ཨ་རིག་སྟོད་མ་སྟེ་སྟོང་རུ་མ་དང་དབྱིག་རུ་མ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2018-08-27 16:22ལ་འགྲུབ།

ཨ་རིག་སྟོད་མ་སྟེ་སྟོང་རུ་མ་དང་དབྱིག་རུ་མ།

ཨ་རིག་སྟོད་མ་ལས་སྟོང་རུ་མ་དང་དབྱིག་རུ་མ་ནི་དུས་རབས་བཅུ་བཞི་བའི་དུས་དཀྱིལ་གྱི་ལྡོང་འབྲུའི་ཟིང་ཆའི་སྐབས་སུ། ད་ལྟའི་ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་ཆུ་དམར་ལེབ་རྫོང་གི་ཉ་མཚོ་ས་ཁུལ་དུ་རུ་སྤར་ནས་ས་དེའི་ཉ་མཚོ་ཚོ་བ་དང་ཁྱིམ་མཚེས་སུ་གཞིས་ཆགས་ནས་བསྡད། ཚོ་བ་འདི་གཉིས་སྔོན་གྱི་འཚོ་སྡོད་བྱས་སའི་རྨ་ཆེན་གངས་རིའི་རྒྱབ་ལོགས་སུ་ད་ལྟའི་ཆར་ཡང་སྟོང་གཞུང་དང་དབྱིག་གཞུང་ཞེས་མིང་གི་འབོད་སྲོལ་མ་ཉམས་པར་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
冬日玛,玉日玛
གནས་ཡུལ།
ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་ཆུ་དམར་ལེབ་རྫོང་།
1 ངོ་སྤྲོད་མདོར་བསྡུས།

དུས་རབས་བཅུ་བཞི་བའི་དུས་དཀྱིལ་ལ།མདོ་སྨད་ས་ཁུལ་གྱི་རུས་ཆེན་གསུམ་སྟེ་སྒ་འབྲུ་ལྡོང་གསུམ་གྱི་ནང་ཚན་རུས་འབྲུ་ཡི་འགོ་གཙོ་འབྲུ་ཨ་འབུམ་གྱིས་རང་ཚོ་བའི་ས་ཁོངས་དང་དབང་ཤུགས་ཇེ་ཆེར་གཏོང་བའི་སླད་དུ།རུས་ལྡོང་ཡིན་པའི་ཚོ་བ་རྣམས་ལ་བརྙད་བརྐོས་ནས་ས་ཁོངས་འཕྲོག་རྩིས་བྱས་པས་ལྡོང་འབྲུ་གཉིས་ཀྱི་བར་ལ་དམག་འཁྲུགས་ཆེན་པོ་བྱུང་། ལོ་རྒྱུས་སྟེང་དུ་དེ་ལ་ལྡོང་འབྲུའི་ཟིང་ཆ་ཟེར། སྐབས་དེར་རྨ་ཆེན་གངས་རིའི་ཉེ་འདབས་སུ་ཡོད་པའི་ཨ་རིག་ཚོ་བ་ཡང་ལྡོང་འབྲུའི་ཟིང་ཆའི་ནང་དུ་ཚུད་ནས་དམག་འཁྲུག་གི་གྱོང་གུད་ཆེན་པོ་ཐེབས་པས་ཨ་རིག་ཚོ་བ་འདི་ཐོག་མར་ཁ་འཐོར་འགོ་ཚུགས། སྡོམ་ཁོག་དང་དཔྱི་ཁོག་ན་ཡོད་པའི་ཨ་རིག་གི་རུ་བ་སྟོང་རུ་མ་དང་དབྱིག་རུ་མ་གཉིས་ད་ལྟའི་ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་ཆུ་དམར་ལེབ་རྫོང་གི་ཉ་མཚོ་ས་ཁུལ་དུ་རུ་སྤར་ནས་ས་དེའི་ཉ་མཚོ་ཚོ་བ་དང་ཁྱིམ་མཚེས་སུ་གཞིས་ཆགས་ནས་བསྡད། ད་ལྟ་ཡང་ཡུལ་དེར་ཨ་རིག་གི་དུད་ཁྱིམ་སྐོར་ཞིག་ཕྱུགས་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་བསྡད་ཡོད་པར་བཤད། ཨ་རིག་སྟོང་རུ་མ་དང་དབྱིག་རུ་མ་གཉིས་སྔོན་གྱི་འཚོ་སྡོད་བྱས་པའི་རྨ་ཆེན་གངས་རིའི་རྒྱབ་ལོགས་སུ་ད་ལྟའི་ཆར་ཡང་སྟོང་གཞུང་དང་དབྱིག་གཞུང་ཞེས་མིང་གི་འབོད་སྲོལ་མ་ཉམས་པར་གནས་ཡོད།