དཔལ་ལྡན་བླ་མ་དམ་པའི་རྣམ་ཐར་བསྟོད་པ་དད་པའི་ལྗོན་ཤིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2018-05-09 15:50ལ་འགྲུབ།

དཔལ་ལྡན་བླ་མ་དམ་པའི་རྣམ་ཐར་བསྟོད་པ་དད་པའི་ལྗོན་ཤིང་།

སློབ་མའི་ངོར་ཏཱ་ར་ནཱ་ཐས་དཔལ་ལྡན་བླ་མ་དམ་པར་བསྟོད་ཚིག་སྨྲས་པའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཇོ་ནང་པ་ཏཱ་ར་ནཱ་ཐ།
1 མ་ཡིག

ན་མོ་གུ་རུ་བྷྱཿ། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ1དད་པའི་ལྗོན་ཤིང་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། ། ལྷག་པའི་ལྷ་མཆོག་འཇམ་དབྱངས་གྲུབ་པའི་མགོན། ཀུན་དགའི་དམ་ཆོས་སྙིང་པོའི་དོན་སྟོན་པ། ། གང་དེའི་ངོ་མཚར་མཛད་པའི་ཚོགས་རྣམས་ལ། ། མཆོག་ཏུ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། ། དཔག་ཡས་ཚོགས་གཉིས་ཡུན་རིང་གོམས་པའི་མཐུས། ། བོད་ཡུལ་དབུས་ཀྱི་ས་ཡི་ཐིག་ལེ་མཆོག ། ཆོས་བཟང་ལྷ་ཡི་མདུན་ས་དང་མཚུངས་བར། །  སྐྱེ་བའི་ཆོ་འཕྲུལ་སྟོན་ལ་མགོས་ཕྱག་འཚལ། །  འཇམ་པའི་རྡོ་རྗེའི2རྣམ་འཕྲུལ་རྡོ་རྗེའི་མཚན། ། སྐད་གཉིས་སྨྲ་བའི3རིགས་སུ་ཉེར་བལྟམས་པ། ། ཀུན་བཟང་གྲུབ་པའི་དབང་པོས་ལུང་བསྟན་བཞིན། ། རྣམ་འདྲེན་མཆོག་ཏུ་འཁྲུངས་ལ་མགོས་ཕྱག་འཚལ། ། འདུ་བ་རྣམ་བཞི4འཁྲུགས་པའི་ཉེར་འཚེ་ཡིས། ། རྣམ་པར་གཙེས་པའི་ཚེ་ན་གྲུབ་པའི་མགོན། ། འབར་བའི་མགོན་པོ་དངོས་སུ་བྱོན་ནས་ཀྱང་། ། ཕྱི་ནང་བར་ཆད་སེལ་ལ་མགོས་ཕྱག་འཚལ། ། དེ་ཚེ་རླུང་སེམས་ངྷཱུ་ཏིར5ཚུད་པ་ཡིས། ། རྒྱལ་བ་སྲས་བཅས་དཔག་ཡས་མཁའ་ལ་གཟིགས། ། རྡོ་རྗེ་ཐེག་པའི6བག་ཆགས་ཡོངས་སད་ནས། ། དད་པ་སྟོབས་སུ་གྱུར་ལ་མགོས་ཕྱག་འཚལ། ། གཞན་གྱིས་མ་བསྟན་ཡོངས་སུ་མ་བསྐུལ་པར། ། འགྲོ་བ་ཀུན་ལ་སྙིང་རྗེའི་འཇུག་པ་རྒྱས། ། ཐེག་མཆོག་ལྷ་དང་རིག་སྔགས་དམ་ཆོས་ཚུལ། ། ངང་གིས་ཡོངས་སུ་མཁྱེན་ལ་མགོས་ཕྱག་འཚལ། ། ཡི་གེའི་ཕྱི་མོ་ལ་སོགས་རང་མཁྱེན་ཅིང་། ། སྐྱེས་རབས་གླེང་གཞི་ལ་སོགས་གཏམ་མང་རྣམས། ། འབད་རྩོལ་མེད་པར་ཐོས་པ་ཙམ་གྱིས་ཆུབ། ། འཁོར་མང་དགའ་བ་སྐྱེད་ལ་མགོས་ཕྱག་འཚལ། ། དགྱེས་པའི་རྡོ་རྗེ་རྡོ་རྗེ་རྣལ་འབྱོར་མ། ། མི་གཡོ་སྒྲོལ་མ་འཇམ་པའི་དབྱངས་སོགས་ཀྱི། ། སྒྲུབ་ཐབས་དུ་མ་ལོ་བདུན་ལོན་ཚེ་གསུངས། ། བློ་གསལ་ཀུན་གྱི་གཙོ་བོར་མགོས་ཕྱག་འཚལ། ། མཁས་མཆོག་བྱམས་པའི་གསུང་ངག་ཉེར་བསྟེན་ཏེ། ། སྡེ་སྣོད་གསུམ་དང་དེ་ཡི་དགོངས་འགྲེལ་དང་། ། སྒྲ་ཚད་རིག་པའི་གནས་ལྔ་ཀུན་ལ་སྦྱངས། ། མཚུངས་མེད་སྨྲ་བའི་སེང་གེར་མགོས་ཕྱག་འཚལ། ། ཀུན་དགའི་མཚན་ཅན་བླ་མ་ཆོས་རྗེ་ཡི། ། ཞབས་པད་ཉེར་བསྟེན་སྡོམ་གསུམ་རིམ་པས་ནོས། ། དཔག་ཡས་རྒྱུད་སྡེའི་དབང་ལུང་མན་ངག་གིས། ། ཐུགས་རྒྱུད་ཡོངས་སུ་གང་ལ་མགོས་ཕྱག་འཚལ། ། དཀྱིལ་འཁོར་རྒྱ་མཚོའི་བསྙེན་སྒྲུབ་མཐར་ཕྱིན་ཅིང་། ། གསང་ངག་རྒྱ་མཚོའི་རྫོགས་རིམ7ཉམས་ལེན་གནད། ། རྩེ་གཅིག་སྒྲུབ་ལ་ཉིན་མཚན་ལྷུར་མཛད་པས། ། རྒྱལ་བ་དགྱེས་པའི་ལམ་སྟོན་མགོས་ཕྱག་འཚལ། ། མདོ་རྒྱུད་དགོངས་པ་ཇི་བཞིན་ལེགས་མཁྱེན་ནས། ། འཆད་དང་རྩོད་དང་རྩོམ་པའི་ཚུལ་ལུགས་ལ། ། སྲིད་གསུམ་འདི་ན་འགྲན་པའི་ཟླ་བྲལ་བ། ། ཡོན་ཏན་རྒྱ་མཚོ་ཁྱོད་ལ་མགོས་ཕྱག་འཚལ། ། རྒྱུད་སྡེ་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང་། ། འཕགས་པའི་ཡུལ་དང་གངས་རིའི་ཁྲོད་ཀུན་གྱི། ། མཁས་གྲུབ་བྱེ་བའི་བཞེད་སྲོལ་ཇི་བཞིན་དུ། ། མ་འདྲེས་ཐུགས་སུ་ཆུད་ལ་མགོས་ཕྱག་འཚལ། ། སྒྱུ་མ་ལྟ་བུའི་ཏིང་འཛིན8མངོན་བརྙེས་པས། ། རྨི་ལམ་མཚན་མའི་ཚུལ་དུ་བར་ཆད་བགེགས། ། རྣམ་པར་བཏུལ་ནས་སྟོང་ཉིད་ཟབ་མོའི་དོན། ། མངོན་དུ་གྱུར་པ་གང་དེར་མགོས་ཕྱག་འཚལ། ། འཕགས་ཡུལ་མཁས་གྲུབ་ཞལ་ལུང་བདུད་རྩིའི་བཅུད། ། སངས་རྒྱས་སྦས་པའི་ཞབས་སོགས་བླ་མ་ལས། ། ལེགས་པར་གསན་ནས་ཐུན་མོང་མ་ཡིན་པའི། ། ཟབ་དོན་རྒྱ་མཚོའི་བདག་པོར་མགོས་ཕྱག་འཚལ། ། དཔག་མེད་སྐྱེས་རབས་འཕྲེང་བར་མངོན་འབྲེལ་བའི། ། གདོད་མའི་མགོན་པོ་རྡོ་རྗེ་སློབ་དཔོན9མཆོག ། རྒྱུད་པ་ཀུན་འདུས་རྩ་བའི་བླ་མ་དང་། ། ཐུགས་ཡིད་དབྱེར་མེད་འདྲེས་ལ་མགོས་ཕྱག་འཚལ། ། གང་ལས་མཐར་ཐུག་ནོད་པའི་ཚེ། ། གནས་ལུགས་གདོད་མ་རང་བཞིན་ལྷན་ཅིག་སྐྱེས། ། ཆོས་ཀུན་ངོ་བོ་ཆོས་སྐུ་མངོན་གྱུར་ཏེ། ། སྲིད་ཞིའི་མགོན་པོ་གྱུར་ལ་མགོས་ཕྱག་འཚལ། ། ཟབ་ཅིང་རྒྱ་ཆེ་དཔག་ཡས་དམ་ཆོས་དོན། ། མཐའ་དག་གཅིག་གྱུར་དོན་གྱི་བརྒྱུད་པ་བརྙེས། ། རྫོགས་རིམ་ཟབ་མོའི་ཡེ་ཤེས་མངོན་གྱུར་པ། ། བདེ་ཆེན་དང་པོའི་རྒྱལ་བར་མགོས་ཕྱག་འཚལ། ། འཕགས་ཡུལ་ཤིང་རྟ་ཆེན་པོ་བཅུ་དྲུག་དང་། ། གྲུབ་ཐོབ་འཁོར་ལོས་བསྒྱུར་བ་བགྲང་ཡས་ཀྱི། ། བཀའ་བབས་བྱིན་གྱིས་བརླབས་པའི་རྟགས་མཚན་ཐོབ། ། ཆོས་ཀྱི་རྒྱལ་པོ་བླ་མར་མགོས་ཕྱག་འཚལ། ། རྡོ་རྗེ་ཐེག་པའི་འཕགས་ལམ་རྗེས་མཐུན་པ10། ། བཅུ་གཉིས་རྡོ་རྗེའི་གནས་པ་མངོན་གྱུར་ཏེ། ། རྩོད་པའི་དུས་འདིར་རྡོ་རྗེ་འཆང་དབང་གི ། གདུང་འཚོབ་གྱུར་པ་གང་དེར་མགོས་ཕྱག་འཚལ། ། སྐྱེ་བ་ཀུན་ཏུ་རྗེས་བཟུང་ཡི་དམ་ལྷ། ། འཁོར་ལོ་སྡོམ་པའི་བསྙེན་སྒྲུབ་ལ་བརྩོན་ཚེ། ། བདག་ཉིད་ཧེ་རུ་ཀར་གྱུར་མཚན་མ་གཟིགས། ། ཡ་མཚན་དཔག་ཡས་མངའ་ལ་མགོས་ཕྱག་འཚལ། ། སྒྲོལ་མའི་དབང་བཞི་ནོད་ཚེ་རང་གི་ལུས། ། མཁའ་འགྲོའི་ཚོགས་ཀྱིས་ཡོངས་སྦྱངས་བྱིན་བརླབས་ཏེ། ། མཐའ་དག་རྒྱུད་ཀྱི་གླེགས་བམ་རྣམ་པར་གྱུར། ། གསང་སྔགས་བསྟན་པའི་བདག་པོར་མགོས་ཕྱག་འཚལ། ། རྣམ་འབྱོར་ནམ་མཁའི་དཀྱིལ་འཁོར་མངོན་གཟིགས་ཤིང་། ། འཕགས་པ་ལྷ11ཡི་ཐེ་ཚོམ་དྲ་བ་བསལ། ། ཞི་བ་ལྷས12ཀྱང་འདུས་པའི་རྒྱུད་དོན་བསྟན། ། ཆོས་རྒྱུན་ཏིང་འཛིན་བརྙེས་ལ་མགོས་ཕྱག་འཚལ། ། ཡན་ལག་དྲུག་གི་རྣལ་འབྱོར13མཉམ་བཞག་པས། ། ཐོག་མར་དགེ་བའི་རྟགས་རྣམས་མཐར་ཕྱིན་ཅིང་། ། སྲོག་འཛིན་རྟགས་སྣང་དུ་མ་མངོན་གྱུར་བ། ། བཅོས་མིན་ཡེ་ཤེས་གཟིགས་ལ་མགོས་ཕྱག་འཚལ། ། དཔལ་ལྡན་གསང་འདུས་དོན་ལ་མཉམ་བཞག་པས། ། འཇམ་དབྱངས་ཐུགས་རྗེས་ཆོས་ཀུན་དེ་ཉིད་གཟིགས། ། ཁྲོ་རྒྱལ་གཤིན་རྗེ་གཤེད་པོས་བྱིན་བརླབས་པས། ། མཐུ་སྟོབས་དབང་ཕྱུག་གྱུར་ལ་མགོས་ཕྱག་འཚལ། ། རྣམ་འབྱོར་གསང་མཐའི་དོན་ལ་མཉམ་བཞག་ཚེ། ། རང་ལུས་ལྷ་སྐུའི་གསལ་སྣང་ཆེར་བརྟན་ཅིང་། ། གནས་གསུམ་ཕོ་ཉའི་འདུ་བ་ལེགས་ཐོབ་པས། ། ལྷན་སྐྱེས་བདེ་ཆེན་ཐོབ་ལ་མགོས་ཕྱག་འཚལ། ། རྣམ་དག་ཐུགས་མངའ་ཁྱོད་ཀྱི་མནལ་ལམ་དུ། ། མདའ་བསྣུན14ཤཱ་བ་རི15དང་ལཱུ་ཧི་པ16། ། དྲིལ་བུ17འབར་འཛིན18ཞི་བ་སྦས་པ་སོགས། ། གྲུབ་མཆོག་དུ་མས་ཞལ་བསྟན་མགོས་ཕྱག་འཚལ། ། དེ་དག་རྣམས་ལ་ཐེ་ཚོམ་གཅོད་མཛད་ཅིང་། ། རྒྱུད་སྡེའི་དགོངས་དོན་རྣམ་པར་འགྲེལ་བའི་ཚེ། ། དཔའ་བོ་མཁའ་འགྲོ་དཔག་ཡས་བརྡ་ཐབས་ཀྱིས། ། ཟབ་དོན་ངོ་སྤྲོད་བརྙེས་ལ་མགོས་ཕྱག་འཚལ། ། དགའ་ལྡན་གནས་ནས་ཤཱཀྱའི་མཚན་ལྡན་པས། ། ཞལ་བསྟན་མི་ཕམ་མགོན་པས་བདག་ཉིད་ལ། ། དངོས་སུ་བྱིན་གྱིས་བརླབས་པའི་མཚན་མ་ཐོབ། ། ཆོས་འབྱོར་རྒྱུན་མི་འཆད་ལ་མགོས་ཕྱག་འཚལ། ། པདྨ་འབྱུང་གནས་ཟླ་འོད་གཞོན་ནུ་དང་། ། རྟོན་པ་བཞི་ལྡན་ལ་སོགས་མཆོག་རྣམས་དང་། ། དམ་པ་ཆོས་ཀྱི་བཀའ་མཆིད་ཡོངས་ཐོབ་པ། ། བཤེས་གཉེན་མཆོག་གིས་རྗེས་བཟུང་མགོས་ཕྱག་འཚལ། ། ཐོས་བསམ་མཐར་ཕྱིན་རྩེ་གཅིག་སྒྲུབ་ལ་དགྱེས། ། ས་སྟེང་ཆོས་ཀྱི་འཁོར་ལོས་ཁྱབ་མཛད་པ། ། ཡ་མཚན་མཚུངས་མེད་བླ་མ་རིན་ཆེན་ལ། ། མཆོག་ཏུ་གུས་པའི་ཡིད་ཀྱིས་མགོས་ཕྱག་འཚལ། །

