བཀྲ་ཤིས་འབྱུང་གནས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2018-05-24 17:46ལ་འགྲུབ།

བཀྲ་ཤིས་འབྱུང་གནས།

བཀྲ་ཤིས་འབྱུང་གནས།
རི་བོ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
扎喜郡乃圣山
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
རིགས་དབྱེ།
རི་བོ།
གནས་ཡུལ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་འབྲུག་ཁྱུང་ཡུལ་ཚོ།
མཚོ་འཕགས།    རྨིད4194
རྨིད4194ཡོད།
1 ​གནས་རི་ངོ་སྤྲོད།

ཡོངས་གྲགས་སུ་སྟོད་ན་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཅེས་པ་ལས་ཕྱི་མའི་ཆར་གཏོགས་པ། སྟོད་ན་བཀྲ་ཤིས་གཡང་ཀུན་ཆགས་པའི་ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གནས། བར་ན་བྱིན་རླབས་དངོས་གྲུབ་འབྱུང་གནས་བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས། སྨད་ན་བདེ་སྐྱིད་སྙན་གསུམ་འཛོམས་པའི་མཚོ་སྙིང་མ་ཧཱ་དེ་ཝའི་གནས་ཞེས་པ་ལས།  ཕྱི་མ་མཚོ་སྙིང་མ་ཧཱ་དེ་ཝའི་ནུབ་བྱང་ཕྱོགས་ཀྱི་ལེ་དབར་བརྒྱ་དང་ལྔ་བཅུ་ལྷག་གི་མཚམས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་འབྲུག་ཁྱུང་ཡུལ་ཚོའི་ལྷོ་ནུབ་མཚམས་སུ་སྤྱི་ལེ2ཙམ་དུ་ཆགས་ཡོད་ལ། མཚོ་འཕགས་རྨིད4194ཡས་མས་ཡོད་ལ་སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས་ནི37°36′11.72″ N དང99°22′43.64″ E ཡིན། བོང་སྟག་ཚོ་ཆེན་བཅོ་བརྒྱད་དུ་གྲགས་པ་ལས་བོང་སྟག་ནག་བཟའ་ཞེས་པ་སྟེ་དེང་དུས་ཀྱི་སྲིད་འཛིན་ས་ཁུངས་ལྟར་ན་ཐེམ་ཆེན་རྫོང་འབྲུག་ཁྱུང་ཡུལ་ཚོའི་མངའ་ཁོངས་སུ་ཡོད།  

དམངས་ཁྲོད་ངག་རྒྱུན་དུ་གྲགས་པའི་གནས་བསྟོད་ལ་རི་མགོ་གྱེན་ལ་སྤྲིན་གྱིས་བཟུང་ནོའུ།། གཡུ་འབྲུག་སྔོན་མོས་ངར་སྐད་སྒྲོག་ནོའུ།། སྤྲིན་མཐའ་ཐད་ལ་བྲག་གིས་བཟུང་ནོའུ།། ཐང་དཀར་རྒོད་ཀྱིས་གཤོག་རྩལ་ངོམ་ནོའུ།། བྲག་མཐའ་ཐད་ལ་ནགས་ཀྱིས་བཟུང་ནོའུ།། དམར་ཡག་སྟག་གིས་མཆེ་བ་ངོམ་ནོའུ།། ནགས་མཐའ་ཐད་ལ་སྤང་གིས་བཟུང་ནོའུ།། རྒོ་ར་གནའ་ཡིས་རྒྱུག་རྩལ་ངོམ་ནོའུ།། སྤང་མཐའ་ཐད་ལ་ཆུ་ཡིས་བཟུང་ནོའུ།། ཉ་སྲམ་གཉིས་ཀྱིས་འཁྱུག་རྩལ་ངོམ་ནོའུ།། ཞེས་པ་ལས་གནས་རི་འདིའི་དབྱིབས་སམ་རྣམ་པའི་གྲུབ་ཚུལ་ཅི་ལྟར་ཡིན་པ་ནི་མ་མཐོང་ཡང་གཟུགས་བརྙན་བཞིན་དུ་འཆར་བར་བྱེད་ལ།རི་བོའི་མདུན་ཕྱོགས་ཀྱི་རི་འདབས་ནས་ཡར་རི་རྩེར་ནི་སྤང་རིམ་པ་དང་བྲག་རིམ་པ་བྱས་ཏེ་མ་བཞེངས་ལྷུན་གྲུབ་ཀྱིས་མཎྜལ་གྱི་རྣམ་པར་ཡོད་ལ། རྒྱབ་ངོས་ནི་གླང་མ་དང་སྤེན་མས་གྲུབ་པའི་ནགས་ཚལ་དུ་ཡོད། གཡས་གཡོན་གཉིས་ཀྱི་འདབས་ནས་ཁྲ་རིག་ཆུ་དང་ཅུང་ཆུ་གཉིས་གཡུ་འབྲུག་མ་བུ་འདྲེས་བཞིན་དུ་འབབ་ཅིང་མདུན་ཐད་དུ་དེ་གཉིས་འདྲེས་ཏེ་མར་མཚོ་སྔོན་ཕྱོགས་སུ་འབབ་བཞིན་ཡོད། རིའི་སྟེང་དུ་དབྱར་རྩྭ་དགུན་འབུ་སོགས་རྩྭ་སྨན་དང་རྩི་ཤིང་གི་རིགས་སུ་གྱུར་བ་ནི་མཐའ་ཡས་མོད་གནས་རི་ཡིན་ཕྱིར་དེ་དག་འབལ་བཏོགས་བརྐོ་གསུམ་བྱེད་པ་ནི་ད་ལྟའི་བར་དུ་མཐོང་ཆོས་མྱོང་འགྱུར་ཏུ་མེད་དོ།། གཞན་བྱ་རྒོད་དང་གོང་མོ། བྱ་ཁྲ་དང་ཁུ་བྱུག་སོགས་འདབ་ཆགས་ཀྱི་རིགས་དང་། གླ་བ་དང་རྒོ་བ། གནའ་བ། ཤ་བ་སོགས་རི་དྭགས་ཀྱི་རིགས་སུ་གྱུར་པ་ནི་ཁྱུ་དང་ཁྱུ་བྱས་ཏེ་བག་ཕེབས་སུ་རྒྱུ་བས། གནས་རི་འདིའི་ཕྱིའི་སྣོད་ནི་མཛེས་ཤིང་ཉམས་དགའ་ལ། ནང་བཅུད་ཀྱི་སེམས་ཅན་ནི་བག་ཕེབས་སུ་འཚོ་ཞིང་གདའོ།།

