁྲོད་ཕན་ཡོད་ཀྱི་གནས་སུ་རྐང་ཚུགས་དགོས་ན། ལས་རིགས་འགྲན་རྩོད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་སུ་ནས་རྒྱུས་ལོན་བྱས་ཏེ། རང་ཉིད་ཀྱི་འགྲན་རྩོད་དོ་ཟླ་གཏན་འཁེལ་བྱ་དགོས། ཚོང་རའི་ཕྱོགས་ནས་བལྟས་ན། འགྲན་རྩོད་དོ་ཟླ་ནི་ཚོང་རའི་དགོས་མཁོ་གཅིག་འདྲ་སྐོང་བའི་ཁེ་ལས་དེ་དག་ལ་ཟེར། དཔེར་ན། རྡོ་སྣུམ་དང་རང་བྱུང་སོལ་རླངས་ནི་རླངས་འཁོར་གྱི་འབར་རྫས་སུ་བཀོལ་ཆོག་ལ། རྡོ་སྣུམ་དང་རང་བྱུང་སོལ་རླངས་བར་འབྲེལ་བ་ཆེན་པོ་ཞིག་ཡོད། འགྲན་རྩོད་དོ་ཟླ་ངོས་འཛིན་བྱེད་པར་སྤྱིར་བཏང་དུ་ལས་རིགས་དང་ཚོང་ར་གཉིས་སྤྱད་དེ། ཐོན་རྫས་ཞིབ་ཏུ་དབྱེ་བ་དང་ཚོང་ར་ཞིབ་ཏུ་དབྱེ་བ་གཉིས་ཟུང་འབྲེལ་གྱི་ཕྱོགས་བསྡུས་བྱེད་ཐབས་སྤྱོད་དགོས།

ལས་རིགས་གནས་ཚུལ་དེ་ཐོག་མར་དགོས་མཁོ་དང་མཁོ་སྤྲོད་ཀྱི་གཞི་རྩའི་གནས་ཚུལ་གྱིས་ཐག་གཅོད་བྱེད་པ་ཞིག་ཡིན་ལ། མཁོ་སྤྲོད་དང་དགོས་མཁོ་ཡིས་ལས་རིགས་གྲུབ་ཚུལ་དང་ལས་རིགས་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། དཔེར་ན། ཐོན་རྫས་གསར་སྤེལ་དང་། རིན་གོང་གཏན་འཁེལ། བརྡ་ཁྱབ་སོགས་ཡིན། ལས་རིགས་བྱ་སྤྱོད་ཀྱིས་ལས་རིགས་ཀྱི་ཕན་འབྲས་ཐག་གཅོད་བྱེད་པ་ཡིན། ལས་རིགས་གྲུབ་ཚུལ་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་གཙོ་བོའི་ཁྲོད་ཕྱིར་འཚོང་ཚོང་བའི་གྲངས་འབོར་དང་ཐོན་རྫས་བཟང་ངན་གྱི་ཁྱད་པར། ནང་དུ་ཞུགས་པ་དང་འཁོར་རྒྱུག་གི་འགལ་རྐྱེན། ཕྱིར་འབུད་པ་དང་ཕྱིར་འཐེན་པའི་འགལ་རྐྱེན། མ་གནས་གྲུབ་ཚུལ་སོགས་འདུས།

ཕྱིར་འཚོང་ཚོང་བའི་གྲངས་འབོར་དང་ཐོན་རྫས་བཟང་ངན་གྱི་ཁྱད་པར་གྱིས་ལས་རིགས་གྲུབ་ཚུལ་རྣམ་པ་ལྔ་བྱུང་ཡོད་དེ། རེའུ་མིག1--1ལྟར་ཡིན། 

.png

ཡོད་ཚད་སྒེར་སྡེམ་ནི་ས་ཁོངས་ངེས་ཅན་ཞིག་གི་ནང་ལས་རིགས་ག་གེ་མོ་ཞིག་ལ་ཁེ་ལས་གཅིག་ཁོ་ནས་ཐོན་རྫས་དང་ཡང་ན་ཞབས་ཞུ་འདོན་སྤྲོད་བྱེད་པ་དེར་ཟེར། དེ་ལ་སྲིད་གཞུང་གི་སྒེར་སྡེམ་དང་མི་སྒེར་གྱི་སྒེར་སྡེམ་གཉིས་སུ་དབྱེ་ཆོག མི་སྒེར་གྱིས་སྒེར་སྡེམ་བྱེད་པའི་ཆ་རྐྱེན་འོག ཚབ་བྱེད་ཐོན་རྫས་མེད་ཕྱིར་ཆེས་ཆེའི་ཁེ་སྤོགས་བརྩོན་ལེན་བྱེད་པའམ་ཡང་གཏན་ནས་མི་བྱེད་པར་མ་ཟད་ཞབས་ཞུའང་ཉུང་ཙམ་ལས་འདོན་སྤྲོད་མི་བྱེད།

ཡོད་ཚད་དབང་འཛིན་མཁན་ཉུང་ཤས་ཀྱི་སྒེར་སྡེམ་བྱེད་པའི་ལས་རིགས་ཤིག་གི་ནང་ཀུང་སི་ཆེན་པོ་ཉུང་ཤས་འགས་འདོན་སྤྲོད་བྱས་པའི་ཐོན་རྫས་དང་ཞབས་ཞུ་ཡིས་ཚོང་རའི་མང་ཆེ་བ་ཟིན་པ་མ་ཟད་ཕན་ཚུན་འགྲན་རྩོད་བྱེད་ཅིང་། དེ་ལ་ཡོད་ཚད་དབང་འཛིན་མཁན་ཉུང་ཤས་ཀྱི་སྒེར་སྡེམ་དང་ཡོད་ཚད་དབང་འཛིན་མཁན་ཉུང་ཤས་ཀྱི་སྒེར་སྡེམ་མིན་པ་གཉིས་སུ་དབྱེ་ཆོག ཡོད་ཚད་དབང་འཛིན་ཉུང་ཤས་ཀྱི་སྒེར་སྡེམ་དེ་ལ་ཁྱད་པར་མེད་པའི་དབང་འཛིན་མཁན་ཉུང་ཤས་ཀྱི་སྒེར་སྡེམ་ཡང་ཟེར་ལ། ལས་རིགས་ཤིག་གི་ནང་ཀུང་སི་ཆེན་པོ་ཉུང་ཤས་འགས་འདོན་སྤྲོད་བྱས་པའི་ཐོན་རྫས་ལ་ཁྱད་པར་མེད་འདོད་ཅིང་། ཚོང་རྟགས་མི་འདྲ་བར་ཁྱད་པར་ཅན་གྱི་དགའ་ཕྱོགས་མེད་པ་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྣོ་ལྕགས་དང་ཧ་ཡང་། འགྱིག་འཁོར།  རྡོ་སྣུམ་སོགས་ལས་རིགས་མང་ཆེ་བ་ནི་དབང་འཛིན་མཁན་ཉུང་ཤས་ཀྱིས་སྒེར་སྡེམ་བྱས་ཡོད། ཡོད་ཚད་དབང་འཛིན་མཁན་ཉུང་ཤས་ཀྱིས་སྒེར་སྡེམ་བྱས་ཡོད། ཡོད་ཚད་དབང་འཛིན་མཁན་ཉུང་ཤས་ཀྱིས་སྒེར་སྡེམ་བྱས་པའི་ཆ་རྐྱེན་འོག་ཁེ་ལས་ཤིག་གིས་ཐོན་རྫས་ཀྱི་རིན་གོང་བསྒྱུར་ཚེ་འགྲན་རྩོད་མཁན་གྱི་བསམ་འཆར་དྲག་པོ་འབྱུང་བ་དང་། དབང་འཛིན་མཁན་ཉུང་ཤས་ཀྱི་ཁེ་ལས་ཕན་ཚུན་བར་གྱི་བཀག་སྐྱིལ་དབང་གིས་ཁེ་ལས་སོ་སོས་ལས་རིགས་སུ་ད་ལྟ་སྤྱོད་བཞིན་པའི་རིན་གོང་གཞིར་བཟུང་སྟེ་རིན་གོང་གཏན་འབེབས་བྱེད་པ་ལས།  རང་འདོད་ལྟར་རིན་གོང་བསྒྱུར་མི་ཆོག འགྲན་རྩོད་ཀྱི་ཐབས་ཤེས་གཙོ་བོ་ནི་དོ་དམ་བསྒྱུར་བཅོས་དང་། མ་གནས་ཇེ་དམའ་རུ་གཏོང་བ་དང་ཞབས་ཞུ་ཇེ་མང་དུ་གཏོང་བ་སོགས་ཡིན།

ཡོད་ཚད་དབང་འཛིན་མཁན་ཉུང་ཤས་ཀྱི་སྒེར་སྡེམ་མིན་པ་དེར་ཁྱད་པར་ཅན་གྱི་དབང་འཛིན་ཉུང་ཤས་ཀྱི་སྒེར་སྡེམ་ཡང་ཟེར།  ལས་རིགས་ཤིག་གི་ནང་ཀུང་སི་སོ་སོའི་ཐོན་རྫས་ལ་ཁྱད་པར་ཡོད་ལ། གྲགས་ཅན་ཚོང་ཟོག་ཁ་ཤས་ལ་ཧ་ཅང་དགའ་བོ་བྱེད་ངེས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རླངས་འཁོར་དང་གནམ་གྲུ། རྩིས་འཁོར་སོགས་ལས་རིགས་མང་ཆེ་བ་ནི་ཁྱད་པར་ཅན་གྱི་དབང་འཛིན་མཁན་ཉུང་ཤས་ཀྱིས་སྒེར་སྡེམ་བྱས་ཡོད། མགྲོན་པོས་རིགས་འདྲ་བའི་ཐོན་རྫས་ལས་རིན་གོང་མཐོ་ཞིང་རང་ཉིད་དགའ་བའི་ཚོང་ཟོག་ཉོ་འདོད་པ་ཡིན། ཡོད་ཚད་དབང་འཛིན་མཁན་ཉུང་ཤས་ཀྱི་སྒེར་སྡེམ་མིན་པའི་ཁེ་ལས་ཀྱིས་རང་ཉིད་ཀྱིས་གཉེར་སྐྱོང་བྱེད་ཅིང་མགྲོན་པོ་དགའ་པོ་བྱེད་པའི་གྲགས་ཅན་ཐོན་རྫས་ལ་སྒེར་སྡེམ་བྱས་ནས། རིན་གོང་ཅུང་མཐོན་པོ་ཞིག་གཏན་ཁེལ་བྱས་ཏེ་ཁེ་སྤོགས་ཇེ་མང་དུ་བཏང་ཆོག འགྲན་རྩོད་ཀྱི་གནད་ས་ནི་རིན་གོང་མ་ཡིན་པར་ཐོན་རྫས་ཁྱད་ཆོས་ལྡན་པར་བྱ་རྒྱུ་དེ་ཡིན།

སྒེར་སྡེམ་འགྲན་རྩོད་ནི་ལས་རིགས་ཤིག་གི་ནང་འཚོང་མཁན་མང་པོས་ཕན་ཚུན་གྱི་ཐོན་རྫས་སྤུས་ཚད་དང་། ནུས་ཆོད། བཟོ་དབྱིབས་དང་ཞབས་ཞུ་སོགས་ཀྱི་ཁྱད་པར་དབང་གིས། མགྲོན་པོ་ལ་ལ་ཞིག་ཐོན་རྫས་ཁ་ཤས་ལ་དགའ་ཞིང་ཁ་ཤས་ལ་དེ་འདྲ་དགའ་བོ་མེད། འཚོང་མཁན་སོ་སོས་ཐོན་རྫས་ཀྱི་ཁྱད་པར་རང་བཞིན་ལ་བརྟེན་ནས་མགྲོན་པོ་བཀུག་ནས་འགྲན་རྩོད་བྱེད་པ་དེར་ཟེར། ཁེ་ལས་འགྲན་རྩོད་ཀྱི་གནད་ས་ནི་ཁེ་ལས་རང་ཉིད་ཀྱི་ཚོང་རྟགས་དང་འགྲན་རྩོད་པའི་ཚོང་རྟགས་ཁྱད་པར་བར་གྱི་འགྲན་རྩོད་དེ་ཡིན་ལ། ཁྱད་ཆོས་འབུར་ཐོན། དམིགས་འབེན་ཚོང་རའི་དགོས་མཁོ་སྔར་ལས་ལྷག་པར་བསྐངས་ཏེ་ཁེ་སྤོགས་ཐོབ་ཐབས་བྱ་དགོས།

ཡོད་ཚད་འགྲན་རྩོད་ནི་ལས་རིགས་ཤིག་གི་ནང་དུ་འཚོང་མཁན་མང་པོ་ཡོད་ཅིང་ཕན་ཚུན་གྱི་ཐོན་རྫས་ལ་ཁྱད་པར་མེད་པ་དེ་ཡིན། ཡོད་ཚད་འགྲན་རྩོད་མང་ཆེ་བ་ཞིག་རིན་ཐང་འདྲ་མཉམ་གྱི་ཐོན་རྫས་ཚོང་རར་གནས་ཏེ། དཔེར་ན་ཞིང་ལས་ཐོན་རྫས་ལྟ་བུ། ཉོ་འཚོང་ཕྱོགས་གཉིས་ཀྱིས་མཁོ་སྤྲོད་དང་དགོས་མཁོའི་འབྲེལ་བས་ཐག་གཅོད་བྱས་པའི་ད་ལྟ་སྤྱོད་བཞིན་པའི་ཚོང་རའི་རིན་གོང་གཞིར་བཟུང་སྟེ་ཐོན་རྫས་ཉོ་འཚོང་བྱེད་དགོས་པས། ཚང་མ་རིན་གོང་དང་ལེན་བྱེད་མཁན་ཡིན་པ་ལས་རིན་གོང་ཐག་གཅོད་བྱེད་མཁན་མིན། ཁེ་ལས་འགྲན་རྩོད་འཐབ་ཇུས་ཀྱི་གནད་ས་ནི་མ་གནས་ཇེ་དམའ་རུ་གཏོང་བ་དང་། ཞབས་ཞུ་མང་དུ་གཏོང་བ་མ་ཟད་ཐོན་རྫས་གསར་སྤེལ་བྱེད་བརྒྱུད་འགྲན་རྩོད་པའི་ཚོང་རྫས་བར་གྱི་ཁྱད་པར་ཇེ་ཆེར་གཏོང་བའམ། ཡང་ན་བརྡ་ཁྱབ་བརྒྱུད་དེ་ཐོན་རྫས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཏེ་མགྲོ་པོའི་མིག་ནང་གི་ཐོན་རྫས་ཀྱི་ཁྱད་པར་དབྱེ་དགོས།

2 འགྲན་རྩོད་དོ་ཟླའི་འཐབ་ཇུས་དང་དམིགས་འབེན་གཏན་འབེབས།

འགྲན་རྩོད་དོ་ཟླ་སོ་སོར་དམིགས་ས་མི་འདྲ་བའི་དམིགས་འབེན་རེ་ཡོད་དེ། དཔེར་ན། ཁེ་སྤོགས་ཐོབ་ཐབས་ཀྱི་ནུས་པ་དང་ཚོང་ར་བདག་བཟུང་བྱེད་ཚད། ལག་དངུལ་འཁོར་རྒྱུག་གི་ཚད། ལག་རྩལ་སྔོན་ཐོན། ཞབས་ཞུ་སྣ་འཛོམས་སོགས་ལྟ་བུའོ། །འགྲན་རྩོད་དོ་ཟླ་རེ་རའི་དམིགས་ཡུལ་ཅི་ཞིག་ཡིན་པ་རྒྱུས་ལོན་གསལ་པོ་བྱས་ན་ད་གཟོད་ཁོ་ཚོའི་འགྲན་རྩོད་བྱ་སྤྱོད་མི་འདྲ་བ་འབྱུང་ངེས་པའི་རྣམ་པར་ཚོད་དཔག་ཡང་དག་པ་བྱེད་ཐུབ། འགྲན་རྩོད་དམིགས་ཡུལ་གྱི་ཁྱད་པར་གྱིས་གཉེར་སྐྱོང་རྣམ་པར་ཤུགས་རྐྱེན་ཐེབས་སྲིད། ཨ་རིའི་ཁེ་ལས་ཀྱིས་སྤྱིར་བཏང་དུ་དུས་ཡུན་ཐུང་ངུའི་ནང་གི་ཁེ་སྤོགས་ཆེན་པོ་བརྩོན་པའི་གཉེར་སྐྱོང་རྣམ་པ་སྤྱོད་པ་ཡིན། རྒྱུ་མཚན་ནི་ཁེ་ལས་ཀྱི་སྐབས་དེའི་གྲུབ་འབྲས་ནི་མ་རྐང་འཇོག་མཁན་གྱིས་དཔྱད་བསྡུར་བྱེད་ངེས། འཇར་པན་གྱི་ཁེ་ལས་ཀྱིས་སྤྱིར་བཏང་དུ་ཚོང་ར་བདག་ཏུ་བཟུང་ཚད་ཆེས་ཆེ་བའི་གཉེར་སྐྱོང་རྣམ་པ་སྤྱོད་པ་ཡིན། རྒྱུ་མཚན་ནི་མ་རྩ་མང་ཆེ་ཤོས་ནི་དངུལ་ཁང་གི་ཡིན་ཞིང་། ཐོན་ཁུངས་ཧ་ཅང་དཀོན་པའི་རྒྱལ་ཁབ་ཅིག་གིས་མི་གྲངས་དུང་ཕྱུར་གཅིག་ལྷག་ལ་ལས་ཞུགས་འདོན་སྤྲོད་བྱེད་དགོས་ན། ཁེ་སྤོགས་ཀྱི་བླང་བྱ་བལྟོས་བཅས་ཀྱི་དམའ་བ་ཡིན། དེར་བརྟེན། ཐོན་རྫས་ཀྱི་རིན་གོང་ཅུང་དམའ་ཞིང་ཚོང་རར་སིམ་འཛུལ་བྱས་ཚད་ཧ་ཅང་ཆེ་བ་ཡིན།

ཁེ་ལས་སོ་སོས་སྤྱད་པའི་གཉེར་སྐྱོང་འཐབ་ཇུས་ཇི་ལྟར་འདྲ་ན་ཕན་ཚུན་བར་གྱི་འགྲན་རྩོད་ཀྱང་དེ་བས་ཛ་དྲག་ཏུ་འགྱུར་ངེས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལས་རིགས་མང་ཆེ་བའི་ཁྲོད། ཁེ་ལས་ཀྱིས་སྤྱད་པའི་འཐབ་ཇུས་མི་འདྲ་བར་གཞིགས་ཏེ། འགྲན་རྩོད་དོ་ཟླ་དེ་རིགས་མི་འདྲ་བའི་འཐབ་ཇུས་ཚོགས་པར་བགར་ཆོག དཔེར་ན། པིན་ཁྲིའི་རླངས་འཁོར་དེ་ཧྥིན་ཐེན་རླངས་འཁོར་དང་རིགས་མི་འདྲ་བའི་འཐབ་ཇུས་ཚོགས་པའི་ཁྲོད་དུ་གནས་ཡོད། འཐབ་ཇུས་ཚོགས་པ་སོ་སོར་ཞུགས་པའི་དཀའ་ངལ་གྱི་ཚད་ཀྱང་མི་འདྲ། སྤྱིར་བཏང་དུ་ཁེ་ལས་ཆུང་གྲས་དེ་མ་དངུལ་གཏོང་ཚད་ཉུང་ཞིང་མིང་གྲགས་ཆེན་པོ་མེད་པའི་ཚོགས་པའི་ཁྲོད་ཞུགས་སླ་ཞིང་། དངོས་ཤུགས་ཆེན་པོ་ལྡན་པའི་ཁེ་ལས་ཆེ་གྲས་ཀྱིས་འགྲན་རྩོད་རང་བཞིན་ཧ་ཅང་ཆེ་བའི་ཚོགས་པའི་ཁྲོད་ཞུགས་པར་བསམ་བློ་བཏང་ཆོག ཁེ་ལས་ཀྱིས་འཐབ་ཇུས་ཚོགས་པ་གཞན་ཞིག་ཏུ་ཞུགས་རྒྱུ་ཐག་གཅོད་བྱས་ཚེ། ཐོག་མར་སུ་ཞིག་ནི་འགྲན་རྩོད་པ་གཙོ་བོ་ཡིན་པ་གསལ་པོར་ཤེས་དགོས་པ་དང་། རྗེས་སུ་རང་ཉིད་ཀྱི་འགྲན་རྩོད་འཐབ་ཇུས་ཐག་གཅོད་བྱ་དགོས།

3 འགྲན་རྩོད་བྱེད་སྟངས་དཔྱད་བསྡུར།

འགྲན་རྩོད་དོ་ཟླའི་གཉེར་སྐྱོང་གི་བསམ་བློ་དང་གཉེར་སྐྱོང་གི་མཚན་ཉིད་རིག་པ། དམིགས་འབེན། འཐབ་ཇུས། བབ་བཟང་དང་གནས་བབ་ངན་པ་བཅས་ཀྱིས་རིན་གོང་གཅོག་པ་དང་། སྐུལ་འཚོང་། ཐོན་རྫས་གསར་པ་གསར་འདོན་བྱེད་པ་སོགས་ཚོང་རའི་འཐབ་ཇུས་ཀྱི་ཚུར་སྣང་ཐག་གཅོད་བྱེད་པ་ཡིན། གཙོ་བོ་གཤམ་གྱི་ཕྱོགས་འགའི་ཚུར་སྣང་ཡོད་དེ།

1. འགྲན་རྩོད་ཆུང་བའི་འགྲན་རྩོད་དོ་ཟླ་ཞེས་པ་ནི་ཚོར་བ་སྐྱེན་པོ་མིན་ཞིང་འགུལ་སྐྱོད་དལ་བ་དང་། མགྲོན་པོས་རང་ཉིད་ཀྱི་ཐོན་རྫས་ལ་དགའ་པོ་བྱེད་ཀྱིན་ཡོད་སྙམ་པ་དེར་ཟེར། ཡང་ན་མཐོང་ཆེན་མ་བྱས་པས་དོ་ཟླའི་བྱེད་ཐབས་གསར་པ་མ་མཐོང་བ་དང་། ཡང་ན་མ་རྩ་མི་འདང་བའི་རྐྱེན་གྱིས་ཚུར་སྣང་བྱེད་ཐབས་མེད་པ་དེ་ཡིན།

2. གདེམ་གསེས་རྣམ་པའི་འགྲན་རྩོད་དོ་ཟླ་ཞེས་པ་ནི་བྱ་སྤྱོད་ཁ་ཤས་ལ་ཚུར་སྣང་ཡོད་པ་དང་། གལ་ཆེན་མ་རེད་སྙམ་པའི་བྱེད་སྒོ་གཞན་དག་ལ་ཚུར་སྣང་མེད་པ་དེར་ཟེར།

3. གཏུམ་དྲག་ཅན་གྱི་འགྲན་རྩོད་དོ་ཟླ་ཞེས་པ་ནི་ཕར་ཕྱོགས་གང་ཐད་ཀྱི་ཚུར་རྒོལ་ཚང་མར་རྒོལ་ལན་དྲག་པོ་ཡོད་པ་དེར་ཟེར། དཔེར་ན་ཀའི་ལན་ཧྲི་ཚོགས་པས་མའེ་ཏི་ཚོགས་པར་རྒོལ་ལན་སློག་པའི་འགྲན་རྩོད་ནི་ཤུགས་དང་ལྡན་པ་ཞིག་རེད།

4. སྟབས་བསྟུན་རྣམ་པའི་འགྲན་རྩོད་དོ་ཟླ་ཞེས་པ་ནི་ཚུར་སྣང་བྱེད་སྟངས་རྟོགས་དཀའ་ཞིང་། དེས་ལན་ཅི་ཞིག་སློག་པར་སྔོན་དཔག་བྱེད་དཀའ་བའི་ཁེ་ལས་དག་ལ་ཟེར།