ཞེས་པ་འདི་ཡན་ཆད་སློབ་མའི་ངོར་ཏཱ་ར་ནཱ་ཐས་སྨྲས་པའོ། །

2 མཆན་འགྲེལ།

1.རྣམ་པར་ཐར་པ། སྐྱེས་བུ་དམ་པའི་མཛད་སྤྱོད་ལོ་རྒྱུས་ཀྱི་གཞུང་ངམ་རྟོགས་པ་བརྗོད་པའི་བསྟན་བཅོས་ལ་རྣམ་པར་ཐར་བ་ཞེས་བྱ་ལ། འབྲུག་རྒྱལ་དབང་ཆོས་རྗེ་ནས། སྤྱིར་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ཞེས་པ་ནི། འཁྲུངས་རབས་ཀྱི་ཕྲེང་བ་སྔོན་མའམ། སྐུ་ཚེ་འདི་ཉིད་གང་ཡིན་ཡང་རུང་སྟེ་གང་ཟག་ཕལ་བ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང་། ལྷག་པར་དུ་རྒྱལ་བའི་བསྟན་པ་ཐོས་པ་དང་། བསམ་པ་དང་། སྒོམ་པ་རྣམ་པར་དག་པ་མཛད་པའི་ཚུལ་དང་། དེ་ལ་བརྟེན་ནས་མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་དང་། བཙུན་པའི་ཡོན་ཏན་སྡོམ་པ་གསུམ་གྱི་བཅས་པའི་མཚམས་ལས་མི་འདའ་བ། ། གྲུབ་པའི་ཡོན་ཏན་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཚུལ། བཟང་པོའི་ཡོན་ཏན་མཁས་གྲུབ་ཀྱི་ལག་རྗེས་བསྟན་པ་དང་འགྲོ་བ་ཡོངས་ལ་སྨན་པའི་འཕྲིན་ལས་རླབས་པོ་ཆེ་ཇི་ལྟར་མཛད་པའི་ཚུལ་ལ་སོགས་པ་རྣམས་ངག་གི་ཕྲེང་བར་སྤེལ་བ་ལས། ། མཐོང་བ་དང་ཐོས་པའི་གདུལ་བྱ་གང་གི་རྒྱུད་ལ་བཅོས་མ་མ་ཡིན་པའི་དད་པ་དང་གུས་པ་གོང་ནས་གོང་དུ་འཕེལ་ཞིང་། དེ་ལ་བརྟེན་ནས་གདུལ་བྱ་དེ་དག་གིས་ཀྱང་རྣམ་པར་ཐར་པའི་ཚུལ་དེ་དང་དེ་ལ་སྨོན་ལམ་ཚུན་ཆད་ཀྱིས་ཀྱང་འཇུག་པར་འགྱུར་བའི་ལེག་ས་བཤད་དེ་ལྟ་བུ་ལ་རྣམ་པར་ཐར་བ་ཞེས་བྱ་ལ། ། རྣམ་པར་ཐར་བ་ཞེས་པའི་དོན་དངོས་ནི། བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་དེ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་རྒྱུར་འགྱུར་བ་ཞིག་དགོས་ཞེས་གསུངས་སོ། །

2.འཇམ་པའི་རྡོ་རྗེ། འཇམ་པའི་དབྱངས།

3.སྐད་གཉིས་སྨྲ་བ། སྐད་རིགས་མི་འདྲ་བ་གཉིས་ཤེས་པའི་ལོ་ཙཱ་པ་སྟེ་སྐད་སྒྱུར་མཁན།

4.འདུལ་བ་རྣམ་བཞི། ལུས་ཀྱི་ས་ཆུ་མེ་རླུང་གི་ཁམས་བཞི་སྟེ་ལུས་ཀྱི་འབྱུང་བ་བཞི་ལ་ཟེར།

5.རླུང་སེམས་ངྷཱུ་ཏི། དབུ་མ་སྟེ་སེམས་ལ་ཡེ་ཤེས་འཆར་བ་ལུས་ཀྱི་རྩ་རྣམས་ཀྱི་གཙོ་བོ་ནི་དབུ་མ་ཡིན་ལ། ཡར་སྣར་སྒྲ་གཅན་དང་མར་སྣ་ལ་དུང་ཅན་མ་སོགས་བརྗོད་ཅིང་ཕལ་མོ་ཆེས་གནས་ཚད་དང་སྒོམ་དོན་གྱི་རྩ་བ་དབུ་མ་གཉིས་སུ་འདོད་པ་དང་། གཞུང་པ་ཉིད་དུ་འདོད་པ་དང་། དེའི་དབུས་སུ་རྟ་རྔ་ཙམ་ཡོད་པར་བཤད་པ་དང་། དོན་ལ་མེད་པ་སོགས་ཡོད་ཀྱང་དཔལ་རང་བྱུང་ཞབས་ཀྱི་བཞེད་པས། ལུས་ཀྱི་དབུས་ཀྱི་ཆ་ལ་གནས་ཤིང་གཟུང་འཛིན་གཉིས་སུ་མེད་པས་ཐབས་ཤེས་རབ་དབྱེར་མི་ཕྱེད་པ། ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་ཡེ་ཤེས་དང་། རྣམ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་རྣམ་ཤེས་ཡིན་པས། དེ་གཉིས་ཐ་མི་དད་པ་ཐ་མལ་གྱི་ཤེས་པ་ལ་སངས་རྒྱས་ཀྱི་རྒྱུ་བྱེད་པའི་ཆ་ནས་བདེ་གཤེགས་སྙིང་པོར་འབོད་པ་བཞིན་དུ། ཡེ་ཤེས་ཀྱི་རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ། འཁོར་བའི་རྩ་ཐམས་ཅད་ཀྱི་རྩ་བ་སྲོག་རྩ་ཡིན་པས་དེ་གཉིས་དབྱེར་མི་ཕྱེད་པ་སྒྲ་གཅན་གྱི་རྩ་ལ་སྲོག་བརྟེན་པའི་ཆ་ནས་སྲོག་རྩ་ཞེས་འབོད་པ་སྟེ། མདོར་ན་མ་དག་པ་ལུས་ཀྱི་རྩ་དབུ་མར་དག་པ་འབྲས་དུས་ཀྱི་དབུ་མའི་རིགས་སམ་དབྱིབས་ཀྱིས་ཁྱབ་པ་གཞིའི་རྩ་དབུ་མ། སོར་སྡུད་སོགས་བསྒོམས་པས་ནང་གི་དབུ་མར་རླུང་སེམས་ཅུང་ཟད་ཚུད་པ་ལ་བརྟེན་ནས་ཕྱི་རོལ་ཏུ་སྟོང་གཟུགས་རེ་ཁཱ་ནག་པོའི་རྣམ་པར་འཆར་བ་ལམ་གྱི་དབུ་མ། གཞན་མཆོག་སྐུ་རྡོ་རྗེ་ལ་གནས་པ་སྒྲིབ་བྲལ་གྱི་རང་བཞིན་འབྲས་བུའི་རྩ་དབུ་མ་ཞེས་རྗེ་བརྒྱད་པས་དབྱེ་བར་མཛད་དོ། །

6.རྡོ་རྗེ་ཐེག་པ། ཐབས་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེའི་ལམ་གྱིས་རྡོ་རྗེ་གསུམ་མངོན་དུ་བྱེད་པས་རྡོ་རྗེ་ཐེག་པ་ཞེས་བྱ་ལ། དེའི་རང་བཞིན་ནི། རིག་སྔགས་ཀྱི་སྦྱོར་བའི་ལམ་དང་། དེ་ལས་བྱུང་བའི་འབྲས་བུ་གཙོ་བོར་སྟོན་པ་ཡིན་པས་སྔགས་ཀྱིས་ལམ་སྒྲུབ་པ་ཡིན་ན། སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ་བརྟེན་པས་ཁྱབ་བོ། །

