སྒྲ་དང་སྒྲ་དང་དུང་སྒྲ་དང་། །སྒྲ་དང་སྒྲ་དང་དུང་སྒྲ་དང་། །དུང་སྒྲ་དུང་སྒྲ་སྒྲ་དང་བཅས། །དགུ་བོ་ཤེས་འདོད་ཆོས་ཅན་ཡིན། །རྟག་དང་མི་རྟག་རྩོལ་བྱུང་དང་། །བར་དུ་རྟག་པ་རྣམ་པ་གསུམ། །རྩོལ་བྱུང་མིན་དང་མི་རྟག་རྟག།།དགུ་བོ་བསྒྲུབ་བྱའི་ཆོས་ཡིན་ནོ། །གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་ཉན་བྱ་རྩོལ་བྱུང་དང་། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དགུ་བོ་རྟགས་སུ་བཀོད་པའོ། །སྟེང་འོག་གཉིས་ལ་ཡང་དག་དང་། །ལོགས་གཉིས་འགལ་བའི་གཏན་ཚིགས་སོ། །ཟུར་བཞི་དངོས་ཀྱི་མ་ངེས་པ། །དབུས་ན་ཐུན་མོང་མིན་མ་ངེས། །
སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། |
སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། |
དུང་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། |
སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། |
སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། |
དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། |
དུང་སྒྲ་ཆོས་ཅན། རྩོལ་བྱུང་མིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། |
དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། |
སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་མ་ཡིན་པའི་ཕྱིར། |
ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་པའི་གང་ཟག་དེས། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་རྣལ་མར་མ་ངེས། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པ། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། སྐྱོན་གཅོད་ན་གཞི་མཐུན་བསྡུས་ནས་འཇོག་གོ །ཡང་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་ཡང་ཡིན། དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན་པའི་གཞི་མཐུན་པ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད།