སྐད་ཡིག་གཞན་གྱིས་རྐྱེན་ཡིག་སྤྱོད་ཚུལ།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2018-09-03 09:21ལ་འགྲུབ།

སྐད་ཡིག་གཞན་གྱིས་རྐྱེན་ཡིག་སྤྱོད་ཚུལ།

འཛམ་གླིང་སྐད་ཡིག་ཀུན་གྱི་སྔ་ཤོས་སུ་བགྲང་བ་ནི་ལེགས་སྦྱར་དང་གྷི་རི་སི། ལཱ་ཏིན། རྒྱའི་ཡི་གེ་སོགས་ཡིན། གནའ་བོའི་སྐད་ཡིག་དེ་དག་གི་ལོ་རྒྱུས་ལ་བལྟས་ཚེ། ཐོག་མའི་དུས་སུ་སྐད་ཡིག་གང་ལའང་རྐྱེན་ཡིག་མེད་པར། མིང་ཚིག་གི་སྦྱོར་བ་དང་ངག་གི་མྱོང་བ་ལ་བརྟེན་ནས་དོན་གྱི་ཁྱད་པར་ཕལ་མོ་ཆེ་འབྱེད་ཀྱང་། ཕྱིས་སུ་དགོས་དབང་དུ་མར་དམིགས་ཏེ། སྐད་ཡིག་ཀུན་གྱིས་རྐྱེན་ཡིག་གསར་དུ་བཟོས་ཤིང་རིམ་གྱིས་འཐུས་ཚང་དུ་བཏང་ཡོད། ཚུལ་འདིར་བལྟས་པས་བོད་ཡིག་ཏུ་རྐྱེན་ཡིག་གསར་དུ་དྲངས་ནས་དབྱེ་བ་ཞིབ་ཏུ་འབྱེད་པ་ནི་ལེགས་པའི་ལམ་ཡིན་པའི་ངེས་པ་ཟབ་མོ་རྙེད་ཐུབ་པས། གནའ་བོའི་སྐད་ཡིག་དེ་དག་ལ་སྦྱར་ནས་རྐྱེན་ཡིག་གི་ལོ་རྒྱུས་བཤད་པ་ལ་དགེ་མཚན་ཤིན་ཏུ་ཆེ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྐད་ཡིག་གཞན་གྱིས་རྐྱེན་ཡིག་སྤྱོད་ཚུལ།
རིགས།
སྒྲ་རིག་པ།
1 ནང་དོན་དངོས། 

འཛམ་གླིང་སྐད་ཡིག་ཀུན་གྱི་སྔ་ཤོས་སུ་བགྲང་བ་ནི་ལེགས་སྦྱར་དང་གྷི་རི་སི། ལཱ་ཏིན། རྒྱའི་ཡི་གེ་སོགས་ཡིན། གནའ་བོའི་སྐད་ཡིག་དེ་དག་གི་ལོ་རྒྱུས་ལ་བལྟས་ཚེ། ཐོག་མའི་དུས་སུ་སྐད་ཡིག་གང་ལའང་རྐྱེན་ཡིག་མེད་པར། མིང་ཚིག་གི་སྦྱོར་བ་དང་ངག་གི་མྱོང་བ་ལ་བརྟེན་ནས་དོན་གྱི་ཁྱད་པར་ཕལ་མོ་ཆེ་འབྱེད་ཀྱང་། ཕྱིས་སུ་དགོས་དབང་དུ་མར་དམིགས་ཏེ། སྐད་ཡིག་ཀུན་གྱིས་རྐྱེན་ཡིག་གསར་དུ་བཟོས་ཤིང་རིམ་གྱིས་འཐུས་ཚང་དུ་བཏང་ཡོད། ཚུལ་འདིར་བལྟས་པས་བོད་ཡིག་ཏུ་རྐྱེན་ཡིག་གསར་དུ་དྲངས་ནས་དབྱེ་བ་ཞིབ་ཏུ་འབྱེད་པ་ནི་ལེགས་པའི་ལམ་ཡིན་པའི་ངེས་པ་ཟབ་མོ་རྙེད་ཐུབ་པས། ཐོག་མར་གནའ་བོའི་སྐད་ཡིག་དེ་དག་ལ་སྦྱར་ནས་རྐྱེན་ཡིག་གི་ལོ་རྒྱུས་བཤད་པ་ལ་དགེ་མཚན་ཆེ་བར་མཐོང་།
     ནུབ་གླིང་གི་སྐད་ཡིག་ཀུན་གྱི་སྔ་བ་ནི་གྷི་རི་སི་དང་ལཱ་ཏིན་གྱི་ཡི་གེ་ཡིན་ཞིང་། དུས་རབས་ལྔ་བའི་ཡས་མས་ནས་དབྱིན་ཡིག་རིམ་གྱིས་རྒྱས་མགོ་ཚུགས་ཡོད། གནའ་བོའི་སྐད་ཡིག་དེ་དག་གི་སྒྲོམ་གཞི་ལ་ཞིབ་འཇུག་བྱས་པ་ལྟར་ན། སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ཙམ་ལ། སྐབས་དེར་དར་སྲོལ་ཆེ་བའི་གནའ་བོའི་གྷི་རི་སིའི་ཡི་གེར་རྐྱེན་ཡིག་གང་ཡང་མེད་དེ། ཐ་སྙད་སོ་སོ་གཅིག་འཕྲོད་གཅིག་མཐུད་དེ་གཤིབས་ནས་འབྲི་བ་ལས་ཚེག་དང་སྟོང་ཆ་སོགས་གང་གིས་ཀྱང་བར་འབྱེད་པའི་སྲོལ་མེད། གོང་གི་དེབ་འདི་གཉིས་ལྟར་ན། སྐབས་དེར་ཡི་གེ་ནི་གྲལ་རིམ་མཐོ་གྲས་ཀྱིས་ཆོས་ལུགས་དང་ཆབ་སྲིད་ཀྱི་ལྟ་བ་སྒྲོག་བྱེད་ཅིག་ཡིན་པ་ལས་དམངས་ཁྲོད་དུ་ཆེར་མི་དར་བས། ཚིག་རེ་རེའི་གཅོད་མཚམས་དང་ཐ་སྙད་ཀྱི་དབྱེ་བ་སོགས་ནི་ཚོགས་པ་ངེས་གཏན་སོ་སོའི་ནང་ཁུལ་ནས་གང་ཟག་སྔ་མ་སྔ་མས་ཕྱི་མ་ཕྱི་མར་སྙན་བརྒྱུད་ཀྱིས་ཁྲིད་པ་ལས་འབངས་ཡོངས་ལ་ཤེས་སུ་མི་འཇུག  དེའི་རྐྱེན་གྱིས། སྐབས་དེར་འབངས་མི་དཀྱུས་མ་ཚོས་ཡི་གེ་ཀློག་མི་ཤེས་ལ་དོན་ཡང་མི་གོ་བར་བཤད།  ཡིན་ནའང་། སྤྱི་ཚོགས་ཀྱི་ལམ་ལུགས་ལ་འགྱུར་བ་ཐེབས་ཤིང་དམངས་ཁྲོད་རིག་གནས་ཡུན་གྱིས་དར་ཏེ་ཡི་གེའི་སྤྱོད་སྒོ་ཆེ་རུ་ཕྱིན་པ་ན། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ཡས་མས་སུ།  ཀློག་བདེ་ཞིང་གོ་སླ་བའི་ཆེད་དུ། གྷི་རི་སིའི་ཡི་གེ་ལྟ་བུར་ཐ་སྙད་རེ་རེའི་དབྱེ་མཚམས་ལ་སྟོང་ཆ་འཇོག་པ་དང་།  ཚིག་སོ་སོའི་དབྱེ་མཚམས་སུ་ཚེག་ཐིག་རེ་འབྲི་སྲོལ་བྱུང་བ་དང་། དུས་རབས་དང་པོའི་ཡས་མས་ནས་ལཱ་ཏིང་ཡི་གེར་ཡང་ཚིག་མཚམས་སུ་རྟགས་འགོད་སྲོལ་ཚུགས་པར་བཤད། ཡིན་ནའང་། སྐབས་དེའི་ནུབ་གླིང་གི་སྐད་ཡིག་ཐམས་ཅད་ཀྱིས་འབྲི་ལུགས་དེ་ལྟར་བྱས་པ་མ་ཡིན་པར། ཨ་རབ་ཡུལ་འཁོར་གྱི་སྐད་ཡིག་མང་པོས་ཐ་སྙད་བར་ཚེག་ཐིག་དང་། ཚིག་ཕན་ཚུན་གྱི་དབྱེ་མཚམས་སུ་ཡི་གེ་རྗེས་མའི་གཡས་ཟུར་གྱི་དབུ་ལ་འཕྲེད་ཐིག་ཅིག་འདེབས་པའི་སྲོལ་དར་ཡོད་ཚུལ་གོང་གི་དེབ་དེས་བཞེད།
     སྤྱི་ཚོགས་ཡོངས་ནས་ཡི་གེ་དར་ཁྱབ་བྱུང་ཚེ། གཅིག་ནས་ཆོས་ལུགས་དང་ཆབ་སྲིད་ཀྱི་གསང་བ་མང་པོ་ཕྱི་རུ་ཁྱབ་ནས་དབང་སྒྱུར་ལ་གནོད་པ་དང་། གཉིས་ནས་ལུགས་སྲོལ་རྙིང་བ་ལ་ཞེན་འཁྲིས་ཆེ་བ་སོགས་ཀྱི་དབང་གིས་སྐབས་དེའི་གྷི་རི་སིར་ཆོས་ལུགས་པ་མང་པོས་གཙོ་བྱས་ཏེ། ཡི་གེར་མཚམས་འབྱེད་པ་ནི་སྲོལ་རྒྱུན་རིག་གནས་ཉམས་དམས་སུ་འགྲོ་བ་དང་སྐད་ཡིག་རང་ངོས་ཀྱི་ཁྱད་ཆོས་རྣལ་མ་ཡལ་ངེས་པ་སོགས་རྒྱུ་མཚན་དུ་དྲངས་ནས། ཡི་གེའི་བཅོས་བསྒྱུར་ལ་ངོ་རྒོལ་བྱས་པའི་ལོ་རྒྱུས་མང་དུ་བྱུང་བར་བཤད། ཡིན་ནའང་། སྐད་ཡིག་གི་འཕེལ་རྒྱས་ནི་མཐའ་གཅིག་ཏུ་མི་ཆེ་གེ་མོ་ཞིག་གིས་སྒེར་སྡོམ་བྱས་ཆོག་པ་མ་ཡིན་པར། གང་ཞིག་རིག་གནས་དར་བ་དང་དོན་བདེ་བླག་ཏུ་སྟོན་པ་ལ་ཕན་ཚེ། ལུགས་དེ་རྒྱུན་འཛིན་བྱེད་ངེས་པ་ཡིན་པས། གྷི་རི་སི་དང་ལཱ་ཏིན་གྱི་ཡི་གེ་སོགས་ཀྱིས་ཐ་སྙད་དང་ཚིག་གི་དབྱེ་སྟངས་འདི་ཕྱིས་སུ་རྒྱ་ཆེར་སྤྱད་ཡོད། དེང་གི་རིག་གཞུང་ཞིབ་འཇུག་ཏུ། གྷི་རི་སིའི་ཡི་གེར་སྤྱད་པའི་ཚེག་ཐིག་དེ་ནི་རྐྱེན་ཡིག་ཀུན་གྱི་མ་ཕྱི་རུ་ངོས་འཛིན།
     དེ་ནས་དུས་རབས་ལྔ་བའི་ཡས་མས་སུ། དབྱིན་ཡིག་དར་མགོ་ཚུགས་ཡོད་དེ། སྐབས་དེའི་དབྱིན་ཡིག་ལ་ཐ་སྙད་སོ་སོ་སྟོང་ཆ་དང་། ཚིག་ཕན་ཚུན་བར་རྟགས(.)འདིས་མཚམས་ཕྱེས་ཡོད།  སྐབས་དེར། དབྱིན་ཡིག་གི་ཚིག་ཀུན་ལ་རྟགས་འདི་ཁོ་ན་སྤྱོད་པ་ལས། ད་ལྟ་བཞིན་དུ་སྨྲ་བྱེད་ཀྱི་ཚིག་དང་དྲི་བའི་ཚིག སྐུལ་བའི་ཚིག་སོགས་ཀྱི་དོན་སྟོན་པ་ལ་བྱེ་བྲག་གི་རྟགས་གང་ཡང་མེད་པར། དོན་གྱི་ཞིབ་ཆ་ཐ་སྙད་དང་བརྡ་སྤྲོད་ཀྱི་སྦྱོར་བས་མཚོན། ཡིན་ནའང་། ཆོས་ལུགས་དང་ཆབ་སྲིད་སོགས་ཀྱི་ལྟ་བ་སྒྲོག་པ་ལ་ཡི་གེའི་དོན་སྔར་བས་ཀྱང་གོ་སླ་ཞིང་བློ་ངོར་འཛིན་བདེ་བ་ཡིན་དགོས་པས། དེ་དག་ལ་དམིགས་ཏེ། དབྱིན་ཡིག་ལ་བཅོས་བསྒྱུར་མང་པོ་བྱས་པ་དང་། རིམ་གྱིས་རྐྱེན་ཡིག་མང་དུ་སོང་ཡོད་དེ། དུས་རབས་བཅོ་ལྔ་བའི་ཡས་མས་སུ། དབྱི་ཐ་ལིའི་བརྡ་སྤྲོད་སྨྲ་བ་དང་ཡིག་དཔར་བ་ཨལ་དུས(Aldus Manutius)ཡིས་དབྱིན་ཡིག་ལ་རྐྱེན་ཡིག་ལྔ(.)(,)(;)(:)(?)གསར་དུ་བཟོས་ཏེ། ཚིག་གི་ཡན་ལག་རྫོགས་ཡོད་མེད་དང་། དྲི་བ་སྟོན་པ་སོགས་ལ་བྱེ་བྲག་གི་རྐྱེན་ཡིག་རེ་སྦྱར་ནས། དོན་གྱི་ཁྱད་པར་སྔར་ལས་ཀྱང་གོ་སླ་བར་བྱས། སྤྱིར་དབྱིན་ཡིག་ལའང་ཚིག་སྦྱོར་ལ་བལྟས་པས་དོན་གྱི་ཁྱད་པར་ངེས་ཀྱང་། རྐྱེན་ཡིག་སྤྱད་ཚེ་མིག་གིས་མཐོང་ཙམ་ནས་སྤྱི་དོན་ངེས་པར་འགྱུར་བས། རྐྱེན་ཡིག་འགོད་སྟངས་འདིར་ཀུན་གྱིས་དང་དོད་ཆེན་པོ་བྱས་ཏེ་རྒྱ་ཆེར་སྤྱད་ཅིང་། དུས་ཕྱིས་ཇོན(John Hart)གྱིས་རྐྱེན་ཡིག་དགུ་རུ་ཕྱེས་པ་དང་། དུས་རབས་བཅོ་བརྒྱད་པའི་རྗེས་སུ་སྔར་ལས་ཀྱང་འཐུས་ཚང་དུ་བཏང་ནས། མཐར་ད་ལྟ་འུ་ཅག་གིས་མཐོང་ཐུབ་པ་འདི་ཡིན།
     རྒྱའི་ཡི་གེར་མཚོན་ན། གསལ་བྱེད་ཀྱི་ཡི་གེ་མ་ཡིན་པས་ཐོག་མའི་དུས་སུ་རྐྱེན་ཡིག་གང་ཡང་མེད་པར་བཤད། རིམ་གྱིས་གནའ་བོའི་ཡིག་རྙིང་དུ་ཚིག་གི་མཚམས་འབྱེད་པར་རྟགས་གཙོ་བོ་གསུམ་བྱུང་། དེ་དག་ནི(、)(。)(√)ཡིན་ཏེ། དང་པོ་ནི་ཚིག་སྔ་མའི་རྗེས་སུ་སྦྱར་ཏེ་ཕྱི་མ་འདྲེན་རྒྱུ་ཡོད་པར་སྟོན་པ་དང་། གཉིས་པ་ནི་ཚིག་ཆ་ཚང་བར་རྫོགས་པར་འགོད་པ་དང་། གསུམ་པ་ནི་ཚན་པ་མཚོན་བྱེད་དུ་སྤྱོད། ཡིན་ནའང་། རྟགས་འདི་དག་ཀྱང་རེས་འགར་སྤྱོད་ལ་རེས་འགར་མི་སྤྱོད་པས་གཅིག་གྱུར་དང་གཏན་ཆགས་སུ་སོང་མེད་པར་བཞེད། འོ་ན་རྒྱ་ཡིག་ལ་རྐྱེན་ཡིག་མ་བྱུང་བའི་རྒྱུ་རྐྱེན་ཅི་ཞེ་ན། དེ་ནི་གཙོ་བོ་རྒྱ་ཡིག་ལ་རང་གི་ཐུན་མོང་མ་ཡིན་པའི་ཡི་གེའི་བཀླག་ཐབས(句读)ཡོད་པས་ཡིན་ཏེ། གནའ་བོའི་རྒྱ་ཡིག་ཏུ་ཚིག་ཕྲད་ཕུན་སུམ་ཚོགས་པོ་ཡོད་པས་ཚིག་གི་དོན་དཔྱད་པར་ལོགས་སུ་རྟགས་དམིགས་བསལ་བ་མི་དགོས་པར། ཚིག་ཕྲད་དག་ལ་བལྟས་པས་ཚིག་གི་གཅོད་མཚམས་དང་དོན་ལེགས་པར་རྟོགས་ཐུབ། རྒྱ་ཡིག་གི་ཚིག་ཕྲད་ལ་རིགས་གསུམ་ཡོད་པར་བཤད་དེ། ཚིག་མགོར་ཐོབ་པའི་ཚིག་ཕྲད་ལ伊、维、夫、盖ལྟ་བུ་དང་། ཚིག་བར་ལ་ཐོབ་པའི་ཚིག་ཕྲད་ལ之、而、于、以 ལྟ་བུ། ཚིག་མཐར་ཐོབ་པའི་ཚིག་ཕྲད་ལ 哉、焉、耳、矣、乎ལྟ་བུ་སོགས་ཡོད།  ཚིག་ཕྲད་འདི་དག་ཤེས་པས་ཚིག་གི་བཀླག་ཐབས་ངེས་ཡོང་ཞིང་། ཁྱད་པར་དུ་ཚིག་མཐའི་ཚིག་ཕྲད་དེ་དག་གིས་སྐད་ཆའི་དོན་དང་ཉམས་ཕལ་མོ་ཆེ་ཇི་བཞིན་དུ་མཚོན་ཐུབ་པར་བཞེད། དེའི་རྐྱེན་གྱིས། རྒྱ་ཡིག་གི་ལོ་རྒྱུས་སུ། རྐྱེན་ཡིག་ལ་དོ་སྣང་བྱས་པ་ཤིན་ཏུ་ཉུང་ཞིང་། ཚིག་མཚམས་གཅོད་བྱེད་དུ་གོང་སྨྲས་ཀྱི་རྟགས་དེ་གསུམ་པོ་ལས་ཞིབ་ཏུ་ཕྱེས་པ་མེད།
     ཉལ་ཐ་དམག་འཁྲུག་གི་རྗེས་སུ། ནུབ་གླིང་གི་རིག་གནས་མང་པོ་རིམ་པར་ནང་འདྲེན་བྱས་པས། རྒྱ་ཡིག་གི་འབྲི་སྟངས་དང་བརྡ་སྤྲོད་གཉིས་ཀར་ལེགས་བཅོས་དང་ཁ་གསབ་བྱས། སྐབས་དེའི་ཤེས་ཡོན་པ་ཧྲུའུ་ཧྲི(胡适)དང་ཆན་ཞོན་ཏུང(钱玄同)སོགས་ཀྱིས་ནུབ་གླིང་དུ་རྒྱ་ཆེར་སྤྱོད་པའི་རྐྱེན་ཡིག་དཔེར་དྲངས་ནས་རྒྱ་ཡིག་ལའང་རྐྱེན་ཡིག་དེ་དག་སྤྱོད་དགོས་པར་བསྐུལ། རྒྱ་ཡིག་ལ་ཚིག་ཕྲད་ཀྱིས་དོན་གྱི་ཁྱད་པར་འབྱེད་ཀྱང་། རྐྱེན་ཡིག་ལྟར་དོན་ཆ་ཚང་བར་སྟོན་མི་ནུས་ཏེ། ཚིག་ཕྲད་ཁ་ཤས་ནི་དྲི་བ་དང་སྐུལ་སློང་གི་དོན་གཉིས་ཀར་འཇུག་པས་དོན་གྱི་ཞིབ་ཕྲ་མི་གསལ་བ་དང་། དོན་ལྷག་མ་འདྲེན་པ་དང་གཙོ་གནད། གསལ་བཤད། ལུང་འདྲེན་པ། དཔེ་མིང་འགོད་པ་སོགས་ཀྱི་སྐབས་དོན་ནི་ཚིག་ཕྲད་ཁོ་ནས་སྟོན་ཐབས་བྲལ་བས། སྐབས་དེའི་ཤེས་ཡོན་པ་དེ་དག་གིས་རྐྱེན་ཡིག་གི་དགེ་མཚན་འདི་དག་ལ་དམིགས་ཏེ། ནུབ་གླིང་གི་རྐྱེན་ཡིག་མ་ཕྱི་བྱས་ཤིང་རྒྱ་ཡིག་གི་ཡིག་གཟུགས་ལ་མཐུན་པའི་རྐྱེན་ཡིག་བཅུ་གཉིས་བཟོས། དེ་དག་ལས་ཁ་ཤས་ནུབ་གླིང་གི་རྐྱེན་ཡིག་ཇི་བཞིན་དུ་ཚུར་དྲངས་ཤིང་། འགའ་ཤས་ནི་རྒྱ་ཡིག་གི་ཁྱད་ཆོས་གཞིར་བཞག་སྟེ་གསར་དུ་བཟོས།  དུས་དེར་རྒྱའི་མཁས་པའི་ཁྲོད་དུའང་། རྒྱ་ཡིག་ལ་ཚིག་ཕྲད་ཡོད་པས་ནུབ་གླིང་བཞིན་རྐྱེན་ཡིག་སྤྱོད་མི་དགོས་པར་བཤད་དེ་བློ་མི་མཐུན་པའི་རྩོད་གླེང་མི་ཉུང་བ་བྱུང་ཡང་། གོང་གི་ཤེས་ཡོན་པ་དེ་དག་གིས་ཀུན་ལ་སྐུལ་སློང་བྱས་པའི་ལོ་རྒྱུས་སོགས་འབྲེལ་ཡོད་ཀྱི་གཏམ་རྒྱུད་མང་པོ་ནི་རྒྱ་ཡིག་གི་རྐྱེན་ཡིག་གི་ལོ་རྒྱུས་ལ་བལྟས་ཙམ་གྱིས་ཤེས།  རྐྱེན་ཡིག་འདི་དག་སྤྱད་པས་རྒྱ་ཡིག་གི་ཀློག་སྟངས་དང་དོན་སྟོན་ཚུལ་སྔར་ལས་གོ་སླ་ཞིང་། ཁ་ཇེ་གསལ་དུ་གྱུར་བས། རིམ་པར་སྤྱི་ཚོགས་ཀྱི་མཐོ་དམའ་བར་གསུམ་ནས་དང་དུ་བླངས་པ་དང་། ཀྲུང་གོ་བཙུགས་རྗེས། དེ་བས་ཀྱང་འཐུས་ཚང་དུ་བཏང་ཏེ། རྐྱེན་ཡིག་བཅུ་དྲུག་གཏན་འཁེལ་བྱས་སོ། །
     འདི་ལྟར་འཛམ་གླིང་ཤར་ནུབ་ཀྱི་སྐད་ཡིག་མང་པོའི་ལོ་རྒྱུས་ལ་བལྟས་ཚེ། སྐད་ཡིག་དེ་དག་ལ་དང་པོ་ནས་རྐྱེན་ཡིག་མེད་པར། ཚིག་ཕྲད་དང་ཚིག་གི་སྒྲོམ་གཞི་སོགས་ཀྱིས་དོན་གྱི་ཁྱར་པར་སྟོན་ཡང་། རིམ་གྱིས་ཡི་གེ་རྒྱ་ཆེར་དར་ཞིང་བསྟན་བྱ་མང་དུ་སོང་ནས། གནས་སྐབས་མི་འདྲ་བའི་དོན་གྱི་ཁྱད་པར་ཕྲ་ཞིང་ཕྲ་བར་འབྱེད་དགོས་པ་དང་། མི་རྣམས་ཀྱི་ལྟ་ཀློག་གི་ཚད་ལྡབ་ཀྱིས་ཇེ་མང་དུ་སོང་བ་ན། ཡི་གེ་ཇི་ལྟར་ཀློག་བདེ་ཞིང་གོ་སླ་ལ། བརྡ་ཇི་ལྟར་ཁ་གསལ་པོ་ཡོད་ཚེ། དེ་ལྟར་དུ་ཡི་གེ་ཉིད་དར་ཞིང་རྒྱས་པ་ཡིན་པས། སྐད་ཡིག་དེ་དག་གིས་སྔ་ཕྱིར་སྐད་ཡིག་གཞན་གྱི་ལེགས་ཆ་ཚུར་དྲངས་ཏེ། སྐད་ཡིག་རང་ལ་འཚམ་པའི་རྐྱེན་ཡིག་བཟོས་ཡོད། སྐད་ཡིག་གི་འཕེལ་རྒྱས་བསམས་ཚེ། འདི་ནི་ཡུལ་དུས་དང་མཐུན་པའི་ལེགས་བཅོས་བྱས་པ་ལས་སྐད་གཞན་གྱི་ལྷད་ཞུགས་ནས་ཉ་ཉོག་བསྲེས་པ་མ་ཡིན་ཏེ།  ཚུལ་དེ་ནི་ད་ལྟའི་སྐད་ཡིག་དེ་དག་གི་འཕེལ་རྒྱས་ཀྱི་གནས་བབ་ལ་བལྟས་ཙམ་གྱིས་ཤེས་ནུས་སོ། །