7.རྫོགས་རིམ། རྫོགས་རིམ་གྱི་ངོ་བོ་ནི་དབུ་མར་རླུང་སེམས་ཞུགས་པ་དང་གནས་པ་དང་ཐིམ་པ་ལས་བྱུང་བའི་ཡེ་ཤེས་ཐུན་མོང་མ་ཡིན་པའི་རྒྱུ་འབྲས་དང་བཅས་པའོ། ། རྫོགས་པའི་སྐད་དོད་ནི་ཧྥནྣ་ཡོངས་སུ་གྲུབ་པའམ། རྣལ་མ་ལའང་འཇུག་པས། དངོས་གནས་ལ་ཡོངས་སུ་གྲུབ་པའམ། རྣལ་མའམ། རང་བཞིན་ལ་ཡོད་པའི་དོན་ཏེ། གསར་དུ་མ་བསྐྱེད་ཀྱང་སྔོན་ཉིད་ནས་རྫོགས་པར་གྲུབ་པའི་ཆོས་ཤིག་སྒོམ་པའི་དོན་ནོ། རིམ་པ་ནི་ལམ་གྱི་རིམ་པའོ། རྫོགས་རིམ་ལ་མ་བརྟགས་པའི་རིམ་པ་དང་རྣལ་མའི་རྣལ་འབྱོར་ཅེས་ཀྱང་ཟེར་ལ། རྣམ་རྟོག་གིས་གསར་དུ་མ་བཅོས་པར་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་ལམ་འཁོར་དང་བཅས་པ་ནི་རྫོགས་པའི་རིམ་པའོ། །

8.སྒྱུ་མ་ལྟ་བུའི་ཏིང་འཛིན། 《དབུ་མ་འཇུག་པ》ལས། ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅད་ཉེ་བར་ཞི་འགྱུར་ཞིང་། ཉོན་མོངས་ཟད་ཅིང་ཞེས་གསུངས་པ་ལྟར། དབུ་མ་ཐལ་འགྱུར་བའི་ལུགས་ལ་ས་བརྒྱད་པ་ནས་བདེན་འཛིན་ས་བོན་དང་བཅས་པ་སྤངས་པས་ཡུལ་ལ་བདེན་ཞེན་སྐྱེ་བའི་སྐབས་མེད་ཅིང་། དེ་མི་སྐྱེ་བས་ཡུལ་ཅི་སྣང་ཡང་སྟོང་བར་ངེས་པའི་རྩིས་ཟིན་པའི་སྒྱུ་མ་ལྟ་བུ་འཆར་བ་ལས་མི་འདའ་ལ། དབུ་མ་རང་རྒྱུད་པ་རྣམས་ཀྱི་ལུགས་ལའང་ས་བརྒྱད་པ་ནས་བདེན་འཛིན་ཟད་པར་མ་སྤངས་ཀྱང་བདེན་ཞེན་སྐྱེ་བའི་གོ་སྐབས་བཅོམ་པའི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཐོབ་པས། རྗེས་ཐོབ་ཏུ་གང་སྣང་སྒྱུ་མ་ལྟ་བུར་འཆར་བ་ཐལ་འགྱུར་བ་དང་འདྲ་བར་གསུངས་པ་དེ་ཉིད་ཡིན་ལ། སྒྱུ་མ་ལྟ་བུའི་དོན་དེ་དག་དང་མི་འདྲ་བ་མ་གཏོགས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ས་བརྒྱད་པ་ནས་ཐོབ་པ་སེམས་ཙམ་པའི་གཞུང་མང་པོར་ཡང་འབྱུང་ངོ་། །

9.རྡོ་རྗེ་སློབ་དཔོན། གསང་སྔགས་ཀྱི་སློབ་དཔོན་ཏེ། དེའི་མཚན་ཉིད་ལ་རྒྱ་ཆེར་གསུངས་ཀྱང་མདོར་བསྡུས《བླ་མ་ལྔ་བཅུ་བ》ལས་བཤད་པ་ལྟར་ན། ཐུན་མོང་གི་མཚན་ཉིད་ལུས་ངག་སེམས་རྣམས་མ་འཚུབས་པས་བརྟན་པ། སེམས་ཀྱི་བསླབ་པ་དང་ལྡན་པས་དུལ་བ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཅན། སློབ་མའི་བྱ་བ་ལ་བཟོད་པ་དང་ལྡན་པས་ཁོང་མི་ཁྲོ་བ། རང་གི་ཉེས་པ་བཅབ་པའི་གཡོ་དང་གཞན་བསླུ་བའི་བསམ་པས་ཡང་དག་པ་མ་ཡིན་པའི་དོན་སྟོན་པའི་སྒྱུ་མེད་པས་དྲང་བ་སྟེ་དྲུག ཁྱད་པར་གྱི་མཚན་ཉིད་ཕྲིན་ལས་བཞི་ལ་སོགས་པའི་སྔགས་ཀྱི་སྦྱོར་བ་དང་མཐའ་དྲུག་ལ་སོགས་པ་རྒྱུད་ཀྱི་སྦྱོར་བ་ཤེས་པ། གཞན་ལ་སྙིང་བརྩེ་བ་དང་ལྡན་པ། ཐུན་མོང་བའི་གཞུང་ལུགས་རྣམས་ལའང་ཅི་རིགས་པར་མཁས་ཤིང་། དེ་ཉིད་རྣམ་པ་བཅུའི་མཐར་སོན་པ། བསྙེན་སོགས་དག་པར་བྱས་ཤིང་དབང་བསྐུར་པའི་བྱ་བ་ཁོང་དུ་ཆུད་པས་དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ། དབང་བོ་རབ་འབྲིང་ཐ་མའི་ཚུལ་དང་མཐུན་པར་སྔགས་བཤད་པའི་སྤྱོད་པ་ཤེས་པ་སྟེ་དེ་ཉིད་བཅུ་ལ་ཚན་པ་གསུམ་དུ་དབྱེ་ནས་བསྡོམས་པས་དགུ། ཐུན་ཁྱད་གཉིས་ཀ་བསྡོམས་པས་བཅོ་ལྔའོ། །

10.རྡོ་རྗེ་ཐེག་པའི་འཕགས་ལམ་རྗེས་མཐུན་པ་བཅུ་གཉིས། རྒྱ་གར་གྱི་པཎ་གྲུབ་རྣམས་དང་ཇོ་ནང་རྗེ་བཙུན་ཆེན་པོའི་བཞེད་པར། འཕགས་ལམ་གྱི་ཡེ་ཤེས་ཟུང་འཇུག་ལ་ལྡོག་ཆས་ཕྱེ་བས་བཅུ་གཉིས་བྱུང་ལ། རིམ་པ་བཞིན་དུ་མ་རིག་པ་ཤེས་སྒྲིབ་ཀྱི་མུན་པ་སེལ་བ་དང་། འཛག་མེད་ཀྱི་བདེ་བས་འདོད་ཆགས་བཅས་པ་དང་། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐོང་བ་དང་། ལྷག་བསམ་བརྟན་པོ་རང་དོན་གྱི་རྣམ་པར་རྟོག་པས་མི་ཕྱེད་པས་གཞན་དོན་ལ་དགའ་བ་དང་ལྡན་པ་དང་། འདོད་པའི་ལྷས་དབང་བསྐུར་པའི་ཡེ་ཤེས་དང་། སེམས་རང་བཞིན་གྱིས་དག་པར་མཐོང་བ་དང་། སྨོན་ལམ་གྱི་དབང་གིས་སངས་རྒྱས་ལ་སོགས་པ་སྤྲུལ་ནས་ཕྲིན་ལས་བྱེད་པ་དང་། དཔེ་ལས་འདས་པའི་ཡེ་ཤེས་ཏེ་བརྗོད་བྲལ་དུ་མཐོང་བ་དང་། ཆོས་ཐམས་ཅད་ཀྱི་དཔེ་དང་རྒྱུ་མཚན་རྟོགས་པ་དང་། ཤེས་བྱ་ལ་བློ་གྲོས་བླ་ན་མེད་པ་རྒྱས་པ་དང་། ཤེས་སྒྲིབ་ཀྱི་མུན་པའི་བག་ཆགས་སེལ་བ་དང་། སོ་སོ་རང་གིས་རིག་པའི་ཡེ་ཤེས་མངོན་དུ་གྱུར་པའོ། །

