བསླབ་བྱ་རིན་ཆེན་ཕྲེང་མཛེས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2018-06-12 11:31ལ་འགྲུབ།

བསླབ་བྱ་རིན་ཆེན་ཕྲེང་མཛེས།

བསླབ་བྱ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་འདི་ཡང་།དང་བ་དང་རྣམ་དཔྱོད་དང་གཏོང་བ་ལ་སོགས་པའི་ཡོན་ཏན་གྱིས་མཛེས་པ་སྐལ་བཟང་མགོན་པོ་དབང་རྒྱལ་གྱིས་ནན་ཆེར་བསྐུལ་པ་ལ་བརྟེན་ནས།ཤཱཀྱའི་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ་ཐོགས་མེད་དུ་སྨྲས་པ་སྐྱེ་བོ་མཐའ་དག་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།
1 མ་ཡིག

ན་མོ་གུ་རུ་མ་ཉྫུ་གྷོ་ཥཱ་ཡ། བསླབ་བྱ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། བདེ་གཤེགས་ཀུན་གྱི་སྐུ་གསུམ་གྱི། ། ཡེ་ཤེས་གཙང་མའི་རང་གཟུགས་ལ། ། ཤཱཀྱ་སེང་གར་མཚན་གསོལ་བའི། ། སྟོན་པ་མཆོག་དེས་བདག་སྐྱོངས་ཤིག ། མཁྱེན་པའི་ཆ་ཤས་ཕྲ་མོས་ཀྱང་། ། མཁའ་ལྟར་ཡངས་པའི་ཤེས་བྱའི་ཁྱོན། ། རྡུལ་ཕྲན་གོ་སར་འགོད་མཁས་པ། ། འཇམ་པའི་དབྱངས་ཀྱིས་དགེ་ལེགས་སྩོལ། ། བདག་ལ་ཕན་འདོད་གྲོགས་རྣམས་ལ། ། མངོན་པར་མཐོ་དང་ངེས་ལེགས་ཀྱི། ། ལམ་བཟང་མཚོན་ཕྱིར་དམ་པའི་གཞུང་། ། ཇི་བཞིན་འབེལ་བའི་གཏམ་འདི་གླེང་། །

དྲན་པ་ཡིས་ཀྱང་གདུང་སེལ་བ། ། ཁམས་གསུམ་འགྲོ་བའི་བླ་མ་དེས། ། བློ་ལྡན་ཁྱིམ་ན་གནས་པས་ཀྱང་། ། དོན་མཆོག་སྒྲུབ་པའི་ཐབས་འདི་གསུང་། ། འདི་ཕྱིའི་ལེགས་ཚོགས་ཀུན་གྱི་གཞི། ། བླ་མ་མཆོག་ལ་རག་ལས་པས། ། ཡོན་ཏན་བཅུ་ལྡན་དམ་པ1དེ། ། ལེགས་བརྟགས་ཚུལ་བཞིན་བསྟེན་པ་གཅེས2། ། ཉམ་ཐག་འཁོར་བར་རྒྱུ་བའི་ཚེ། ། བསླུ་མེད་དཀོན་མཆོག་གསུམ་པོ་ལས། ། ལྷག་པའི་སྐྱབས་གཞན་མ་མཆིས་པས། ། སྙིང་ཁོང་རུས་པའི་གཏིང་ནས་ནི། ། ཉིན་མཚན་དུས་དྲུག3སྐྱབས་འགྲོ4ཞིང་། ། དེ་ཡི་བསླབ་བྱའི་རིམ་པ་དང་། ། དཀར་ནག་ལས་འབྲས་ལེགས་བསམས་ནས། ། ཕྲ་ཞིང་ཞིབ་པའི་བླང་དོར་འཚལ། ། སྡིག་པ་ཆུང་ངུ་བྱས་པས་ཀྱང་། ། འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། ། ཕུང་གྲོལ་ཆེན་པོ་བྱེད་འགྱུར་ཏེ། ། ཁོང་བར་སོང་བའི་དུག་བཞིན་ནོ། ། བསོད་ནམས་ཆུང་ངུ་བྱས་པས་ཀྱང་། ། འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། ། དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། ། འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། ། རྒྱལ་སྲས་ཞི་བ་ལྷ5ཡིས་ཀྱང་། ། ཡིད་ལ་བསམ་པའི་དགེ་བྱས་པས། ། གང་དང་གང་དུ་འགྲོ་འགྱུར་བ། ། དེ་དང་དེར་ནི་སྡིག་པ་དེས། ། སྡུག་བསྔལ་མཚོན་གྱིས་རྣམ་འཇོམས་གསུང་། ། དཔལ་དང་ལྡན་པའི་ཁྱིམ་པ་ལ། ། ཕན་པར་མཛད་པས་བསླབ་གཞི་ལྔ6། ། གསུངས་ཕྱིར་ཡོངས་རྫོགས་མ་ནུས་ཀྱང་། ། སྣ་གཅིག་སྣ་འགའི་ཚུལ་གྱིས་བསྲུང་། ། ཁྱད་པར་བཟང་པོའི་དུས་རྣམས་ལ། ། གསོ་སྦྱོང་ཡན་ལག་བརྒྱད་པའི་ཁྲིམས7། ། བཞེས་ཤིག་མཐོ་རིས་འགྲོ་བ་ཡི། ། ལམ་བཟང་ཟླ་དང་བྲལ་བ་ལེགས། ། དྲང་པོའི་རང་བཞིན་གཡོ་སྒྱུ་མེད། ། ཚིག་བཙུན་བདེན་པར་སྨྲ་བ་དང་། ། འདོད་ཆུང་ཆོག་ཤེས་དུལ་བ་ཡི། ། མི་ལ་དཔལ་མགོན་ཉེ་བར་གནས། ། དོན་ཆེན་བྱ་བ་ཅི་བསྒྲུབ་ཀྱང་། ། གྲོས་དང་འཇམ་པོའི་སྒོ་ནས་བསྒྲུབ། ། གྲུབ་ན་མཆོག་ཡིན་མ་གྲུབ་ཀྱང་། ། སྐྱོན་དུ་མི་འགྱུར་མཛེས་པ་ཡིན། ། བློ་ཆུང་མགུ་སླ་ཁྲོ་བ་སྐྱེན། ། གསར་འགྲོགས་ཆེ་ཞིང་ཕྱི་ཐག་རིང་། ། ངག་ནི་ཅལ་ཅོལ་ར་མ་ལུག ། དེ་འདྲ་མཁས་པས་དུག་བཞིན་སྤང་། ། སེམས་ཅན་མོས་པ་སྣ་ཚོགས་པ། ། མང་པོའི་ནང་དུ་ཕྱོགས་ཞེན་དང་། ། གཉེན་པོ་བསྟེན་ཕྱིར་གང་ཟག་དང་། ། ཆོས་ལ་སྨོད་པ་འབྱུང་ཉེ་ཡི། ། དེས་ན་ལྷ་བཅས་སྟོན་པ་དེས། ། ངའམ་ང་འདྲའི་གང་ཟག་གི ། ཚོད་བཟུང་གཞན་གྱིས་བཟུང་གྱུར་ན། ། ཉམས་པར་འགྱུར་ཞེས་གསུངས་པའི་ཕྱིར། ། ཐལ་བའི་གཡོགས་པའི་མེ་དོང་ལ། ། བག་ཡོད་བསྟེན་ལ་ཅི་བཞིན་དུ། ། རྩེད་མོ་ག་ཞའི་ཆེད་དུ་ཡང་། ། བརྙས་སྨོད་ནམ་ཡང་བྱ་བ་མིན། ། གང་གིས་བྱང་ཆུབ་སེམས་དཔའ་ལ། ། ངན་སེམས་བསྐྱེད་ན་དེ་སྙེད་ཀྱི། ། སྐད་ཅིག་གྲངས་མཚུངས་ཀ་ཝར་ནི། ། དམྱལ་བར་གནས་ཞེས་ཐུབ་པས་གསུངས། ། དེ་བཞིན་འཕགས་པ་ལྷ8ཡིས་ཀྱང་། ། འགྲོ་ལ་ཕན་ཕྱིར་གང་ཞིག་ལ། ། འཇིག་རྟེན་སྲིད་དུ་གནས་ཡོད་པ། ། དེ་ལ་སོར་གནས་དག་ཕུད་ན། ། སྡང་ལ་བསམ་ཐག་ཅི་ཡོད་གསུངས། ། དེ་བཞིན་རིགས་གཟུགས་ཐོས་པ་དང་། ། ལང་ཚོ་དབང་ཐང་གིས་རྒྱགས་པས། ། སྒོ་གསུམ་གླང་བོར་སྤྱོད་པ་དེ། ། དགྲ་ལྟར་ཀུན་ཏུ་གཟིགས་པར་མཛོད། ། རྣམ་མང་སྐྱེ་བོ་འདུས་པའི་སར། ། དཔའ་རྩལ་ངོམས་དང་ཉམས་དགའི་ཕྱིར། ། གཞན་ལ་གནོད་པའི་བསམ་སྦྱོར་དག ། འབྱུང་བས་བླང་དོར་ཚུལ་ལ་བརྟག ། རྩྭ་ཆུ་ཙམ་གྱིས་འཚོ་བ་ཡིས། ། བྱ་དང་རི་དྭགས་ཉ་ལ་སོགས། ། མགོན་སྐྱབས་མེད་པ་འདི་རྣམས་ནི། ། སྙིང་རྗེར་འོས་ཤིང་གཞན་དག་ལའང་། ། གནོད་འཚེ་ཆོམ་རྐུན་བྱི་བོ9བྱེད། ། ཚིག་རྩུབ་ཕྲ་མ་ལྕེ་གཉིས་དང་། ། ངོ་ཚ་ཁྲེལ་བོར་མྱོས་འགྱུར་ལ། ། བག་མེད་སྤྱོད་ལས་ལྡོག་པའི་རིགས། ། ཁྱོད་ཀྱིས་འབངས་འཁོར་གཞན་དག་ཀྱང་། ། སྙོམས་པར་བུ་བཞིན་སྐྱོང་བྱས་ན། ། དེ་དག་གིས་ཀྱང་ཁྱོད་ཉིད་ལ། ། ཕ་བཞིན་སྙིང་ཉེ་བཀུར་བར་འགྱུར། ། ཉེ་རིང་སྐྱེ་བོ་མཐའ་དག་ལ། ། ཚིག་ངན་མདེའུ་རྩེ་མི་སྟོན་ཏེ། ། རྣམ་སྨིན་ཕར་ཞོག་འཕྲལ་དུ་ཡང་། ། དེ་ལན་བྲག་ཅ་བཞིན་དུ་འབྱུང་། ། མངག་གཞུག་ཡིན་ཡང་ཞེན་ལྡན་པ། ། རྒན་ནམ་གཞོན་ཡང་བློ་ཅན་ལ། ། དགྱེས་པར་མཛད་ཅིང་དེ་དག་གི ། ཚིག་ཀྱང་སྦྲང་རྩི་ལྟ་བར་བཟུང་། ། བརྩེ་ཞིང་གུས་པས་གཞན་དག་གི ། གསོལ་ལ་བརྙས་པར་མི་བྱ་སྟེ། ། རྟ་ཡན་སྲབ་མེད་ལྟ་བུ་ལ། ། ཕྱིན་ཆད་ཕན་པར་སྨྲ་བ་དཀོན། ། བྱ་བ་ཅི་དང་ཅི་བྱེད་ཅིང་། ། དང་པོར་ལེགས་པར་བརྟགས་ཏེ་བྱ། ། མ་བརྟགས་གྱ་ཚོམ་བྱས་པ་ལས། ། འགྱོད་ཅིང་ཉེས་པར་གྱུར་བ་མང་། ། རང་སྐྱོན་རང་གིས་ཤེས་དཀའ་བས། ། མང་བོ་མཐུན་པར་བདག་གི་སྐྱོན། ། བརྗོད་ན་མཁས་པས་ངེས་བྱས་ཏེ། ། ཕྱིན་ཆད་ཁྲག་ངན་བཞིན་དུ་བྱུང་། ། དགྲ་གཉེན་ངེས་པ་མ་མཆིས་ཤིང་། ། ཆགས་སྡང་ཅན་གྱིས་མ་ཁྱབ་པ། ། ཕྱི་ནང་གང་ནའང་མེད་མིན་པས། ། སྒོ་གསུམ་དྲང་པོའི་ལམ་དུ་སྲོངས། ། དཔལ་ལྡན་མར་མེ་མཛད10དཔལ་གྱིས། ། མང་པོའི་ནང་དུ་ངག་ལ་བརྟག ། གཅིག་པུར་འདུག་ཚེ་སེམས་ལ་བརྟག ། གསུངས་པ་ཇི་བཞིན་ཉམས་སུ་ལོངས། ། ཡན་ཏན་ཕན་འདོགས་སྡུག་བསྔལ་ཞིང་། ། འདི་དག་ཕན་གནོད་ཆུང་ངུས་ཀྱང་། ། འབྲས་མང་འགྲུབ་པས་གནག་སྤོངས་ལ། ། དཀར་པོའི་ས་བོན་རྒྱུན་དུ་ཐོབ། ། གྲོགས་མེད་སྲིད་པར་འཁྱམས་པ་ན། ། སྦྱིན་དང་མཚུངས་མེད་གཉེན་མཆོག་མེད། ། དེའི་ཕྱིར་འཇུངས་པའི་སེམས་བྲལ་བས། ། གཏོང་ལ་རྟག་ཏུ་དགྱེས་པ་སྐྱེད། ། གྲགས་པ་ཉམས་འགྱུར་དྲུག11སྤངས་ནས། ། དགེ་བའི་ལས་ཀྱི་ལམ་བཅུ12ལ། ། གོམས་པར་བྱས་པས་ལྷ་དང་མིའི། ། གོ་འཕང་ཐོབ་པར་འགྱུར་བ་ལེགས། ། ཁོན་དུ་འཛིན་པས་ཕུང་ཀྲོལ་དག ། བསྐྱེད་པས་སྡང་དང་ཁྲོ་སྤངས་ཏེ། ། བཟོད་དང་དེས་པའི་རང་བཞིན་གྱིས། ། ནད་མེད་གཟུགས་བཟང་དམ་པ་སྒྲུབས། ། ཆོས་གསུམ་འདི་དག་ཕལ་མོ་ཆེ། ། རྒྱལ་བས་ཁྱིམ་པ་རྣམས་ལ་བསྔགས། ། དེའི་ཕྱིར་འདི་འདྲའི་ཚུལ་སྤྱོད་པའི། ། ཁྱིམ་གནས་བྱང་གྲོལ་ཐེམ་སྐས་ལེགས། ། ཚེ་འདི་རྨི་ལམ་གློག་དང་མཚུངས། ། འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། ། དེས་ན་ཕྱི་མའི་ལམ་རྒྱགས་དང་། ། གྲོགས་དག་འབབ་པས་བསྒྲུབ་པའི་རིགས། ། འདོད་ཡོན་རོ་ལ་བརྐམ་པ་དང་། ། ཚེ་འདིའི་སྣང་བ་འབྲིད་མཁས་པས། ། དོན་ཆེན་ཡལ་བར་འཆོར་བས་ན། ། དགེ་ཚོགས་བསྒྲུབ་ལ་བཅད་རྒྱུར13མཛོད། ། སྙིགས་དུས་སྐྱེ་བོའི་ཚེ་སྲོག་དང་། ། སྲིད་པའི་ཕུན་ཚོགས་མཐའ་དག་ལ། ། ཡིད་བརྟན་ཅུང་ཟད་མ་མཆིས་པས། ། རྟག་ཏུ་བག་དང་ལྡན་པར་འཚལ། ། རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི། ། རྣམ་མང་བསྟན་བཅོས་མཐའ་དག་ལ། ། མཁྱེན་པའི་སྤྱན་ཡངས་བཀྲམ་བྱས་ནས། ། ལེགས་བཤད་མང་པོ་དེ་ལས་འབྱུང་། ། ལེགས་བཤད་མང་དུ་མཐོང་ཐོས་ཀྱང་། ། བླང་དོར་ཚུལ་བཞིན་མ་བྱས་ན། ། མིག་ཅན་གཡང་ལ་མཆོངས་དང་མཚུངས། ། དེས་ན་ཉམས་ལེན་སྙིང་པོར་དྲིལ། ། གལ་ཏེ་རྫོགས་པའི་སངས་རྒྱས་ཀྱི། ། གོ་འཕང་དམ་པ་འཐོབ་བཞེད་ན། ། བྱམས་དང་སྙིང་རྗེའི་རྩ་བ་ཅན། ། བྱང་ཆུབ་སེམས་མཆོག་བསྐྱེད་ཀྱང་འཚལ། ། འཁོར་འདུས་ཆོས་རྣམས་མ་ལུས་པ། ། སྒྱུ་མ་ཆུ་ནང་ཟླ་བ་ལྟར། ། བདེན་མེད་རྟོགས་པའི་ལམ་གོམས་པས། ། ཉེས་བརྒྱའི་རྩ་བ་དྲུངས་ནས་འབྱིན། ། འདི་ལྟའི་ཉམས་ལེན་ལ་གནས་ནས། ། ལུས་ནི་ཟབ་གསལ་ལྷ་ཡི་སྐུ། ། ངག་ནི་གྲག་སྟོང་སྔགས་ཀྱི་སྒྲ། ། ཡིད་ནི་སྣང་སྟོང་ཆོས་དབྱིངས་དང་། ། དྲན་ཤེས་རྒྱ་ལས་མ་གྲོལ་བར། ། སྤྱོད་ལམ་ཀུན་ཏུ་སྐྱོང་བྱེད་ཅིང་། ། ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས། ། ཡང་དང་ཡང་དུ་བརྒྱན་པ་གཅེས། ། འདི་འདྲའི་སྤྱོད་ཚུལ་ལ་གནས་པ། ། སྐྱེས་པའམ་བུད་མེད་ཡིན་ཡང་རུང་། ། ཁྱིམ་གྱི་དཔལ་ལ་སྤྱོད་བཞིན་དུ། ། མཐོ་རིས་རྣམ་གྲོལ་དག་འཚལ་བགྲོད། །སྙིགས་མའི་གདོན་གྱིས་ཡིད་མྱོས་པས། ། ཕན་པར་སྨྲ་དང་དེ་ཉིད་ཀྱི། ། རྗེས་སུ་འཇུག་པ་ཆེས་དཀོན་ཡང་། ། སྐལ་བཟང་རྣམ་དཔྱོད་ཡངས་པ་ཡིས། ། ཡུན་རིང་ཡང་དང་ཡང་བསྐུལ་པས། ། ལེགས་བཤད་རིན་ཆེན་འཕྲེང་སྤེལ་ཏེ། ། བློ་ལྡན་འགུལ་བའི་རྒྱན་ཉིད་དུ། ། ཆོས་ཀྱི་རྒྱལ་མཚན་ཞེས་བྱས་བཀོད། ། དགེ་བས་འགྲོ་བ་མ་ལུས་པ། ། མི་བཟད་སྲིད་པའི་མཚོ་བརྒལ་ཏེ། ། སྐུ་གསུམ་ནོར་བུའི་གླིང་མཆོག་ཏུ། ། བདེ་བླག་འཇུག་པའི་རྒྱུ་རུ་བསྔོ། །

2 མཆན་འགྲེལ།

1.ཡོན་ཏན་བཅུ་ལྡན་དམ་པ།  ཡོན་ཏན་བཅུ་དང་ལྡན་པའི་སྐྱེས་བུ་དམ་པ་སྟེ་མཚན་ཉིད་བཅུ་ཚང་བའི་དགེ་བའི་བཤེས་གཉེན་ལ་གོ་དགོས། ཡོན་ཏན་བཅུ་ནི། 《མདོ་སྡེ་རྒྱན》ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག ། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་བ་སྤོང་ལ་བརྟེན། ། ཞེས་གསུངས་པ་ལྟར་རོ། །

2.གཅེས་པ།  གལ་ཆེ་བའམ་གཙུག་ཆེ་བར་བྱེད་པ།

3.ཉིན་མཚན་དུས་དྲུག  སྔ་དྲོ། ཉིན་གུང་། ཕྱི་དྲོ་གསུམ། སྲོད། ནམ་གུང་། ཐོ་རངས་གསུམ་སྟེ་དྲུག །

4.སྐྱབས་འགྲོ།  གནས་སྐབས་དང་མཐར་ཐུག་གི་འཇིགས་པ་དང་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་བླ་མ་དཀོན་མཆོག་ལ་ཡིད་ཆེས་ཀྱི་དད་པས་བརྟེན་ཅིང་གསོལ་བ་འདེབས་པའོ། །

5.རྒྱལ་སྲས་ཞི་བ་ལྷ།  སྤྱི་ལོ་དུས་རབས་བདུན་པའམ་བརྒྱད་པའི་བར་རྒྱ་གར་ནུབ་ཕྱོགས་འཁོར་མོ་བཟང་བོ་ཞེས་བྱ་བའི་ཡུལ་དུ། ཡབ་རྒྱལ་པོ་དགེ་བའི་གོ་ཆ་དང་། ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་བར་གྲགས་པ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ཞི་བའི་གོ་ཆར་བཏགས། རེ་ཞིག་ཡབ་རྒྱལ་པོ་གཤེགས་ནས་རྒྱལ་ས་བཞེས་དགོས་པའི་སྐབས་ལ། བདག་ཉིད་ཆེན་པོ་དེས་རྒྱལ་སྲིད་སྤངས་ནས་དཔལ་ནཱ་ལེནྡྲར་བཞུགས་ཤིང་མཁན་པོ་རྒྱལ་བོའི་ལྷ་ལས་རབ་ཏུ་བྱུང་། མཚན་ཞི་བ་ལྷ་ཞེས་གསོལ། དེ་ནས་མཁས་པའི་གོ་འཕང་ཐོབ། 《སྤྱོད་འཇུག》དང《བསླབ་བཏུས》སོགས་ཚད་ལྡན་གྱི་བསྟན་བཅོས་མང་བོ་བརྩམས། རྩོད་པས་ལྟ་བ་ངན་པ་བཟློག་པ་དང་། ནང་བསྟན་ལ་མི་དད་པའི་རྒྱལ་པོ་དང་མུ་སྟེགས་བྱེད་རྣམས་བཏུལ། ཕོངས་པ་རྣམས་ལ་གཏོང་བའི་ཕྱག་གིས་དབུགས་ཕྱུང་བ་བཅས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པ་ཞིག་གོ །

6.བསླབ་གཞི་ལྔ།  དགེ་བསྙེན་གྱི་སྡོམ་པའི་བསླབ་གཞི་ལྔ་སྟེ། 《འདུལ་བ་རྒྱ་མཚོའི་སྙིང་བོ་ལས》ལས། གསོད་རྐུ་སྨྲ་དང་ལོག་པར་གཡེམ། ། མྱོས་འགྱུར་འཐུང་བ་ལྔ་སྤོང་བ། ། དགེ་བསྙེན་གྱི་ནི་སྡོམ་པའོ། ། ཞེས་པ་ལྟར། མིའམ་མིར་ཆགས་པ་གསོད་པ་དང་། ཀར་ཤ་པ་ཎའི་བཞི་ཆའི་ཚད་ཀྱི་རིན་ཐང་ཚད་པ་རྐུ་བ་དང་། མི་ཆོས་བླ་མའི་རྫུན་སྨྲ་བ་དང་། རང་གི་བུད་མེད་མ་ཡིན་པ་ལ་ལོག་པར་གཡེམ་པ་དང་། མྱོས་འགྱུར་གྱི་ཁུ་བ་ཆང་འཐུང་བ་སྟེ་བསླབ་པའི་གཞི་ལྔ་དང་སྐྱབས་འགྲོའི་བསླབ་བྱའི་མི་མཐུན་ཕྱོགས་རྣམས་ཇི་སྲིད་འཚོ་བའི་བར་དུ་སྤོང་བར་ཁས་བླངས་པ་དེ་དགེ་བསྙེན་གྱི་སྡོམ་པའོ། །

7.གསོ་སྦྱོང་ཡན་ལག་བརྒྱད་པའི་ཁྲིམས། འདིར་བསྙེན་གནས་ཀྱི་སྡོམ་པའི་སྤང་བྱ་ཡན་ལག་བརྒྱད་དེ། སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ། རྫུན་དུ་སྨྲ་བ། ཆང་འཐུང་བ། དུས་མ་ཡིན་པའི་ཁ་ཟས་ཟ་བ། འཕྲེང་སོགས་གར་སོགས་གཅིག་ཏུ་བྱས་པ། མལ་སྟན་ཆེ་མཐོན་པོ་རྣམས་སོ། །

8.འཕགས་པ་ལྷ།  སློབ་དཔོན་ཨྱར་དེ་བ་སྟེ་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ཙམ་ན། ཡུལ་སིངྒ་ལའི་རྒྱལ་པོ་པཉྩ་ཤྲི་ཞེས་བྱ་བའི་པདྨའི་ཚལ་ཏུ་བརྫུས་ཏེ་འཁྲུངས་པར་གྲགས། མཁན་པོ་ཧེ་མ་དེ་ཝ་ལས་རབ་ཏུ་བྱུང་ཞིང་དགེ་སློང་གི་སྡོམ་པ་མནོས། དེ་ནས་རྒྱ་གར་གྱི་ཡུལ་དུ་ཕྱིན་ནས་སློབ་དཔོན་ཀླུ་སྒྲུབ་དང་མཇལ། སློབ་དཔོན་གྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང་ཕྱི་ནང་གི་གྲུབ་མཐའ་ལ་མཁས་པའི་རྩེར་སོན། སློབ་དཔོན་སྐུ་འདའ་ཁར་བསྟན་པའི་བདག་པོར་བསྐོས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་བར་མཛད། ལྷ་ཁང་དང་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཆོས་གཞི་བཙུགས། བྲམ་ཟེ་ཐུབ་དཀའ་ནག་པོ་རྩོད་པས་ཚར་བཅད་ནས་རྗེས་སུ་བཟུང་། (དེ་ནང་པ་ལ་ཞུགས་ནས་དུས་གཅིག་གི་ནང་པའི་མཁས་པ་སློབ་དཔོན་དཔའ་བོ་ཞེས་པ་དེའོ། །)དཔལ་ནཱ་ལེནྡྲ་དགོན་པར་ཡུན་རིང་དུ་བཞུགས། སྐུ་ཚེ་སྨད་དུ་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འདས། སློབ་དཔོན་དེས་བརྩམས་པའི་བསྟན་བཅོས་གཙོ་བོ་ནི།《དབུ་མ་བཞི་བརྒྱ་བ》《ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ》《སྤྱོད་པ་བསྡུས་པའི་སྒྲོན་མ》《རྡོ་རྗེ་གདན་བཞིའི་དཀྱིལ་ཆོག་སྙིང་བོ་མདོར་བསགས》《རྡོ་རྗེ་གདན་བཞིའི་སྒྲུབ་ཐབས》སོགས་བསྟན་འགྱུར་དུ་གསལ།

9.བྱི་བོ།  འཆལ་པོ་དང་གཞན་གྱི་ཆུང་མ་ལ་ལོག་པར་གཡེན་པའི་འཕྱོན་པ།

10.དཔལ་ལྡན་མར་མེ་མཛད།  ཇོ་བོ་རྗེ་ཨ་ཏི་ཤ་སྟེ་དེའི་ལོ་རྒྱུས་མདོར་བསྡུས《བཀའ་གདམས་བུ་ཆོས》ཀྱི་རྩོམ་པ་པོ་ངོ་སྤྲོད་ལ་གཟིགས་པར་འཚལ།

11.གྲགས་པ་ཉམས་འགྱུར་དྲུག  རྒྱན་འགྱེད་པ། འདུས་པ་ལ་ལྟ་བ། ལེ་ལོ། ཆང་འཐུང་བ། སྡིག་གྲོགས་བསྟེན་པ། མཚན་མོ་གྲོང་དུ་འགྲོ་བ་བཅས་དྲུག་གོ།

12.དགེ་བའི་ལས་ཀྱི་ལམ་བཅུ། ཡོངས་གྲགས་སུ་དགེ་བ་བཅུར་བཤད་དེ། སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ། ལོག་གཡེམ་་སྤོང་བ།  བདེན་པར་སྨྲ་བ། ཕྲ་མ་མི་བྱེད་པ། ཚིག་འཇམ་པོར་སྨྲ་བ། ངག་མི་འཆལ་བ།  གཞན་གྱི་ནོར་ལ་ཆགས་སྲེད་མི་བྱེད་པ། གཞན་ལ་གནོད་སེམས་མི་སྐྱེད་པ།  འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ་བཅུའོ།

13.བཅད་རྒྱ།  མཚམས་ནང་སྒོ་བཅད་ནས་འདུག་པ།