མི་ཐབས་སེར་འགོགསྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2018-10-19 17:07ལ་འགྲུབ།

མི་ཐབས་སེར་འགོག

མི་ཐབས་སེར་འགོག
འགྱུར་འདེད་དངོས་རྫས་གས་གཏོར་གཏོང་བའི་བྱེད་ཐབས་ཤིག་སྟེ། སྤྲིན་རིམ་གྱི་སེར་བའི་སྐྱེ་འཚར་ལ་ཚོད་འགོག་བྱས་ཏེ་ཉམས་དམས་སུ་བཏང་ནས་སེར་བའི་གནོད་འཚེ་རང་བཞིན་དེ་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人工防雹
ཕྱི་ཡིག་གི་མིང་།
hail suppression
1 ​ངོ་སྤྲོད།

འགྱུར་འདེད་དངོས་རྫས་གས་གཏོར་གཏོང་བའི་བྱེད་ཐབས་ཤིག་སྟེ། སྤྲིན་རིམ་གྱི་སེར་བའི་སྐྱེ་འཚར་ལ་ཚོད་འགོག་བྱས་ཏེ་ཉམས་དམས་སུ་བཏང་ནས་སེར་བའི་གནོད་འཚེ་རང་བཞིན་དེ་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་ཤིག་ཡིན། མི་ཐབས་སེར་འགོག་གི་ནང་དོན་ལ་སེར་འགོག་སྔོན་བརྡ་དང་། སེར་འགོག་བྱེད་ཐབས། ཕན་འབྲས་ཀྱི་ཞིབ་བཤེར་བཅས་གསུམ་འདུས་ཡོད།

2 དོན་སྙིང་།

སེར་བ་ནི་སའི་གོ་ལའི་འཕྲེད་ཐིག་བར་མའི་ས་ཁུལ་དུ་དུས་རྒྱུན་མཐོང་རྒྱུ་ཡོད་པའི་གནོད་འཚེ་རང་བཞིན་གྱི་གནམ་གཤིས་ཤིག་ལ་ཡིན། དེ་ནི་གཙོ་བོ་དཔྱིད་མགོ་དང་སྟོན་མཇུག་ཏུ་མང་པོ་འབྱུང་བ་དང་།  ལྷག་པར་དུ་ཞིང་ལས་ལོ་ཏོག་སོགས་ཀྱི་མྱུ་གུ་ཆེས་ཆེར་རྒྱས་པའི་དུས་སུ་མང་པོ་འབྱུང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ལོ་རེར་ཞིང་ལས་ལོ་ཏོག་ལ་སེར་སྐྱོན་གྱིས་གྱོང་གུད་ཐེབས་པའི་མ་དངུལ་ནི་ཕལ་ཆེར་སྒོར་དུང་ཕྱུར་བཅུ་ཕྲག་ལྷག་ཡིན། རང་རྒྱལ་ལ་མཚོན་ན་སེར་སྐྱོན་ཐེབས་པའི་ས་ཁུལ་གཙོ་བོ་ནི། ཀན་སུའུ་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན། ཧའེ་ལུང་ཅང་སོགས་ཡིན། ལོ་རེར་སེར་སྐྱོན་ཐེབས་པའི་འབྲུ་རིགས་ཀྱི་གྱོང་གུད་ཚད་ནི་ཕལ་ཆེར་སྤྱི་རྒྱ་དུང་ཕྱུར་གཅིག་ལྷག་ཟིན། དེ་བཞིན་དུ་སེར་སྐྱོན་མང་པོའི་ཨ་རི་རྒྱལ་ཁབ་ལ་མཚོན་ནའང། ལོ་རེར་ཞིང་ལས་ལ་སེར་སྐྱོན་ཐེབས་པའི་ཞིང་ལས་ཀྱི་གྱོང་གུད་ཚད་ནི་ཨ་སྒོར་དུང་ཕྱུར་བདུན་ལྷག་ཡིན་ལ། དེའི་ཁྲོད་ཞིང་ལས་མ་ཡིན་པའི་རྒྱུ་ནོར་གཞན་དག་གི་སྤྱིའི་གྱོང་གུད་ཀྱི་རིམ་པ་ནི་ཨ་སྒོར་དུང་ཕྱུར་བརྒྱད་དང་ཉིས་སྟོང་ལྷག་ཡིན། སེར་སྐྱོན་གྱིས་གོ་ལར་ཐེབས་པའི་གནོད་འཚེ་ནི་དྲག་རླུང་དང་རླུང་འཁོར་དྲག་པོའི་གནོད་འཚེ་ལས་ཀྱང་བརྒལ་འདུག  དེར་བརྟེན། མི་ཐབས་སེར་འགོག་ནི་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན་ནོ། །

3 སེར་འགོག་བྱེད་ཐབས།

གཅིག  སྤྲིན་རིམ་དུ་འགྱུར་འདེད་དངོས་རྫས་གཏོར་བ། སེར་བའི་སྤྲིན་རིམ་དུ་ཆུའི་འདུས་ཚད་མོད་པོ་ཡོད་པ་དང་། རང་བྱུང་སེར་བའི་སྦྲུམ་རྟེན་དུ་ཆུའི་འདུས་ཚད་ཉུང་བས་སྦྲུམ་རྟེན་ཆུ་ཐིགས་ནི་གྲང་མོའི་ཆུ་ཐིགས་དང་འདྲེས་ནས་སེར་བ་ཆེན་པོ་འབྱུང་ཐུབ་པ་རེད། ཡིན་ཡང་མི་ལ་ལས་སྤྲིན་རིམ་དུ་རླན་འཇིབ་ཉིང་རྡུལ་གཏོར་ནས་སྤྲིན་པའི་དྲོད་ཚད་ཆེ་རུ་བཏང་སྟེ། ཆར་འབབ་ལ་སྐུལ་འདེད་བྱས་ནས་སེར་བའི་སྐྱེ་འཚར་ལ་མཁོ་བའི་ཆུ་རྡུལ་ཉུང་དུ་གཏོང་བཞིན་ཡོད།

གཉིས། གས་གཏོར་གཏོང་བའི་ཐབས།

མི་རྣམས་ཀྱིས་མཐོ་འཕེན་མེ་སྒྱོགས་དང་མེ་ཤུགས་འཕུར་མདེལ་སོགས་བཀོལ་ནས་སྤྲིན་པའི་དཀྱིལ་རིམ་དང་སྨད་རིམ་ཁུལ་གྱི་གནས་པའི་སེར་བ་ལ་གཅིག་བསྡུས་སྒོས་རྡེག་གཏོར་དྲག་པོ་གཏོང་བཞིན་ཡོད། 

4 སེར་འགོག་ཕན་འབྲས།

མི་ཐབས་སེར་འགོག་ཕན་འབྲས་དང་མི་ཐབས་ཆར་འབབ་གཉིས་ཀྱི་ཚོད་ལྟའི་བྱེད་ཐབས་གཅིག་འདྲར་སྣང་ཡང་། སེར་འགོག་གི་དུས་ཚོད་དང་བར་སྟོང་གི་འགྱུར་ཕྱོད་ཤིན་ཏུ་ཆེ། དེར་བརྟེན་སེར་འགོག་ཚོད་ལྟ་བྱེད་སྐབས་དཀའ་ཁག་མང་པོར་འཕྲད་སྲིད་ལ། ཡིད་རྟོན་གྱི་ཚད་དེ་ལས་ཀྱང་དམའ་བ་ཡིན། ལོ་རབས50བའི་དུས་སུ། ཧྥ་རན་སི་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱིས་མི་ཐབས་སེར་འགོག་ལ་ཐེངས་མང་པོར་ཚོད་ལྟ་བྱས་མོད། འོན་ཀྱང་ཕན་འབྲས་མངོན་གསལ་ཞིག་ལོན་མ་བྱུང་། དེ་ནས་ལོ་རབས60བའི་སྐབས་སུ། སུའུ་ལེན་དང་ཀྲུང་གོ། ། ཨ་མེ་རི་ཁ། སུའི་ཙེར། ཨ་ཀེན་ཐིན་སོགས་རྒྱལ་ཁབ་མང་པོས་མི་ཐབས་སེར་འགོག་ལ་ཚོད་ལྟ་རྒྱུན་མི་ཆད་པར་བྱས། ཡིན་ཡང་སོ་སོའི་ཚོད་ལྟའི་མཇུག་འབྲས་ནི་གཅིག་པ་མ་ཡིན། སྡོམ་ཚིག་བཀོད་པ་ལྟར་ན་ལ་ལས་ཚོད་ལྟ་ལ་ཕན་འབྲས་ཡོད་མེད་ཅི་རིགས་བྱུང་བ་དང་། ཡང་ལ་ལས་ཚོད་ལྟ་ལ་ཕན་འབྲས་མངོན་གསལ་ཐོན་པ་སྟེ། སེར་སྐྱོན་གྱི་ཚད50﹪~70﹪དམའ་རུ་ཕྱིན་པ་རེད། མདོར་ན། མི་ཐབས་སེར་འགོག་ནི་ད་དུང་ཚོད་ལྟའི་ཞིབ་འཇུག་གི་དུས་རིམ་དུ་གནས་འདུག