11.འཕགས་པ་ལྷ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི《བསླབ་བྱ་རིན་ཆེན་ཕྲེང་མཛེས》ཞེས་བྱ་བའི་མཆན་རྟགས་ཨང8ལ་གཟིགས།

12.ཞི་བ་ལྷ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི《བསླབ་བྱ་རིན་ཆེན་ཕྲེང་མཛེས》ཞེས་བྱ་བའི་མཆན་རྟགས་ཨང5ལ་གཟིགས།

13. ཡན་ལག་དྲུག་གི་རྣལ་འབྱོར། བླ་མེད་ཕ་རྒྱུད་ཀྱི་རྫོགས་རིམ་གྱི་ཡན་ལག་རིམ་པ་དྲུག་གི་རྣལ་འབྱོར་ཏེ། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་དང་དྲུག་གོ

14.མདའ་བསྣུན། གུ་རུ་ས་ར་ཧ་པ་སྟེ། དེ་ནི་རིགས་བྲམ་ཟེ། ཡུལ་རྒྱ་གར་ཤར་ཕྱོགས་པའི་གྲོང་ཁྱེར་རཱཛྙི་ཞེས་བྱ་བའི་བྱེ་བྲག་རོ་ལི་པ་ཞེས་བྱ་བ་ཡིན་ལ། མཁའ་འགྲོ་མའི་སྲས་ཡིན་པས་མཁའ་འགྲོ་ཉིད་ཡིན་ནོ། གུ་རུ་འདི་བྲམ་ཟེ་ཡིན་ཡང་སངས་རྒྱས་པའི་ཆོས་ལ་དད་ནས་སློབ་དཔོན་དཔག་ཏུ་མེད་པ་ལ་ཆོས་ཉན་པས་གསང་སྔགས་ཀྱི་ཆོས་ལ་ཡིད་ཆེས་ཏེ། བྲམ་ཟེ་དང་སངས་རྒྱས་པའི་སྡོམ་པ་གཉིས་ཀ་བསྲུང་བ་ལ། ཉིན་བྲམ་ཟེའི་ཆོས་ལུགས་བྱེད། མཚན་སངས་རྒྱས་པའི་ཆོས་ལུགས་བྱེད་ཅིང་། ཆང་ཡང་གསོལ་བས་ན་བྲམ་ཟེ་ཀུན་གྱིས་ཚོར་ནས་དེ་བསྐྲད་པའི་ཕྱིར་བྲམ་ཟེ་ཐམས་ཅད་འདུས་ནས། རྒྱལ་བོ་རཏྣ་ཕ་ལ་ལ་ཞུས་པ། ཁྱེད་རྒྱལ་བོ་ཡིན་ན་ཡུལ་དུ་ཆོས་ལུགས་འཆོལ་བ་བྱེད་དུ་འཇུག་པ་རིགས་སམ། ས་ར་ཧ་འདི་ཡུལ་རོ་ལིའི་གྲོང་ཁྱེར་ཁྲི་ཚོ་བྱེད་གཉིས་ཀྱི་གཙོ་བོ་ཡིན་པ་ལ། ཆུང་འཐུང་ནས་རིགས་ཉམས་པར་བྱས་པ་ཡིན་པས་སྐྲོད་ཅིག་བྱས་པས། རྒྱལ་པོས་སྨྲས་པ། ཁྲི་ཚོ་ཕྱེད་དང་གཉིས་ལ་དབང་བྱེད་པ་འདི་སྐྲོད་དུ་མི་འདོད་ཟེར་ནས། རྒྱལ་པོས་ས་ར་ཧའི་གམ་དུ་བྱོན་ནས་སྨྲས་པ། ཁྱེད་བྲམ་ཟེ་ཡིན་པ་ལ་ཆང་འཐུང་བ་འདི་མ་ལེགས་སོ་བྱས་པས། ས་ར་ཧ་པ་ན་རེ། ངས་ཆང་འཐུང་པ་མེད། འོན་ཀྱང་མནའ་འདོར་བ་ཡིན་པས་བྲམ་ཟེ་ཀུན་དང་མི་ཐམས་ཅད་སྡུས་ཤིག་ཟེར་ནས་ཐམས་ཅད་བསྡུས་པ་དང་། ས་ར་ཧ་པས། ངས་ཆང་འཐུང་པར་གྱུར་ན་ལག་པ་ཚིག་ལ། མ་འཐུང་ན་མ་ཚིག་ཅེས་ཟེར་ནས། མར་ཁུ་ཁོལ་མའི་ནང་དུ་ལག་པ་བཅུག་པས་མ་ཚིག་པ་དང་། ཡང་ཆུའི་ནང་དུ་ཞུགས་ཀྱང་མ་ནུབ་པ་དང་། སྲང་ལ་བསྒོར་བས་ཧ་ཅང་ལྗིད་པ་བྱུང་བས། རྒྱལ་པོས་སྨྲས་པ། ཁོ་འདྲ་བའི་ནུས་པ་ཡོད་ན་ཆང་འཐུང་ན་ཡང་ཐུངས་ཤིག་ཅེས་སྨྲས་པས། བྲམ་ཟེ་ཐམས་ཅད་དང་རྒྱལ་པོས་ཀྱང་ཕྱག་བྱས་གདམས་པ་ཞུས་པས། རྒྱལ་བོ་དང་བཙུན་མོ་དང་འབངས་ཐམས་ཅད་ལ་མགུར་གསུངས་པས་དོ་ཧ་སྐོར་གསུམ་དུ་གྲགས་སོ། ། བྲམ་ཟེ་རྣམས་ཀྱིས་རང་གི་ཆོས་ལུགས་སྤངས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིང་རྒྱལ་པོ་འཁོར་དང་བཅས་པས་ཀྱང་སིངྔྷི་ཐོབ་བོ། ། དེ་ནས་ས་ར་ཧས་བྱན་མོ་ལོ་བཅོ་ལྔ་ལོན་པ་ཞིག་ཡོད་པ་ཁྲིད་ནས་ཡུལ་གཞན་དུ་ཕྱིན་ཅིང་། དགོན་པ་གཅིག་ཏུ་འདུག་ནས་ཆོས་སྒྲུབ་པ་བྱེད། ཆུང་མས་བྱན་བླངས་ཀྱིན་བསྐྱལ་བ་དང་། ཐེངས་ཤིག་ལ་ཕུག་གི་ཚོད་མ་ཟ་ཟེར་བས་ཆུང་མས་མ་ཧེའི་ཞོ་དང་ལ་ཕུག་སྦྱར་ནས་འདྲེན་དུ་ཕྱིན་པ་ན། ཏིང་ངེ་འཛིན་ལ་ཞུགས་འདུག་པས་མ་བླངས་པར་ལོག དེ་ནས་ས་ར་ཧ་པས་ལོ་བཅུ་གཉིས་ཀྱི་བར་དུ་ཏིང་འཛིན་དེ་ལས་མ་བཞེངས། དེ་ནས་བཞེངས་ཏེ་ལ་ཕུག་གི་ཚོད་མ་ག་རེ་བྱས་པས། བྱན་མོ་ན་རེ། ཁྱེད་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལས་མ་བཞེངས་པས་ད་ལྟ་ག་ན་ཡོད། ད་ནི་དཔྱིད་ཀྱི་དུས་སུ་སོང་ནས་མེད་དོ་ཞེས་སྨྲས་པ་ན། ས་ར་ཧས་ཆུང་མ་ལ། ང་རི་ལ་སྒྲུབ་པར་འགྲོ་བ་ཡིན་སྨྲས་པས། ཆུང་མ་ན་རེ། ལུས་དབེན་པ་ནི་དབེན་པ་མ་ལགས། སེམས་མཚན་མ་དང་རྣམ་པར་རྟོག་པས་དབེན་པ་ནི་དབེན་པའི་མཆོག་ལགས་ཏེ། ཁྱོད་ཀྱིས་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལ་བཞུགས་ཀྱང་། མཚན་མ་ཕྲ་མོ་ལ་ཕུག་གི་རྟོག་པ་མ་ཆོད་ན་རི་ཁར་ཕྱིན་པས་ཅི་ལ་ཕན་སྨྲས་པས། ས་ར་ཧ་པས་དེ་བདེན་དགོངས་ཏེ། མཚན་མ་དང་རྣམ་པར་རྟོག་པ་སྤངས་ཏེ་གཉུག་མའི་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་དོན་དཔག་མེད་མཛད་དེ་ཆུང་མ་དང་གཉིས་ཀ་མཁའ་སྤྱོད་དུ་གཤེགས་སོ། །