2 གྲུབ་ཆུ་རྣམ་གསུམ།

ཁྱད་པར་དུ་གནས་རི་འདིའི་གཡས་གཡོན་ཀྱི་འདབས་དང་དབུ་རྩེ་རུ་གྲུབ་ཆུ་གསུམ་ཡོད་པ་ནི་ཡོན་ཏན་ངོ་མཚར་དུ་ཡོད་དེ། ཆུ་དེ་གསུམ་ནི་དབྱར་དགུན་གང་དུའང་སྐམ་པ་དང་ཁེངས་པ་མེད་ཅིང་། སེམས་ཅན་གྱི་ཁ་རུ་སོང་ན་ནད་རིགས་སྣ་ཚོགས་འཇོམས་པར་བྱེད། གཡོན་ཕྱོགས་སུ་སྒྲོལ་མའི་གྲུབ་ཆུ་ཡོད་ལ་དེ་ནི་སྒྲོལ་མ་རང་བྱོན་དུ་གྲགས་པའི་བྲག་ཐོ་ཞིག་ཡོད་པའི་རྩ་རུ་བྲག་གསེང་ནས་ཚུར་འབབ་ཀྱིན་ཡོད་པ་དང་། གཡས་ཕྱོགས་སུ་སྨན་བླའི་གྲུབ་ཆུ་དེའང་བྲག་གསེང་ནས་མར་འབབ་ཀྱིན་ཡོད་ལ། དེ་འཐུང་ན་ནད་རིགས་སྣ་ཚོགས་དང་ལྷག་པར་དུ་ཕོ་ནད་དང་མཆིན་ནད་རྒྱུ་ནད་སོགས་ལ་མཆོག་ཏུ་ཕན་པར་བཤད་ཅིང་།ཕོ་ནད་དང་མཆིན་ནད་སོགས་བྱུང་ནས་སྨན་ཁང་དང་སྨན་པ་གྲགས་ཆེན་གང་མང་ལ་བསྟེན་དེ་ཕན་མ་ཐོག་པར་རྗེས་སུ་གྲུབ་ཆུ་འདི་དག་འཐུང་སྟེ་སངས་དྲག་ཏུ་གྱུར་པའི་སྐྱེ་བོ་ཕོ་མོ་མང་པོ་གནས་འདིའི་མཐའ་འཁོར་གྱི་མི་སྡེའི་ཁྲོད་དུ་དངོས་སུ་ཡོད་དོ།། སྨན་བླའི་གྲུབ་ཆུའི་ཉེ་འགྲམ་གྱི་བྲག་རྩ་རུ་ས་ཅུང་དཀར་པོ་ཞིག་ཏུ་ཆུ་མིག་ཆུང་ཆུང་ཞིག་ཐིགས་ཆུའི་རྣམ་པར་འཐིག་བཞིན་ཡོད་པ་དེ་འཐུང་ན་གློ་བའི་ནད་ལ་ཕན་པར་གྲགས། གྲུབ་ཆུ་དེ་ནི1984ལོར་རྡོ་སྦིས་གྲྭ་ཚང་གི་ལྷ་རམས་པ་ཨ་ལག་ནོར་བུ་རིན་པོ་ཆེ་མཆོག་གིས་ཕུད་པ་ཡིན། རྣམ་འཇོམས་གྲུབ་ཆུ་ནི་གནས་རིའི་མདུན་ངོས་ཀྱི་དབུ་རྩེ་རུ་ཡོད་ཅིང་དེ་ནི་གྲིབ་རིགས་ལ་མཆོག་ཏུ་ཕན་པར་གྲགས་ཤིང་། དེས་ཁྲུས་བྱས་ན་ལུས་ཀྱི་རྨ་རིགས་དང་སྐྲང་རིགས་སོགས་དྲག་ཐུབ་པར་བརྗོད་དོ།།

