གཅིག ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་བའི་གྲལ་རིམ་གྱི་སྔོན་ཐོན་དཔུང་ཁག་ཅིག་ཡིན་ཞིང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྔོན་ཐོན་དཔུང་ཁག་ཅིག་ཀྱང་རེད། ཏང་ཞིག་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་གར་སྟེགས་ཐོག་འཛེག་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་བཟོ་བའི་གྲལ་རིམ་གྱི་སྔོན་ཐོན་དཔུང་ཁག་གི་ངོ་བོ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།
གཉིས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་འགྲོ་བའི་རེ་འདུན་མཚོན་པར་བྱེད་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཚོན་པར་བྱེད་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པར་བྱེད་ཀྱི་ཡོད། མཚོན་བྱེད་གསུམ་ནི་ཏང་གི་ངོ་བོར་ནང་དོན་གསར་པ་བཅུག་པ་ཞིག་ཡིན་པས། དེར་དུས་རབས་ཀྱི་དོན་སྙིང་མངོན་གསལ་དོད་པོ་ལྡན་པ་དེས་དཔལ་འབྱོར་དང་། རིག་གནས། ཆབ་སྲིད་བཅས་ཀྱི་ཐད་ཏང་གི་སྔོན་ཐོན་རང་བཞིན་སྔར་བས་ཆ་ཚང་བ་ཞིག་སྙིང་བསྡུས་བྱས་ཡོད།
གསུམ། ཀྲུང་གོ་གུང་ཁྲན་ཏང་གི་ཆེས་མཐོའི་ཕུགས་བསམ་དང་མཐར་གཏུགས་ཀྱི་དམིགས་ཡུལ་ནི་གུང་ཁྲན་རིང་ལུགས་མངོན་དུ་འགྱུར་བ་བྱ་རྒྱུ་དེ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱིས་རྒྱང་རིང་གི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་འཛུགས་དགོས་པར་མ་ཟད། དེ་བས་ཀྱང་ཏན་ཏིག་ངང་དུས་སྐབས་མི་འདྲ་བའི་ཏང་གི་ལོ་རྒྱུས་ལས་འགན་ལེགས་འགྲུབ་བྱེད་ཕྱིར་འབད་འཐབ་བྱེད་དགོས།
བཞི། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་གྱི་ཡོད། ཏང་གི་མཛུབ་ཁྲིད་བསམ་བློ་ནི་ཏང་གི་ངོ་བོ་རྒྱུན་འཁྱོངས་ཐུབ་པར་རག་ལས་སའི་རྒྱུ་རྐྱེན་ཞིག་རེད།