15.ཤཱ་བ་རི། གུ་རུ་ཤ་བ་རི་བ་སྟེ། དེ་ཡང་མནྟྲ་བི་ཀྲ་མ་ཞེས་བྱ་བའི་རི་ལ། དཔལ་ཤ་བ་རི་བ་ཞེས་པའི་རྔོན་པ་ཞིག་ཡོད་པ་ལ། དེའི་ལས་སུ་སྲོག་ཆགས་མང་པོ་བསད་ཅིང་ཟས་སུ་ཟ། དུས་རྟག་ཏུ་འཚོ་བའི་ཕྱིར་སེམས་ཅན་མང་པོ་ལ་གནོད་ཅིང་འཚེ་བའི་སྡུག་པ་འབའ་ཞིག་བྱེད་པ་དེ་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས་གཟིགས་ནས་སྙིང་རྗེ་སྐྱེས་ཏེ། དེ་འདུལ་བའི་དོན་དུ་དཔལ་ཤ་བ་རི་བ་འདྲ་བའི་རྔོན་པ་ཞིག་ཏུ་སྤྲུལ་ནས་དེའི་གམ་དུ་ཕྱིན་ནས། སྤྲུལ་པ་དེས་མདའ་གཅིག་གིས་སྤྲུལ་པའི་ཤ་བོ་བརྒྱ་ཐམ་པ་བསད་ནས་ཤ་བའི་རོ་གཅིག་ཤ་བ་རི་བ་ལ་བསྐུར་པས། དེ་མ་ཐག་པར་ཤ་བ་རི་བ་ང་རྒྱལ་ཆག་སྟེ་ཁྱིམ་དུ་འོངས་ནས་སྤྲུལ་བ་ལ་སྨྲས་པ། དེ་སློབ་པ་ལ་ཟླ་བ་གཅིག་ལ་ཤ་མི་ཟ་བ་ཞིག་དགོས་བྱས་པས། དེ་ནས་ཤ་བ་རི་བས་སེམས་ཅན་ལ་གནོད་འཚེ་སྤངས་པ་དང་། སྤྲུལ་བ་ཞག་བདུན་ན་དེའི་གམ་དུ་ཕྱིན་ནས་སྨྲས་པ། ཁྱེད་ཅག་གིས་ཅི་ཟོས། དེ་ན་རེ། ཤིང་ཐོག་ཟོས་ཟེར་རོ། ། དེ་ནས་སྤྲུལ་པས་སྨྲས་པ། ཁྱོད་ཀྱིས་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྒོམས་ཤིག་བྱས་ནས་ཟླ་བ་གཅིག་ལོན་ནས་དེར་གཤེགས་པ་ན། ཤ་བ་རི་བ་ན་རེ། ད་ཤ་བ་གཤོར་བའི་ཆོས་ཤོད་ཟེར་བ་ལ། སྤྲུལ་པས་དེར་མཎྜལ་ཞིག་མཛད་ནས་མེ་ཏོག་བཀྲམ་སྟེ་ཤ་བ་རི་བ་བཟའ་མི་གཉིས་ལ་མཎྜལ་ལ་ལྟོས་ཤིག་དང་། ཅི་མཐོང་དྲིས་པས་མཎྜལ་གྱི་ནང་དུ་དམྱལ་བ་ཆེན་པོ་བརྒྱད་དང་ཁོ་རང་གཉིས་ཀྱང་དེར་འཚེད་པ་མཐོང་བས་འཇིགས་ཤིང་སྐྲག་ལ་དངངས་ཤིང་འདར་ནས་སྐད་མ་ཐོན་པ་ན་སྤྲུལ་པས་ཡང་ཡང་དྲིས་པས། སེམས་ཅན་དམྱལ་བ་འདི་འདྲ་གདའ་ཞུས་པས། སྤྲུལ་པས་ཁྱེད་དེར་སྐྱེ་བ་ལ་མི་འཇིགས་སམ་གསུངས་པ་ལ། འཇིགས་ལགས་ཏེ་དེ་ལས་ཐར་པའི་ཐབས་མཆིས་སམ་ཞུས་པས། དེ་ཡོད་ན་ཁྱོད་ཀྱིས་སྒྲུབ་ནུས་སམ་དྲིས་པས་ནུས་ཟེར་ནས་སྤྲུལ་པས་ཤ་བ་རི་བཟའ་མི་གཉིས་ལ་མི་དགེ་བ་བཅུའི་ཉེས་དམིགས་དང་། དགེ་བ་བཅུའི་ཕན་ཡོན་བཤད་པས། ཤ་བ་རི་བ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཆོས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པར་གྱུར་ཏོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གདམས་ངག་གནང་ནས་རི་བོ་དནྟར་གཤེགས། ཤ་བ་རིས་ལོ་བཅུ་གཉིས་སུ་རྣམ་པར་མི་རྟོག་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། སྙིང་རྗེ་ཆེན་པོས་ཆོས་ཉིད་ལས་སངས་ཏེ། འཕགས་པའི་སྤྱན་ལམ་དུ་ཕྱིན་པ་ན། འཕགས་པས་ཤ་བ་རི་ལ་ཡོན་ཏན་གྱི་བསྔགས་པ་དུ་མ་བརྗོད་ནས། རིགས་ཀྱི་བུ་རྩྭའི་མེ་ཤི་བ་དང་འདྲ་བའི་ཕྱོགས་གཅིག་གི་མྱ་ངན་ལས་འདས་པ་ནི་མཆོག་མ་ཡིན་ལ་ཁྱོད་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བར་འདུག་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པའི་དོན་གྱིས་ཤིག་ཅེས་གསུངས་པས། ཤ་བ་རི་རང་གི་ཡུལ་དུ་བྱོན་ནས་བཞུགས་སོ། མཚན་ལ་དཔལ་ཤ་བ་རི་བ་ཞེས་པའམ། རྨ་བྱའི་གཤོག་པ་གྱོན་ནས་འདུག་པས་རྨ་བྱའི་གོས་ཅན་ཞེས་ཀྱང་བྱ་ལ། དུས་རྟག་ཏུ་རི་ལ་བཞུགས་པས་རི་ཁྲོད་མགོན་པོ་ཞེས་ཀྱང་ཟེར་ཏེ་མཚན་གསུམ་དུ་གྲགས་སོ། ། སྐལ་བ་དང་ལྡན་པ་ལ་བརྡ་དང་མགུར་ལ་སོགས་པས་དོན་མཛད་དེ། བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་སྐུ་འདི་ཉིད་ཀྱིས་འཛམ་བུའི་གླིང་འདིར་བཞུགས་སོ། །