.jpg

བཀྲ་ཤིས་འབྱུང་གནས་ཀྱི་གཡོན་ཕྱོགས་ན་ཡོད་པའི་སྒྲོལ་མའི་གྲུབ་ཆུ།

.jpg

བཀྲ་ཤིས་འབྱུང་གནས་ཀྱི་གཡས་ཕྱོགས་ན་ཡོད་པའི་སྨན་བླའི་གྲུབ་ཆུ།

3 སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅགས་ཚུལ།

བཀྲ་ཤིས་འབྱུང་གནས་ཞེས་གྲགས་པའི་གནས་རི་འདིར་སྔོན་ཆད་ཀྱང་སྐྱེས་ཆེན་དམ་པ་དུ་མས་སྒོམ་སྒྲུབ་ཉམས་ལེན་བྱས་ཤིང་གནས་རི་བྱིན་གྱིས་བརླབས་ཡོད་དེ། ཨ་ལགས་དགུ་སྟེང་ངམ་དགུ་སྟེང་དབང་ཆེན་ཟེར་བའི་སྐྱེས་ཆེན་ཞིག་གིས་གནས་འདི་ནས་སྒྲུབ་པ་ཉམས་ལེན་བྱས་ཤིང་གནས་རི་འདིར་རབ་གནས་དང་བྱིན་བརླབས་མཛད་པར་བགྲེས་པོ་དག་གིས་བརྗོད་ལ།དུས་རབ་ཉི་ཤུ་བའི་དུས་མགོ་ཙམ་དུ་རེབ་གོང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རྡོ་རྗེའི་སློབ་དཔོན་ཆེན་པོ་དཔལ་ཆེན་ནམ་མཁའ་འཇིགས་མེད་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུ་གསུམ་ཡོད་པ་ལས་ཐུགས་སྤྲུལ་དགུ་རོང་སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་དགུ་རོང་ཧོ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་མཆོག་གནས་འདིར་ཕེབས་ནས་བྱིན་གྱིས་བརླབས་ཡོད་པ་དང་།དབུ་རྩེ་རུ་སྐུ་ཕྱོགས་དགུ་རོང་གིས་གུ་རུ་སིངྡྷིའི་འཁོར་ཆེན་ཞིག་བཞེངས་ཡོད་ཟེར་མོད་དུས་འགྱུར་གྱི་དབང་གིས་ད་ལྟ་མི་མངོན་པའི་དབྱིངས་སུ་གྱུར་ཡོད། དེ་དང་དུས་མཚུངས་སུ་སྤྱི་ལོ1900ཙམ་ལ་སྐུ་ཕྱོགས་དགུ་རོང་དང་ལྷན་དུ་ངེས་དོན་སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་ཆོས་དབྱིངས་རང་གྲོལ་དང་།དེའི་ཐུགས་སྲས་རྡོ་རིང་སྤྲུལ་སྐུ་འཇིགས་མེད་རྣམ་གྲོལ་བཅས་གནས་འདིར་ཕེབས་ཏེ་རབ་གནས་དང་བྱིན་བརླབས་མཛད་རྗེས་བྲག་དཀར་ཐེམ་ཆེན་སོགས་སུ་ཕེབས་ཡོད་པར་དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་དུ་གསལ ། གཞན་ཡང་གྲུབ་དབང་རྡོ་བ་ཚང་དང་རྗེ་ཞབས་དཀར་སྐུ་ཕྲེང་གཉིས་པ་འཇིགས་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན། རྒྱལ་བོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་སྤྲུལ་སྐུ་དྲི་མེད་བློ་གྲོས་སོགས་ཀྱང་གནས་འདིར་ཕེབས་ནས་རབ་གནས་དང་བྱིན་བརླབས་མཛད་ཡོད་པ་མ་ཟད། བླ་མ་དྲི་མེད་བློ་གྲོས་མཆོག་དགུང་ལོ་ཉེར་ལྔ་ཙམ་དུ་གནས་འདིར་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་ནས་སྐུ་གདུང་དམར་གདུང་གི་རྣམ་པར་གནས་འདིའི་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་དད་པའི་རྟེན་དུ་བཞུགས་ཡོད་པ་ད་ལྟའང་ད་དུང་གནས་རིའི་དབུ་རྩེར་སྔར་མལ་དུ་གནས་སོ།། མདོ་མཁྱེན་རྩེ་རིན་པོ་ཆེའང་གནས་འདིར་ཕེབས་ནས་དབུ་རྩེའི་གནམ་འཇོམས་གྲུབ་ཆུ་ཡོད་སའི་སྒྲུབ་ཕུག་ཏུ་སྒྲུབ་པ་ཉམས་ལེན་མཛད་ཡོད་པ་མ་ཟད་། དེ་དུས་ཁོང་གིས་བླུགས་པའི་རྡོ་འབུམ་དེ་མདོ་མཁྱེན་རྩེའི་རྡོ་འབུམ་ཞེས་ད་ལྟའང་ད་དུང་མ་ཉམས་པར་གནས་རིའི་མདུན་ངོས་ཀྱི་འདབས་ཀྱི་བྲག་རིམ་པ་དང་པོའི་ཀླད་ཀྱི་སྤང་ངོས་དེར་ཡོད་དོ།། སྤྱི་ལོ1949ལོར་ནག་བཟས་བླ་མ་གདོང་དཔྱད་གདན་དྲངས་ཏེ་གནས་རི་བཀྲ་ཤིས་འབྱུང་གནས་ཀྱི་རྒྱབ་ངོས་ཀྱི་ཉག་ཁར་ལབ་ཙེ་བསྟད་ཅིང་། ལོ་དེའི་སྟོན་ཁར་ཟི་ལིང་བཅིང་འགྲོལ་གྱིས་མཱ་པུའུ་ཧྥང་གི་དམག་ཐོར་ཤུལ་གྱི་དམག་རྟ་དག་ཕྱོགས་དེའི་མི་སེར་གྱིས་འདེད་པའི་ཁྲོད་ནས་ནག་བཟའི་མི་འགས་ཀྱང་རྟ་མང་པོ་དེད་ནས་ཡོང་བས། ལབ་ཙེའི་མིང་ལའང་རྟ་ཕྱུག་ལབ་ཙེ་རུ་བཏགས་པ་ད་ལྟའང་ལོ་རེའི་ཧོར་ཟླ་ལྔ་བའི་ཚེས་ལྔ་ཉིན་ནག་བཟའི་མི་སྡེ་ཡོངས་ཀྱིས་སྟོད་ཀྱིན་ཡོད་དོ།། སྤྱི་ལོ1951ལོར་སྐུ་ཕྱོགས་ཤིང་བཟའ་རིན་པོ་ཆེའང་གནས་འདིར་ཕེབས་ནས་རབ་གནས་དང་བྱིན་བརླབས་མཛད། བསྟན་པ་ཡང་དར་སྐབས་སུའང་མི་ཕམ་སྤྲུལ་སྐུ་དགུ་རོང་རྒྱལ་སྲས་ཆོས་ཀྱི་བློ་གྲོས་དང་སྤྲུལ་སྐུ་གྲོལ་ལོ་ཚང་སོགས་སྐྱེས་ཆེན་མང་པོ་ཕེབས་ནས་རབ་གནས་དང་བྱིན་བརླབས་མཛད་ཅིང་། སྒོས་སུ་བོང་སྟག་བྲ་ཚའི་བླ་མ་མདོ་སྔགས་ཡོན་ཏན་རྒྱ་མཚོ་དང་བླ་མ་བདེ་ཆེན་རྣམ་གཉིས་ཀྱི་ཐུགས་དགོངས་དང་ནག་བཟའི་མི་སྡེ་ཀུན་ཀྱི་རེ་བ་ལྟར་སྤྱི་ལོ1989ལོའི་ཧོར་ཟླ4པའི་ཚེས13ཉིན་གནས་རི་བཀྲ་ཤིས་འབྱུང་གནས་ཀྱི་མདུན་ནས་འབྲུག་ཁྱུང་དགོན་པ་འདེབས་པའི་ཐོག་མའི་སྟ་གོན་ཏེ་ས་འདུལ་དང་རབ་གནས་སོགས་མཛད་དེ་ལས་སྒོ་ཕྱེས་ཤིང་། ཕྱི་ལོ་སྟེ་སྤྱི་ལོ1990ལོའི་སྟོན་ཁར་ཡོངས་སུ་འགྲུབ་སྟེ་རབ་གནས་དང་འགྲུབ་སྟོན་གྱི་ཡོ་ལང་རྒྱ་ཆེན་པོ་བྱས་སོ།།

4 འབྲེལ་ཡོད་ཀྱི་མགུར།

ཀ་དག་ཆོས་དབྱིངས་འགྱུར་མེད་སྤྲོས་བྲལ་གྱི་ཀློང་ནས།། མ་འགགས་ལྷུན་གྲུབ་རང་བཞིན་སྐལ་ལྡན་གྱི་རིགས་ཅན།། ཐུགས་རྗེ་སྒྱུ་འཕྲུལ་རྒྱ་མཚོས་ཕན་བདེ་ལ་འགོད་པའི།། སྐུ་གསུམ་བདག་ཉིད་ང་ཡི་བླ་མ་དེ་མཁྱེན་ནོ།། ཀྱེ་མ་འདིར་སྣང་དཀོར་ནག་སྡུད་ཐབས་ལ་བསླབས་ཤིང་།། རང་རྒྱུད་དུག་གསུམ་དབང་གྱུར་ཐ་མལ་གྱི་རང་བཞིན།། དམ་པའི་སྒྲོ་བཏགས་འདོ་མེད་བདག་འདྲ་ཡི་ངག་ལ།། ཞལ་གྱི་གདམས་བཟང་ཟེར་བའི་སྨྲ་མཁན་དེ་གཡེར་ཚ།། འོན་ཀྱང་གང་ལ་ལེགས་པའི་བཙུན་སྤྱོད་དང་བྲལ་ཡང་།། དེ་ལ་ལེགས་པར་བཤད་པ་ཅུང་ཟད་ཞིག་ཡོད་དྲག།དེ་ཡང་རིགས་བཟང་ཕོ་མཐོ་བུ་རྒོད་ཀྱིས་མ་ཡིན།། བཀའ་དྲིན་གསུམ་ལྡན་བླ་མའི་བྱིན་མཐུ་རུ་ངེས་སོ།། ཀྱེ་ལགས་སྙིགས་མ་ལྔ་བདོའི་ཡང་མཐའ་རུ་སླེབས་ཤིང་།། སྐུལ་ལོ་ཁྱེད་ཀྱང་བགྲང་བྱའི་ཁུར་ཆེན་གྱིས་ནོན་ཕྱིར།། ཐུན་མོང་ལམ་གྱི་རིམ་པའི་སྤྲོས་པ་དེ་དོར་ནས།། སྤྲོས་མེད་བློ་འདས་ངང་དུ་གློད་ན་རང་བཟང་སྙམ།། འདི་ལྟར་ཡིད་ཡུལ་གཟུགས་སོགས་ཚོགས་དྲུག་གི་སྣང་བ།། བདེན་མེད་རྟོག་བཏགས་གདོད་ནས་མ་སྐྱེས་པའི་རང་བཞིན།། ལ་བཟླ་རང་གྲོལ་ཁྱབ་གདལ་ཀློང་ཡངས་ཀྱི་ངང་དུ།། ལྟ་སྒོམ་གཏད་སོ་ཞིག་པ་ཉམས་ལེན་གྱི་མཐར་ཐུག།རྣམ་དཔྱོད་རིགས་ལམ་རྣོན་པོ་ཤུན་རྟོག་གི་སྣོན་མ།། རྩོད་བཅས་ཐེག་པའི་སྤང་བླང་རང་ངམ་གྱི་རྒྱུ་ཆེན།། ལོ་ཟླའི་དམིགས་སྒོམ་བཟླས་བརྗོད་ཕྱིར་འཆང་གི་གཟེབ་ཚོགས།། རང་བྱུང་ཡེ་ཤེས་རལ་གྲི་རྣོན་པོ་དེས་ཆོད་ཐོངས།། ཡེ་ཐོག་དང་པོའི་མགོན་པོ་དཔལ་ལྡན་གྱི་བླ་མ།། རང་སེམས་གཉིས་མེད་རྟོགས་པའི་མོས་གུས་དང་འགྲོགས་པའི།། དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་དབུས་སུ་ཐོབ་ནས།།འཁོར་འདས་རེ་དོགས་དབང་གཞུ་མཁའ་དབྱིངས་ལ་ཡལ་འགྲོ།། དེང་དུས་ཁ་ཅིག་འདི་རུ་ཉམས་སྣང་ཙམ་མེད་པར།། ཚོགས་དྲུག་རང་གྲོལ་རྣམ་རྟོག་ཆོས་སྐུ་རུ་ཤར་སོང་།། བཤད་ཡམས་ཆེས་མཐོ་ཁ་བརྡ་སྟོང་སྐད་ཀྱི་བྲིན་ཅན།། དེ་འདྲའི་རྗེས་སུ་ཞུགས་པའི་རྟོགས་ལྡན་དེ་མ་བྱེད།། དྲན་བསམ་འཕྲོ་འདུ་ཆད་ཉམས་ཆེད་འཛིན་གྱི་གཉེན་པོས།། བསླད་པའི་སྟོང་གཟུགས་སྒོམ་པས་ཐང་ཆད་ཀྱི་གཟུགས་བརྙན།། སྲོག་རྩར་ལས་རླུང་འཇུག་པའི་གེགས་ཆེན་དུ་ངེས་པས།། བྱར་མེད་བློ་འདས་རྫོང་དུ་ཅི་བདེ་རུ་ཉོལ་སྡོད།། རྣལ་མའི་ངོ་བོ་མ་མཐོང་རྣལ་ཚིག་གིས་བསླུས་པའི།། དྲན་བསམ་ལྐོག་གྱུར་གཏི་མུག་ལུང་མ་བསྟན་དེ་ཉིད།། སྒོམ་གྱི་ངོ་བོར་འཛིན་པའི་རྣལ་འབྱོར་རང་མ་བྱེད།། ཁྱབ་གདལ་ཀློང་ཡངས་ངང་དུ་གཉིད་ཤེས་རང་མཛོད་ཅིག།བདེ་གསལ་མི་རྟོག་གསུམ་གྱི་ཉམས་སྣང་དང་བྲལ་བ།། ཤེས་བྱའི་སྒྲིབ་པ་མ་བྲལ་དེ་སྲིད་དུ་མི་འབྱུང་།། རང་ངོ་རང་ཤེས་མ་བརྗེད་དྲན་ཙམ་དུ་བསྐྱངས་པའི།། ནམ་ཞིག་ཐ་སྙད་དཔེ་ལས་འདས་པ་ཞིག་འཆར་འོངས།། འདི་དོན་ཐུགས་མི་འཐད་པའི་རྣལ་འབྱོར་བ་མང་ཡང་།། ཁོ་བོའི་རྣམ་དཔྱོད་གསར་བས་རང་བཟོ་ནི་མ་ཡིན།། ཀུན་མཁྱེན་ཡབ་སྲས་དགོངས་པའི་གསང་མཛོད་ལས་བྱུང་བ།། ཁྱེད་ལ་རྗེས་བཟློས་ཚུལ་གྱིས་ཕུལ་ངེས་རང་ཡིན་ལགས།། མཛེས་མཛེས་བཤད་ཡམས་མང་བོས་ཤེས་རྒྱུད་ལ་མི་ཕན།། མདོ་དོན་ཧྲིལ་གྱིས་དྲིལ་ན་དུས་གསུམ་གྱི་རྣམ་རྟོག།དུས་རྣམས་ཀུན་ཏུ་དྲན་དང་ཤེས་བཞིན་གྱི་བྱ་རས།།རང་རྒྱུད་ཆུད་མི་ཟ་བའི་རྟེན་འབྲེལ་རང་སྒྲིགས་མཛོད།།འདི་འདྲའི་ཉམས་མྱོང་དཀོར་གཟན་བདག་འདྲ་ལ་མེད་ཀྱང་།། བཤེས་གཉེན་དམ་པའི་ཞལ་གྱི་བུམ་བཟང་ལས་ཐོས་དོན།། ཉམས་འགྱུར་ཚིག་གིས་ནེ་ཙོའི་མ་ཎི་བཞིན་བཏོན་པ།། མི་མཆོག་ཁྱེད་ཀྱི་སྒྲ་འཛིན་བདུད་རྩི་རུ་འགྱུར་ཤོག།ཅེས་པ་འདི་ཡང་ཐོས་དང་ན་ཚོད་ཀྱང་རྒན་ལ།། ཉོན་མོངས་དུག་དང་སྒྱུ་ལུས་གཟེབ་ཁང་ཡང་སྐམ་པའི།། དམ་ལྡན་སྔགས་འཆང་སྨན་རྒན་རྒྱ་མཚོ་ནས་བསྐུལ་ངོར།། དགུ་རོང་ཟོག་པོས་བཀྲ་ཤིས་འབྱུང་གནས་ནས་སྦྱར་རོ།། ཞེས་སྐབས་དེར་གནས་རི་འདིར་བཞུགས་དུས་སུ་བཞེངས་པའི་མགུར་ཀྱང་སྣང་ངོ་།།

5 བསང་ཡིག་གི་སྐོར།

༄༅།།མདོ་སྨད་བཀྲ་ཤིས་འབྱུང་གནས་ཕྱོགས་ལས་རྣམ་པར་རྒྱལ་བའི་བཀོད་པ་ཕུན་ཚོགས་མེ་ལོང་གསལ་བའི་སྒྲོལ་མེ་བཞུགས་སོ། །

ཨོཾ༔  མདོ་སྨད་ས་ཡི་ལྟེ་བ་གངས་རིས་བརྒྱན། ། མདོ་སྔགས་བསྟན་པའི་ཉིང་བཅུད་བཀྲ་ཤིས་  འབྱུང་། ། ཕྱི་ནང་གསང་གསུམ་གནས་ཀྱི་བཀོད་ཚུལ་གདའ། ། གནས་རི་ཁྱད་འཕགས་ཕྱོགས་ལས་རྣམ་པར་རྒྱལ། ། རིགས་གསུམ་སེམས་དཔའི་བླ་རི་ཁྱད་དུ་འཕགས། ། ཁྱད་པར་འོད་གསལ་རྫོགས་ པ་ཆེན་པོའི་སྲོལ། ། དར་བའི་བརྡ་དོན་ངོ་མཚར་འདི་ན་དཔལ། །  ཕྱི་ལྟར་བཀོད་པ་ཟངས་མདོག་དཔལ་རིའི་ཚུལ། ། ནང་ལྟར་དྷ་ཀི་མཁའ་འགྲོའི་བརྡ་འཁྲོལ་ཚུལ། ། གསང་བ་བཀའ་བརྒྱུད་དཀྱིལ་འཁོར་ཡོངས་སུ་རྫོགས། ། ཕྱི་ནང་གསང་བའི་བཀོད་པ་ཁྱད་དུ་འཕགས། ། ནོར་བདག་འབུམ་གྱི་བླ་རི་ཕྱོགས་ལས་རྒྱལ། ། གནས་བདག་ཛམ་སྲས་ཐུགས་སྤྲུལ་ལོངས་སྤྱོད་གཡང་། ། སྐྱེ་འགྲོ་ཚེ་འཛིན་རྐང་འགྲོའི་ཕྱཱ་གཡང་སྤེལ། ། གནས་ཀྱི་བཀོད་པ་སེང་གེ་གནམ་མཆོང་དང་། ། གཡུ་འབྲུག་གྱེན་འགྲོ་ཐང་དཀར་གཡས་བསྐོར་ལྡིང་། །རི་དྭགས་རྐང་འགྲོ་འཕུར་འགྲོས་དཔལ་ལ་རོལ། ། ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་འབྱུང་གནས་རྗེ། ། རྩེ་མོ་ཚངས་པའི་གནས་བསྙེགས་ལྷའི་བླ་རི། ། བར་དུ་སྡེ་བརྒྱད་དྷ་ཀིའི་ཚོགས་གྲལ་འཁོར། ། འོག་ཏུ་ཀླུ་རྒྱལ་འཇོང་པོའི་སྟེང་དུ་གནས། ། ལྷ་ཀླུ་གཉན་གྱིས་བླ་རི་ཕྱོགས་ལས་རྒྱལ། ། སྟེང་དུ་འཕགས་ཡུལ་གྲུབ་པའི་རིག་འཛིན་དང་། །རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཕྱག་རྟགས་བཀོད། ། ཐོལ་རྒལ་སྒྲུབ་ཕུག་བྱིན་ཅན་རླབས་ཁ་ལྡན། ། གྲུབ་པའི་རིག་འཛིན་རྣམས་གྱིས་ཕྱག་རྟགས་བཀོད། ། སྒྲུབ་ཕུག་ལྷོ་ངོས་གྲུབ་ཆུ་བྱིན་ལྡན་དང་། བདུད་རྩིའི་ཆུ་མིག་གཉིས་ལྡན་དྲི་མཆོག་དཔལ། ། རིག་འཛིན་པདྨའི་ཐུགས་སྲས་འབངས་ཉེར་ལྔ། ། ཚེ་ལྷ་རྒྱལ་བ་རིགས་ལྔའི་སྒྲུབ་ཆུ་དང་། ། ཆོས་རྒྱལ་རིམ་བྱོན་མངའ་བདག་ཉིང་རལ་དང་། ། བསྟན་པའི་སྒྲོན་མེ་མར་བ་མི་ལ་རས། ། གྲུབ་པའི་དབང་ཕྱུག་ཀརྨ་ཆགས་མེད་དང་། ། མ་ཅིག་ལབ་སྒྲོན་གཏེར་སྟོན་ལས་རབ་གླིང་། ། འཇའ་ཚོན་སྙིང་བོ་གྱི་ལུང་ཐུགས་མཆོག་དང་། ། སྣ་ཚོགས་རང་གྲོལ་རིག་འཛིན་མཁའ་སྤྱོད་གླིང་། ། སྐྱེས་ཆེན་དམ་པ་བླ་མ་གདོང་དཔྱད་དང་། ། ཚོགས་དྲུག་རང་གྲོལ་ཧཱུཾ་ནག་མེ་འབར་སོགས། ། བོད་ཡུལ་ཁ་བའི་གྲུབ་ཐོབ་མ་ལུས་པས། ། སྒྲུབ་པའི་ནུས་ལྡན་གྲུབ་ཆུ་འཁྲུལ་མེད་དཔལ། ། མྱང་བས་ཉོན་མོངས་དུག་ལྔ་རང་སར་ཞི། ། རྒྱུད་ལ་བྱང་སེམས་སྙིང་རྗེ་ལྷག་པར་མཚར། ། མཚན་མཆོག་རྣམ་འཇོམས་གྲུབ་ཆུ་ཕྱོགས་ལས་རྒྱལ། ། མྱང་བས་ཡོན་ཏན་བརྗོད་ཀྱིས་མི་ལང་ཡོད། ། སྟེང་ཕྱོགས་ཚངས་བས་ལྷ་ཡི་དངོས་གྲུབ་སྩོལ། ། བར་ཕྱོགས་མི་ཡི་དབང་ཐང་དངོས་གྲུབ་འབྱུང་། ། འོག་ཕྱོགས་ཀླུ་ཡི་རྒྱལ་པོའི་དངོས་གྲུབ་སྩོལ། ། དཀར་ཕྱོགས་སྲུང་མས་ཚོགས་ཀྱིས་དངོས་གྲུབ་སྩོལ། ། དབུ་རྩེ་མཆོག་ལྡན་སྒྲུབ་ ཕུག་འདི་ལྟར་གདའ། ། བར་དུ་དཔལ་མགོན་བདུན་ཅུའི་བླ་རི་གདའ། ། ལྷ་དམག་བྱེ་བའི་ཚོགས་ཀྱིས་མེལ་ཚེ་བྱེད། ། རིག་འཛིན་སྒྲུབ་པའི་རྣལ་འབྱོར་ཉམས་སྣང་ལ། ། ལྷ་དམག་བྱེ་བས་ཀི་བསྭོ་ཆ་སྒྲ་སྒྲོག ། ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱར་བར་སྣང་། ། བར་བསྐོར་ཕྱོགས་ལས་རྣམ་རྒྱལ་དཔལ་དངོས་སུ། ། རྒྱལ་བ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི། ། བང་སོ་འཁྲུལ་མེད་དྷ་ཀིའི་སྙིང་བཅུད་བཞུགས། ། མཐོང་ཐོས་དྲན་རེག་འགྲོ་བ་སེམས་ཅན་ཀུན། ། ཉོན་མོངས་གཡུལ་ལས་རྒྱལ་བའི་བརྡ་ དོན་ཤར། །  དཔལ་གྱི་རི་ཞབས་མཆོག་ལྡན་སྒྲུབ་ཕུག་དཔལ། ། སྒྲུབ་པ་ཉམས་ལེན་གེགས་མེད་དངོས་གྲུབ་འབྱུང་། ། སོ་སོའི་སྐྱེ་བོའི་སྒྲུབ་སྦྱང་ལས་རྟགས་སུ། ། ཕ་མའི་དྲིན་ལན་གཤིན་རྗེའི་སྒྲུབ་ཕུག་དང་། ། རྡོ་རྗེ་ཕུག་ལམ་མཆོག་བརྒྱད་ཕྱག་རྟགས་ཡོད། ། དྲན་པ་ཙམ་གྱིས་ངན་འགྲོའི་འཇིགས་ལས་སྐྱོབ། ། གནས་མཆོག་འདི་ནི་ཨེ་མ་རྨད་དུ་བྱུང་། ། འོག་ཏུ་ཀླུ་རྒྱལ་སྨན་མོའི་མཆོག་ཚོགས་ཕུལ། ། མཆོག་ལྡན་གྲུབ་པའི་རྣལ་འབྱོར་སྣང་ངོ་ལ། ། ཀླུ་དབང་ཌཱ་ཀི་སྨན་མོའི་གར་ལ་རོལ། ། དྲན་པའི་ཡིད་དབང་འགུགས་པའི་བརྡ་དོན་ཤར། ། སྔགས་འཆང་འཛིན་པ་རྣམ་ལ་རྟེན་འབྲེལ་དཔལ། ། མ་ནོར་སྒྲུབ་སྦྱང་བརྩོན་ཅིག་རྣལ་འབྱོར་ཚོགས། ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་ཡོད། ། ས་རི་པདྨ་འདབས་བརྒྱད་ཡང་སྟེང་དཀྱིལ། ། དབྱིངས་གི་མཐིང་མདོག་འཁོར་ལོ་རྩིབ་བརྒྱད་འོག ། གནས་རི་བཀྲ་ཤིས་འབྱུང་གནས་ཕྱོགས་ལས་རྒྱལ། ། མདུན་དུ་མཁའ་འགྲོའི་ཡོན་ཆབ་ཀླུ་དབང་གཏེར། ། ལོངས་སྤྱོད་མི་འཛད་ནམ་མཁའི་མཛོད་བཞིན་གདའ། ། རྟེན་འབྲེལ་བཟང་བའི་ཀླུ་མོ་འབུམ་ཚོ་ཡིས། ། སྙན་པའི་དུང་དཀར་གཡས་འཁྱིལ་སྒྲོག་ཚུལ་གདའ། ། བསྐལ་བརྒྱར་བསྟན་པ་མི་ནུབ་འཕེལ་བའི་བརྡ། །  དཔལ་འབྱོར་དབང་ཐང་ལོངས་སྤྱོད་ཚེ་གཡང་འཕེལ། ། མདུན་ན་དགེ་ལེགས་འབྱུང་ བའི་བརྡ་དོན་ཤར། །  གཡས་སུ་བདེ་གཤེགས་ཀུན་འདུས་སྨན་བླའི་རྒྱལ། ། ཐུགས་ཀྱི་སྨོན་ལམ་ཡོངས་གྲུབ་བདུད་རྩིའི་ཆུ། །  ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་པའི་དཔལ། །  འགྲོ་ཀུན་ནད་ཀྱི་འཇིགས་ལས་སྒྲོལ་བར་བྱེད། །  འགྲོ་མང་འདུས་ནས་མྱང་བའི་ཡོན་ཏན་གྱིས། ། སེམས་ལ་བདེ་སྐྱིད་ལུས་ལ་དབང་ཐང་ལྡན། ། སྐྱབས་མཆོག་འདི་ལ་ཡང་ཡང་མཇལ་བར་སྨོན། ། རྒྱབ་རི་རྟ་མཆོག་ལ་ཁའི་དཔལ་མཁར་ནི། ། གཞི་བདག་བཀྲ་ཤིས་འབྱུང་གནས་ཕོ་བྲང་དཔལ། ། ཛམ་སྲས་ཐུགས་སྤྲུལ་ གཏེར་བདག་དགྲ་ལྷ་ནི། ། སྐུ་མདོག་དཀར་དམར་ཡིད་འོང་གཟི་བརྗིད་འབར། ། ཀླུ་རྟ་སྔོན་མོ་རྒྱན་སྤྲས་ཤུགས་ལྡན་བཅིབས། ། གསེར་སྒ་གཡུ་སྲབ་ལོངས་སྤྱོད་མ་ལུས་རྫོགས། ། སྐུ་ལ་རིན་ཆེན་ན་བཟའི་འཇའ་འོད་འཁྲིགས། ། ཕྱག་གཡས་དར་མདུང་གཡོན་པས་གཏེར་གཞོང་བསྣམས། ། དབུ་ལ་མཐིང་མདོག་དར་གྱི་ཅོད་པན་གསོལ། ། རབ་མཛེས་ཀླུ་དབང་ལོངས་སྤྱོད་མ་ལུས་དཔལ། ། འཁོར་དུ་ལྷ་ཀླུ་གཉན་གསུམ་སྲུང་མའི་ཚོགས། ། སྤྲིན་བཞིན་འདུས་ནས་རྒྱལ་བསྟན་གཉན་པོ་སྲུང་། ། སྲུང་མ་གཏེར་བདག་གཉན་པོའི་དགྲ་ལྷ་མཆོད། ། བཀྲ་འབྱུང་ཕྱོགས་ལས་རྣམ་རྒྱལ་ངོ་སོ་བསྟོད། །  གཡོན་དུ་རྗེ་བཙུན་སྒྲོལ་མའི་གྲུབ་ཆུ་ནི། ཡན་ལག་བརྒྱད་ལྡན་ཆུ་བོའི་ངད་ལྡན་པའི། ། བདུད་རྩི་ཆུ་གཏེར་དངོས་གྲུབ་འབྱུང་གནས་ལ། ། བསྔགས་པའི་ཡོན་ཏན་མདོ་ཙམ་བརྗོད་པ་ན། ། མཐོང་ཐོས་ དྲན་རེག་འགྲོ་བ་སེམས་ཅན་ཀུན། ། འཇིགས་བརྒྱད་གཡུལ་སྒྲོལ་གེགས་རིགས་སྟོང་ཕྲག་འཇོམས། ། བླ་ཚེ་སྲོག་གི་བཅུད་བསྡུས་ཚེ་དཔལ་རྒྱས། ། སྣང་བ་དབང་འདུ་ཉོན་མོངས་དགྲ་ལས་རྒྱལ། ། མཆོག་ལྡན་གྲུབ་ཆུ་འདི་ལ་འཇལ་བར་ཤོག ། གནས་རི་འདི་ཡི་བྱིན་རླབས་ཚན་ཁ་ནི། ། བརྗོད་ཀྱིས་ཚུལ་མཐའ་མི་འཁྱོལ་བསམ་ལས་འདས། ། གནས་འདིའི་མཐོང་ཐོས་དྲན་རེག་བརྗོད་མ་ཐག ། དུག་ལྔའི་ཕུང་བོ་ཡེ་གྲོལ་ས་ལ་འགོད། ། པདྨ་འོད་དུ་སྐྱེས་བ་གདོན་མི་ཟ། ། བར་ཆད་གེགས་སེལ་དཔལ་དང་ལོངས་སྤྱོད་ལྡན། ། བཀྲ་ཤིས་སྐྱིད་པའི་གླུ་ཡིས་ས་སྟེང་ཁྱབ། ། ཀི་ཀི་བསྭོ་བསྭོ་གནས་འདིའི་ངོ་སོ་བསྟོད། ། ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག ། གནས་འདིའི་མཐའ་ཡི་ཕྱོགས་བཞིའི་བཀོད་པ་ནི། ། ཤར་དུ་གསེར་ཉ་ཁ་སྤྲོད་ཡིད་འོང་ལྡན། ། སྐྱེ་འགྲོ་གཡང་བཅུད་འཛོམས་པའི་བརྡ་དོན་ཤར། ། ན་ལུང་ནགས་གསུམ་རི་དྭགས་སྐྱེ་འགྲོ་གཡོ། ། སྐྱིད་པའི་དཔལ་གཡང་ཉི་མ་ཤར་མར་འཕྲོ། ། དཔལ་འབྱོར་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་རྟགས། ། འདི་ནི་ཞི་བའི་ལས་ཀུན་འགྲུབ་པའི་བརྡ། ། ཞི་བ་བྱང་ཆུབ་ལྡན་པའི་དགེ་ལེགས་སྩོལ། ། ལྷོ་རི་རྣ་རྫོང་ཕྱུག་ལུང་ཁྱད་དུ་འཕགས། ། རི་དྭགས་མི་འདྲ་བརྒྱ་རྩ་དཔལ་ལ་འཁོར། ། སྐྱེ་དངོས་མི་འདྲ་བརྒྱ་རྩ་བཅུད་དུ་དཔལ། ། བདེ་སྐྱིད་ལོངས་སྤྱོད་བསམ་མི་ཁྱབ་པ་ཡོད། ། གནས་འདི་ལྟ་བུ་སྨོན་པའི་དཔལ་དུ་ཤར། ། འདི་ནི་རྒྱས་བའི་ལས་ཀུན་འགྲུབ་པའི་བརྡ། ། རྒྱས་པའི་དོན་ཀུན་འགྲུབ་པའི་དགེ་ལེགས་སྩོལ། ། ནུབ་རི་དབང་ཆེན་ཟླ་གམ་གདེངས་པ་ནི། ། གསེར་གཞོང་པདྨ་འདབ་བརྒྱད་ཚངས་པའི་དཔལ། ། གནས་བདག་ཀུན་གྱི་བཅུད་གཡང་མ་ལུས་འཛོམས། ། གནས་རི་འདི་ཡི་ངོ་སོ་ཡང་ཡང་བསྟོད། ། བཀྲ་ཤིས་དགེ་ལེགས་ཕྱོགས་ལས་རྣམ་རྒྱལ་ཤོག ། འདི་ནི་དབང་གི་ལས་ཀུན་འགྲུབ་པའི་བརྡ། ། དབང་གི་ཁམས་གསུམ་ འགུགས་པའི་དགེ་ལེགས་སྩོལ། ། བྱང་རི་གླང་ཆེན་ཁྱུང་འབྲུག་གཟི་བརྗིད་འབར། །ཨ་ཕྱུག་ཤར་རྫ་མང་བཟའ་རྣམ་རྒྱལ་གྱིས། །རྐང་འགྲོ་འཕུར་འགྲོས་བདེ་སྐྱིད་དཔལ་ལ་རོལ། །འབྲོང་བུ་དར་མའི་ངུར་སྒྲ་དི་རི་རི། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དགེ་ལེགས་སྩོལ། །འདི་ནི་དྲག་པོའི་ལས་ཀུན་འགྲུབ་པའི་བརྡ། །དྲག་པོའི་མ་རུང་འདུལ་བའི་དགེ་ལེགས་སྩོལ། །གནས་འདིའི་ཕྱོགས་བཞིའི་སྲུང་བའི་ས་འཛིན་ནི། ། ཤར་རི་རྒྱ་སྟག་ཁྲ་བོ་འགྱིང་ཉམས་ལྡན། ། ལྷོ་རི་གཡུ་འབྲུག་སྔོན་མོ་མཁའ་ལ་འཕྱོ། ། ནུབ་རི་བྱ་རྒྱལ་ཁྱུང་དམར་གཤོག་རྩལ་རྒྱས། །བྱང་རི་རུས་སྦལ་སེར་པོ་བརྗིད་ཉམས་ལྡན། ། སྲུང་བཞི་ས་འཛིན་སྡེ་བའི་དཔལ་ལ་འཁོར། ། ལས་བཞི་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྩོལ། །  གནས་རི་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་གྱི། །བཀོད་པའི་ཕྱོགས་བཞིའི་རྫོང་ཆེན་སྒོ་བཞི་ནི། །ཤར་རི་མཁའ་འགྲོ་འབུམ་གྱི་བླ་རྫོང་དེ། །བདེ་མཆོག་གྲུབ་པའི་ཕོ་བྲང་ལྷུན་གྱིས་གྲུབ། །ལྷོ་རི་སྒྱེད་གསུམ་འཛམ་གླིང་ཇ་གཡང་རྫོང་། །ཇ་མ་མིང་ཆེན་བཅོ་བརྒྱད་མ་གཡང་དཔལ། །ནུབ་རི་སེང་གདོང་དྲག་མོ་ཝེར་མའི་རྫོང་། །དྷ་ཀི་ཆོས་སྐྱོང་རྒྱ་མཚོའི་འཕྲིན་ལས་དཔལ། །བྱང་རི་ཨ་དོམ་འབབ་ཆུ་ཆུ་ཡི་རྫོང་། །མ་ཀི་དངོས་གྲུབ་དགེ་ལེགས་དཔལ་གཡང་སྩོལ། །ཕྱོགས་བཞིའི་དགྲ་བགེགས་འདུལ་བའི་དགྲ་ལྷ་ནི། །ཤར་རི་རྡོ་རྗེ་འབར་བ་སྤུན་གཉིས་ཀྱིས། །ཤར་ཕྱོགས་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ། །ལྷོ་རི་དགྲ་འདུལ་ཕྱོགས་ལས་རྣམ་རྒྱལ་གྱིས། །ལྷོ་ཕྱོགས་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ། །ནུབ་རི་དགྲ་ལྷ་བྲག་དམར་ལྷུན་པོ་ཡིས། །ནུབ་ཕྱོགས་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ། །བྱང་རི་གླང་ཆེན་སཱ་ལ་རབ་བརྟན་གྱིས། །བྱང་ཕྱོགས་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ། ། ཕྱོགས་བཞི་མཚམས་བརྒྱད་གནས་ཀྱི་བཀོད་པ་ནི། །ཤར་རི་རྫ་དམར་ཕྱོགས་ལས་རྣམ་རྒྱལ་དང་། ། ལྷོར་རི་གནས་བདག་བློན་པོ་གསེར་ཆེན་དཔལ། ། ནུབ་རི་བྲག་དཀར་ཐེམ་ཆེན་གཟི་བྱིན་དཔལ། ། བྱང་རི་གངས་དཀར་ཕྱོགས་ལས་རྣམ་པར་རྒྱལ། ། ཤར་ལྷོའི་མཚམས་ན་ཁྲི་ཤོར་རྒྱལ་མོ་དཔལ། ། ལྷོ་ནུབ་མཚམས་ན་རི་རྒྱལ་ལྷུན་པོ་བརྗིད། ། ནུབ་བྱང་མཚམས་ན་བྲག་སེར་སྟོབས་ལྡན་དཔལ། ། བྱང་ཤར་མཚམས་ན་གནས་རི་ཐོག་འཚེར་རྒྱལ། །ཕྱོགས་བཞི་མཚམས་བརྒྱད་སྲུང་བའི་དཔལ་མགོན་གྱི། ། དགྲ་ལྷ་ཝེར་མའི་ངོ་སོ་ཡང་ཡང་བསྟོད། ། མི་ནུབ་གཡང་གི་མཚོ་མོ་རྣམ་བཞི་ནི། ། ཤར་དུ་མཚོ་ཆུང་ནོར་བུ་ནོར་གྱི་གཡང། ། ལྷོ་རུ་ཚྭ་མཚོ་དཀར་མོ་མཁའ་འགྲོའི་གཡང་། ། ནུབ་དུ་མཚོ་ནག་གནག་ཕྱུགས་རྐང་འགྲོའི་གཡང་། །བྱང་དུ་གཡུང་དྲུང་མཚོ་མོ་སྐྱེ་འགྲོའི་གཡང་། ། གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་འདི། ། ཐུན་མོང་ཁྱད་ཆོས་ལྡན་པའི་དགེ་ལེགས་ཤོག །གནས་རི་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་གྱིས། །གསང་བའི་བཀོད་པ་མདོ་ཙམ་བརྗོད་པ་ན། །དྷ་ཀི་མཁའ་འགྲོ་འབུམ་གྱི་བླ་གནས་རྫོང་། །རྣལ་འབྱོར་སྲོག་གི་བླ་རི་གཉན་པོ་ཡི། །གནས་རི་རྩི་ཤིང་ནགས་ཚལ་སྨན་སྣའི་རྫོང་། །ཌཱ་ཀི་སྨན་མོ་དྲི་ཟའི་གར་མཁན་རིགས། །རྣལ་འབྱོར་ལྡན་པའི་བཀའ་ཡི་གདོང་གྲོགས་བྱེད། །ཁྱད་པར་གསང་བའི་བཀོད་ཚུལ་བསམ་ལས་འདས། །སྐབས་འདིར་མ་བཀོད་མ་འོངས་འཕགས་སྐྱེས་ཡིས། ། བསྟན་པའི་སྒྲོན་མེ་ས་སྟེང་ཁྱབ་པ་ན། །ལུས་འཕྲོ་ཅན་གྱི་གང་ཟག་དམ་པ་ཡིས། །ཤར་མར་ཕབ་ནས་ཕྱོགས་ལས་རྣམ་པར་རྒྱལ། །མཐོང་ཐོས་དྲན་རེག་བྱེད་པའི་འགྲོ་བ་ཀུན། །ཡེ་ཤེས་བླ་མའི་ས་ ཆེན་འཐོབ་པར་ཤོག །གནས་འདིར་དད་པའི་བསྐོར་བས་གྲངས་ཚད་ནི། །སྐོར་བའི་གྲངས་ནི་རྩེ་ སྐོར་སྟོང་རྩ་ཡིན། །བར་སྐོར་ལྔ་བརྒྱ་མཐའ་སྐོར་བརྒྱ་རྩ་བརྒྱད། །སྐོར་བའི་གྲངས་ཚད་འདི་ལྟར་འཁྱོལ་པ་ན། །ཉོན་མོངས་དུག་ལྔའི་གཡུལ་ལས་རབ་རྒྱལ་ནས། །དཔལ་རི་པདྨ་འོད་དུ་འཚང་རྒྱའོ། །ཕྱག་གི་གྲངས་ནི་རྩེ་སྐོར་བདུན་ཅུ་དང་། །བར་སྐོར་ལྔ་བཅུ་མཐའ་སྐོར་ཉེར་ལྔ་ཡིན། །དེ་ལྟར་འཁྱོལ་ན་ཕྱོགས་ལས་རྣམ་པར་རྒྱལ། །ཚེ་འདིར་དངོས་གྲུབ་ཕྱི་མར་འཚང་རྒྱའོ། །

དད་ལྡན་འགྲོ་བའི་དོན་དུ་འདི་ལྟར་ཕབས། །དགེ་བའི་སངས་རྒྱས་བསྟན་པ་བསྐལ་བརྒྱར་རྒྱས། །འགྲོ་ཀུན་ཉོན་མོངས་དགྲ་ལས་རྣམ་རྒྱལ་ནས། །སྲིད་གསུམ་ཀློང་དུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་རིག་འཛིན་མཁའ་སྤྱོད་གླིང་བའི་སྐྱེ་ཕྲེང་བདུན་པ་སྐྱབས་རྗེ་ཀུན་བཟང་གྲགས་པས་ཤར་མར་ཕབས་པ་དགེ་ལེགས་སུ་གྱུར་ཅིག །  བཀྲ་ཤིས་པར་གྱུར་ཅིག ། 


བརྡ་འགྲེལ་གདོང་འཛར།

བཀྲ་ཤིས་འབྱུང་གནས། རི་བོ། ཡུལ་ཚོ།