16.ལཱུ་ཧི་པ། ལཱུ་ཧི་པ་ཞེས་པ་ནི་ཉའི་རྒྱུ་ལྟོ་གསོལ་བ་ལས་མཚན་དུ་བཏེགས་ཏེ། དེ་ཡང་སིངྒ་ལའི་གླིང་གི་རྒྱལ་བོ་ཞིག་ལ་སྲས་གསུམ་མངའ་བ་ལས། ཡབ་རྒྱལ་བོ་གྲོངས་ནས་རེ་ཞིག་ནས་རྩིས་མཁན་གྱིས་ལུང་བསྟན་པ་ལྟར་སྲས་བར་བ་རྒྱལ་ཚབ་ཏུ་དབང་བསྐུར། དེ་མ་འདོད་ནས་འབྲོས་པར་བརྩམས་པ་ལ་གཅེན་གཅུང་དང་འབངས་རྣམས་ཀྱིས་དེ་བཟུང་ནས་གསེར་སྒྲོག་གི་ལྕགས་སུ་བཅུག རྒྱལ་བུ་དེས་འཁོར་དང་སྲུང་མ་ཀུན་ལ་གསེར་དང་དངུལ་ལ་སོགས་པའི་བྱ་དགའ་བྱིན་ནས་མཚན་ལ་གོས་ཚེམ་བུ་ཅན་གྱོན་ཏེ། སྐྱེལ་མ་ལའང་གསེར་ལ་སོགས་པའི་རྔན་པ་བྱིན་ནས་རྒྱལ་པོ་ས་ར་མ་ལའི་ཡུལ་རཱ་མེ་ཤཱ་རར་ཕྱིན་པ་ན། སྟན་དར་ཟབ་ལས་བྱས་པ་བོར་ནས་ཀྲྀ་ཥྞ་སཱ་རའི་སྟན་བཏིངས་ནས་རྒྱལ་ས་སྤངས་ཏེ་ཐལ་བའི་ནང་དུ་ཉལ་ལོ། རྒྱལ་བུ་དེ་གཟུགས་བཟང་ཞིང་ལྟ་ན་སྡུག་པས་ཀུན་གྱིས་བཟའ་བ་དང་བཅའ་བ་ལ་སོགས་པ་མི་བྲལ་བ་ཉིད་དུ་བྱིན། དེ་ནས་རྡོ་རྗེ་གདན་དུ་བྱོན་པས་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་གདམས་པ་བསྟན། རྒྱལ་པོ་བཞུགས་ས་བ་ཊ་ལི་བུ་ཏྲར་བྱོན་པས་མི་ཀུན་གྱིས་ཟས་བྱིན་པ་ཟ་བཞིན་དུར་ཁྲོད་དུ་ཉལ་གྱིན་འདུག་པ་ལས། ཚོང་འདུས་སུ་ཆང་འཚོང་མའི་གནས་སུ་ཕྱིན་པ་ན། ཆང་འཚོང་མའི་གཙོ་མོ་དེ་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་ཞིག་ཡིན་པས། དེས་རྒྱལ་བུ་ལ་བལྟས་ནས་འདིའི་འཁོར་ལོ་བཞིའི་དྲི་མ་ལ་སོགས་པ་ཐམས་ཅད་དག་ནས་འདུག་པ་ལ་སྙིང་ག་ནས་སྲན་མ་ཙམ་ཞིག་གི་རིགས་ཀྱི་རྟོག་པ་མ་དག་པར་འདུག་ཟེར། དེ་ནས་མོས་རྫ་མའི་ནང་དུ་ཟས་རུལ་བ་བླུགས་ནས་བྱིན་པས། རྒྱལ་བུས་ར་བསྐྱུར་བས་མཁའ་འགྲོ་མ་དེ་ཁྲོས་ནས། ཁྱོད་ཀྱིས་ཟས་བཟང་ངན་གྱི་རྣམ་པར་རྟོག་པ་མ་སྤངས་ན་ཆོས་ག་ལ་འོང་ཞེས་སྨྲས་པས། རྒྱལ་བུས་རྣམ་རྟོག་དང་མཚན་མ་བྱང་ཆུབ་ཀྱི་གེགས་སུ་འདུག་སྙམ་ནས་སྤངས། ཉ་པས་གངྒཱ་ནས་ཉ་བསད་པའི་རྒྱུ་མ་ས་ལ་བསྐྱུར་བ་རྣམས་བླངས་ནས་ཟ་ཞིང་ལོ་བཅུ་གཉིས་བར་བསྒྲུབས། ཉའི་རྒྱུ་མ་ཟ་བ་ཉ་འཚོང་མའི་བུད་མེད་ཀྱིས་མཐོང་ནས་ནས་ཐམས་ཅད་ཀྱིས་ལཱུ་ཧི་པ་ཞེས་སྨྲས་ལ། ཕྱོགས་མཚམས་ཀུན་ཏུ་ལཱུ་ཧི་པ་ཞེས་གྲགས་ཏེ་དེའི་མིང་དང་དངོས་གྲུབ་ཐོབ་བོ།

17.དྲིལ་བུ། གུ་རུ་གྷཱཎྚེ་པའམ་དྲིལ་བུ་བ་སྟེ། ཡུལ་ཤྲཱི་ནཱ་ལེནྡྲའི་སྡེ་བ། དགེ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ། རིག་པའི་གནས་ལྔ་ལ་མཁས་པར་གྱུར་པས་་ཕྱོགས་མཚམས་ཐམས་ཅད་དུ་སྙན་པའི་གྲགས་པས་ཁྱབ་པར་གྱུར་བ་དང་། སློབ་དཔོན་ཡུལ་ཐམས་ཅད་ལ་འགྲོ་དོན་དུ་གཤེགས་པར་གྱུར་བ་ན། རྒྱལ་པོ་དེ་ཝ་ཕ་ལ་བྱ་བ་གསོད་ནམས་ཀྱི་མཐུ་ལས་གྲུབ་པའི་རྒྱལ་སྲིད་ཀྱི་འབྱོར་བ་དཔག་ཏུ་མེད་པ་མངའ་སྟེ། གྲོང་ཁྱེར་འབུམ་ཚོ་སུམ་ཅུ་རྩ་གཅིག་ལ་དབང་བྱེད་པའི་རྒྱལ་པོ་དེ་ཝ་ཕ་ལའི་ཡུལ་ས་ལི་པུ་ཏྲའི་གྲོང་ཁྱེར་དུ་སློབ་དཔོན་གཤེགས་ནས་བསོད་སྙོམས་མཛད་ཅིང་ཤིང་གི་དྲུང་ན་གནས་བཅས་ནས་བཞུགས་པ་ན། མཆོད་གནས་དཔག་ཏུ་མེད་པ་མངའ་བའི་རྒྱལ་བོ་དེ་ཝ་ཕ་ལས་བཙུན་མོ་དང་བགྲོས་ནས། ཚེ་ཕྱི་མའི་ཆེད་དུ་ལམ་རྒྱགས་མཆོད་གནས་ལ་ཟང་ཟིང་གི་དངོས་དང་བཅས་ཏེ་སློབ་དཔོན་དེ་སྤྱན་འདྲེན་པར་ཡང་ཡང་ཕྱིན་མོད། སློབ་དཔོན་གྱིས་རྒྱལ་པོའི་རྒྱལ་སྲིད་ནི་སྡིག་དང་བཅས་པ་ཡིནཔས་བདག་དེར་མི་འགྲོ་ཞེས་ནས་མ་དྲོངས་པས། རྒྱལ་པོ་འཁོར་དང་བཅས་པ་ཁྲོས་ཏེ་སྙིང་ལ་ཞེ་སྡང་གི་མེ་འབར་ཏེ། རྒྱལ་པོས་སྨྲས་པ། དགེ་སྦྱོང་འདིའི་ཚངས་བར་སྤྱོད་པ་སུས་ལེན་ན་རྒྱལ་སྲིད་ཕྱེད་དང་གསེར་ཁལ་གཅིག་སྟེར་རོ་ཞེས་ཡོངས་སུ་སྒྲོག་མཁན་བཏང་བ་ན། ཡུལ་དེ་ན་སྨད་འཚོང་མ་གཡོ་ཅན་ཀུན་གྱི་གཙོ་མོ་ཞིག་ཡོད་པ་དེས་ངས་ནུས་ཞེས་ཁས་བླངས་ནས། དེ་ལ་བུ་མོ་ལོ་བཅུ་གཉིས་ལོན་པ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། མཛེས་ཤིང་ཀུན་གྱི་ཡིད་དུ་འོང་བ། ཉི་མས་མཐོང་ན་ཉི་མ་འགུལ་མི་འདོད་པ་ཞིག་ཡོད་པ་དེ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་གཡོ་སྒྱུས་དགེ་སློང་ལ་ཟས་སྐྱེལ་བར་བཏང་། བུ་མོ་དེས་ཐབས་ཀྱིས་དགེ་སློང་དང་འདུས་ཤིང་བུ་ཁྱེའུ་ཞིག་བཙས། དེ་ནས་ལོ་གསུམ་ལོན་པ་ན། སྨད་འཚོང་མའི་གཙོ་མོས་རྒྱལ་པོ་ལ་དོན་གྲུབ་ཟིན་ཞུས་པས། རྒྱལ་པོས་ས་ལི་པུ་ཏྲའི་མི་ཀུན་དང་བཅས་དགེ་སློང་གམ་དུ་ཆས། ལམ་བར་དུ་དགེ་སློང་དང་བུ་ཆུང་མ་ཡུལ་གཞན་ཏུ་འཁྱམ་པར་འགྲོ་བ་དང་ཕྲད་དེ། རྒྱལ་པོས་གླང་ཆེན་སྟེང་ནས་བབས་ཏེ་སྨྲས་པ། དགེ་སློང་གི་ཆོས་གོས་ནང་ན་ཅི་ཡོད། བུ་མོ་འདི་ཁྱོད་ཀྱི་ཅི་ཡིན་ཞེས་པས། དགེ་སློང་གིས་གོས་ཀྱི་ནང་ན་བུ་ཆུང་དང་ཀུ་བ་ཡོད། བུ་མོ་འདི་ངའི་ཆུང་མ་ཡིན་སྨྲས་པས། རྒྱལ་པོ་ན་རེ། ངས་སྤྱན་དྲངས་པའི་དུས་སུ་ཁྱོད་སྡིག་ཅན་གྱི་གམ་དུ་མི་འོང་ཟེར་བ་ལ། ད་ལྟ་ཁྱེད་རང་བུ་དང་ཆུང་མས་ཅི་བྱེད། སྡིག་ཅན་ཅིག་ཁྱེད་རང་འདུག་ཅེས་སྨྲས། སློབ་དཔོན་གྱིས་ང་ལ་ཉེས་པ་མེད་ལས་སྐུར་བ་མ་འདེབས་ཤིག་གསུངས་ལ། སླར་ཡང་སྔར་བཞིན་བགྲངས་པས། སློབ་དཔོན་གྱིས་བུ་ཆུང་དང་ཀུ་བ་ས་ལ་བརྡབས་པས། སའི་ལྷ་མོ་འཇིགས་ནས་ས་གས་ཏེ་ཆུ་བརྡོལ་བ་ན། ཆུའི་ནང་དུ་བུ་ཆུང་དང་ཀུ་བ་རྡོ་རྗེ་དྲིལ་བུར་སོང་། ཁོ་རང་བདེ་མཆོག་དང་བུ་མོ་ཡུམ་རྡོ་རྗེ་འཕགས་མོར་སོང་ནས། ནམ་མཁའ་ལ་བདེ་མཆོག་ཡབ་ཡུམ་རྡོ་རྗེ་དྲིལ་བུ་དང་བཅས་པར་གྱུར་པས། རྒྱལ་པོ་ལ་སོགས་པས་མགྲིན་གཅིག་ཏུ་སློབ་དཔོན་ལ་སྐྱབས་སུ་མཆིའོ་ཞེས་གསོལ་བ་བཏབ་ཀྱང་། རྡོ་རྗེ་ཁྲོས་པའི་ཏིང་འཛིན་ལས་མ་བཞེངས་པས། སྐྱེ་བོའི་ཚོགས་ཐམས་ཅད་ས་གས་པའི་ཆུར་ནུབ་ནས་འཆི་བ་ལ་ཐུག་པ་ན་འཕགས་པ་སྤྱན་རས་གཟིགས་སྐད་ཅིག་ལ་དེར་གཤེགས་ནས་། ས་གས་པའི་ཆུ་ཞབས་ཀྱིས་བཀག་ནས་རྒྱལ་པོ་དེ་ཝ་ཕ་ལ་སོགས་དབུགས་དབྱུང་བར་མཛད་དོ། དེ་ནས་སླར་ཡང་བླ་མ་ལ་གསོལ་བ་བཏབ་པས། དེས་ཧཱུྃ་སྒྲ་གཅིག་བསྒྲགས་པས་ཆུ་ཐམས་ཅད་མི་སྣང་བར་གྱུར། དེ་ནས་རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ་བས། འཕགས་པའི་སྐུ་ཡང་དེ་ཉིད་དུ་རྡོའི་རང་བྱུང་དུ་སོང་སྟེ། ད་དུང་ཡང་ཞབས་འོག་ནས་ཆུ་ཁྲུ་རེ་རེ་ཙམ་འབྲུབ་ཟེར། དེ་ནས་རྒྱལ་པོ་ལ་སོགས་པ་ལ་དེས་གདམས་པ་གསུངས་པས། རྒྱལ་པོ་ལ་སོགས་པ་སྐྱེ་བོའི་ཚོགས་ཐམས་ཅད་མི་མོས་པའི་སྒྲོ་སྐུར་འགགས་ནས་གཅིག་ཏུ་མཐུན་པར་དད་པར་གྱུར་ནས་འགྲོ་བ་དཔག་ཏུ་མེད་པ་ལམ་ལ་གནས་པར་གྱུར་ཏེ་ཚིག་ཏུ་ཡང་དྲིལ་བུ་བ་ཞེས་བརྗོད་ནས་། དེ་ཕན་ཆད་སློབ་དཔོན་དྲིལ་བུ་བ་ཞེས་ཕྱོགས་མཚམས་ཐམས་ཅད་དུ་གྲགས་སོ། །

18.འབར་འཛིན། འབར་འཛིན་ནམ་འབར་བ་འཛིན་ནི་ཛ་ལནྔྷ་ར་བ་ཞེས་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གསུངས་ལ། གུ་རུ་ཛཱ་ལནྔྷ་རའི་ཡུལ་ན་ག་ར་ཐོང་ཐ་ཞེས་བྱ་བ་ཡིན། རིགས་བྲམ་ཟེ་ཡིན་པ་ལས། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ནས་དུར་ཁྲོད་དུ་ཕྱིན་ཏེ་ཤིང་གཅིག་གི་རྩར་བསྡད་པས་ཤེས་པ་བདེ་བ་སྙམ་བྱེད་པ་ན། ནམ་མཁའ་ནས་ཌཱ་ཀི་མ་ཞིག་གིས་རིགས་ཀྱི་བུ་ཁྱོད་ཡང་དག་པའི་དོན་ཡིད་ལ་གྱིས་ཤིག་ཟེར་བའི་སྒྲ་བྱུང་བ་དང་། དེ་དགའ་ནས་ཡང་དང་ཡང་དུ་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་ཌཱ་ཀི་མས་ཞལ་དངོས་སུ་བསྟན་ནས་དགྱེས་རྡོར་དུ་དབང་བསྐུར་ཏེ། རྫོགས་པའི་རིམ་པའི་མན་ངག་འདི་ལྟར་བྱིན་ཏེ། ཕྱི་ནང་ཁམས་གསུམ་སྣོད་བཅུད་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་འདུས། དེ་གསུམ་གྱི་རྣམ་རྟོག་རྩ་གསུམ་དུ་འདུས། རྩ་གཉིས་ངྷཱུ་ཏིར་འདུས་པ་ལ། དེ་རུ་དྲན་རིག་སྣ་ཚོགས་ཀྱི་རྟོག་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ཐོན་ལ་སྣང་སྟོང་དབྱེར་མེད་དུ་སྒོམས་ཤིག་པའི་གདམས་པ་བྱིན་ནས། ཕྱི་ནང་ཆོས་རྣམས་མ་ལུས་པ། ། ལུས་ངག་ཡིད་གསུམ་དག་ཏུ་འདུས། ། གཡས་གཡོན་ཨ་ཝ་ངྷཱུ་ཏཱིར་འདུས། ། དེ་ཡང་ཚངས་པའི་བུ་ག་སྟེ། ། སྟོང་བ་ཉིད་དེ་བདེ་ཆེན་མཆོག ། རྣལ་འབྱོར་དག་པའི་ངང་ལས་བྱུང་། ། བདེ་སྟོང་ཟུང་འཇུག་བསྐྱིལ་བར་འཚལ། ། ཞེས་གསུངས་ཏེ་རྫོགས་པའི་རིམ་པ་གནས་དེ་ནས། དེས་ཀྱང་བསྒོམས་པས་ལོ་བདུན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། དེ་ནས་རྟོགས་པ་བརྗོད་དེ། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་འཁོར་སུམ་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །