སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་བརྗོད།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2018-04-24 10:21ལ་འགྲུབ།

སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་བརྗོད།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་པ་བརྗོད་པ་པདྨ་དཀར་པོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ཅེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་མཐོང་བས། དང་བའི་དད་པ་ཆེན་པོས་ཉེ་བར་བསྐུལ་ཏེ། ཤྰཀྱའི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས། ན་ཚོད་ལོ་བཅུ་དྲུག་ལོན་པའི་ཚེ། གྲུབ་པའི་གནས་མཆོག་དབེན་ས་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་དུ་བདག་ཉིད་ཀྱིས་སུག་བྲིས་སུ་བགྱིས་པའོ། ། འདིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་ཐེག་པ་མཆོག་གི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་བར་གྱུར་ཅིག
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།
1 ​མ་ཡིག

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། མ་ལུས་སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། ། སྲིད་འདིར་བརྩེ་བས་བསྐྱོད་པའི་ཟློས་གར་ལས། ། བློ་བཟང་གྲགས་པའི་བ་དན་མཛེས་པའི་ཞབས། ། རྟེན་བྱེད་པདྨོའི་ཕྲེང་བ་སྤྱི་བོར་འཛིན། ། ཡིད་འོང་འཆར་ཀའི་ཚོན་རིས1ལ་འཁུ་ཟླ་བ་དམར་བའི་འཛུམ་འོད་ཅན། ། ཚོགས་གཉིས་རྡུལ་མང་ཆ་ཤས་ཡོངས་རྫོགས་མཚན་དཔེ་འོད་བརྒྱའི་དྲ་བས་འཁྱུད། ། རྨོངས་པའི་ཚ་གདུང་མ་ལུས་སེལ་བྱེད་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འགྱེད། ། བློ་གྲོས་ཀུ་མུད་བཞད་པའི་དཔལ་སྟེར་ངག་གི་དབང་བོར2ཕྱག་བགྱིད་དོ། ། མཁྱེན་བརྩེའི་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང་། ། ཡོན་ཏན་རིན་ཆེན་དུ་མས་ཡོངས་སུ་གང་། ། རྨད་བྱུང་འཕྲིན་ལས་རླབས་ཕྲེང་གཡོ་བ་ཅན། ། རྒྱལ་སྲས་རྒྱ་མཚོ་ཆེ་རྣམས་རྒྱལ་གྱུར་ཅིག ། གང་གི་ཡོན་ཏན་པདྨོའི་མཚོར། ། བདག་ཡིད་བུང་བ་སོང་གྱུར་པས། ། སྙན་ངག་མགྲིན་པའི་རྔ་གསང་སྟོང་། ། སྒྲོག་ལ་སུ་ཞིག་བཏང་སྙོམས་འཛིན། ། བུང་བ་བུང་བ་གཞོན་ནུའི་ཐབས་མཁས་ཀྱིས། ། ཆུ་སྲིན་ཆུ་ཡི་འབྱུང་གནས་འདྲེན་བྱེད་པ། ། དེ་བཞིན་དེ་བཞིན་གཤེགས་པའི་སྲས་ཆེན་འདི། ། བསྔགས་ཀྱང་བསྔགས་པའི་ཡུལ་ལས་འདས་ན་ཡང་། ། ཐོག་མེད་དུས་ནས་བྱུང་རྒྱལ་སྨྲ་བ་ཡིས། ། ངག་ནི་དོན་དང་བཅས་ལས་རྣམ་པར་གོལ། ། ད་ནི་རོ་འཛིན་སྙིང་པོ་བླང་བའི་ཕྱིར། ། རྟོགས་བརྗོད་པད་དཀར་ཕྲེང་བ་སྤེལ་བར་བྱ། །

གང་ཡང་རྙེད་པ་དང་བཀུར་སྟི་དང་གྲགས་པ་སོགས་རྩྭ་ལྟར་དོར་ཏེ། གཞན་གྱི་དོན་ཚུལ་བཞིན་དུ་བསྒྲུབས་ན་ཡོངས་སུ་རྟོགས་པ་མེད་པར་འདོད་དགུ་ཐམས་ཅད་རྩོལ་བ་མེད་པར་སྦྱིན་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ནོར་བུ་རིན་པོ་ཆེ་ཡང་རྙེད་པར་དཀའ་བ་མིན་ན།ཚོར་བ་གདུང་བའི་རྣམ་པ་ཅན་ཕྱིར་བཅོས་པ། མངོན་པར་མཐོ་བའི་བདེ་བ་ཙམ་ལྟ་ཅི་སྨོས། དེའི་ཕྱིར་བདག་ལ་ཕན་པར་འདོད་པའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པའི་བདེ་བའི་དཔལ་ལ་དུས་རྟག་ཏུ་འཇུག་པར་བྱ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ལས་སླར་ལྡོག་པ་མེད་པའི་གོ་ཆ་བགོ་བ་དང་། སྐྱེ་བོ་ཕལ་བོ་ཆེས་རྗེས་སུ་ཡི་རང་ཙམ་ཡང་བྱ་དཀའ་བའི་གསལ་མཆོག3རྣམས་ཀྱི་སྤྱོད་པ་ལ་སློབ་པ་དང་། གཞན་གྱི་དོན་ལ་བརྩོན་པས་རང་གི་དོན་ཡལ་བར་འདོར་པའི་རྒྱལ་སྲས་རྣམས་ཀྱི་རྣམ་པར་ཐར་པ་ལ་ཡང་བལྟ་བར་བྱའོ། ། དེ་ཡང་འདི་ལྟར། རྨད་དུ་བྱུང་བའི་ཐུགས་རྗེ་ཆེན་པོ་ནི་དལ་འགྲོའི་ཕུང་པོའི་འཇིང་ལྟར་ཟབ། ཤེས་བྱ་མཐའ་དག་ལ་ཁྱབ་པའི་མཁྱེན་པ་ནི་ལྷའི་ལམ་ལྟར་མཐའ་ཡས། སེམས་ཅན་ཐམས་ཅད་ལ་ནི་རྒྱུས་མེད་པར་བདག་ཉིད་ཀྱི་བུ་བཞིན་དུ་བྱམས། ཐུབ་པའི་བསྟན་པ་ལ་ནི་རྒྱལ་སྲས་དམ་པ་ཞི་བའི་ལྷ་ཞེས། མིའི་སེང་གེ་ལྟར་སྙན་པའི་གྲགས་པ་ཕྱོགས་ཀྱི་ཕ་མཐར་འགྲོ་བ་དེ་ཉིད་ཀྱི་རྨད་དུ་བྱུང་བའི་མཛད་པ་རྒྱ་མཚོ་ལྟ་བུ་ལས། ཟེགས་མ་ཙམ་ཞིག་མཆོག་ཏུ་དང་བའི་རྔ་ཡབ་ཀྱི་རྩེ་མོས་བླངས་ཏེ་སྙན་ངག་གི་སྙིམ་པས་མཆོད་པར་བྱའོ། །

རྒྱལ་སྲས་གསར་བའི་ཟླ་ཚེས་ཆེས་ཕྲ་ཡང་། ། ལྷར་བཅས་བདེ་འབྱུང4གཙུག་ཏུ་བསྟེན་པར་འོས། ། དེའི་ཕྱིར་གང་གི་ཡོན་ཏན་ཆ་ཤས་ཙམ། ། མགྲིན་པའི་རྒྱུད་མངས་ལམ་དུ་མཚོན་བྱེད་པ། ། དེ་ལས་བྱུང་བའི་གནམ་བསྐོས་ཁོར་ཡུག་གི ། ས་འཛིན་ཁོངས་སུ་ཡངས་པ་མིན་ནོ་ཞེས། ། ཉི་མའི་གཉེན་གྱི་ལྗགས་ཡངས་པད་ཚལ་དབུས། ། ལུང་མང་བུང་བའི་དབྱངས་ཀྱིས་ལེགས་པར་བསྒྲགས། ། དེའི་སླད་རྣམ་དཔྱོད་ཀུ་ཤུའི5ཕོན། ། གང་གི་ཡོན་ཏན་རྒྱ་མཚོ་ལ། ། རེག་པ་ལས་བྱུང་ངོ་མཚར་གྱི། ། ཆུ་ཐིགས་བླངས་ཏེ་གར་བགྱིད་དོ། ། ལྷག་བསམ་དག་པའི་སྤྲིན་གསེབ་ནས། ། དམ་པ་རྣམས་ཀྱི་མཛད་པ་ཡི། ། དབྱར་སྐྱེས་རྔ་གསང་བསྒྲགས་པ་ལ། ། རབ་དགའ་མི་རྒྱས་མདོངས་ལྡན་སུ། །

དེ་ཡང་འདི་སྐད་ཅེས་ཐོས་ཏེ། བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གིས་ཆོས་ཀྱི་འཁོར་ལོ་བསྐོར་པའི་བསྟི་གནས་དམ་པ། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་དགེ་བ་བཅུའི་ཡོན་ཏན་གྱིས་ཆེད་དུ་བརྒྱན་པ་ལྟ་བུའི་ཡུལ་འཁོར་མོ་བཟང་པོ་ཞེས་བྱ་བར། སྔོན་གྱི་ལྷའི་ལྷ་དམ་པ་དུ་མ་ལ་བསོད་ནམས་ཀྱི་ས་བོན་ཡོངས་སུ་བསྐྲུན་པ། མཆོག་ཏུ་དཀར་བ་ཁ་བའི་དུམ་བུ་འཁྲིགས་པ་ལྟ་བུའི་རིགས་དང་ལྡན་པའི་ལྷ་མིའི་དབང་ཕྱུག་ཤིང་སཱ་ལ་ཆེན་པོ6ལྟ་བུ། ཡབ་རྒྱལ་བོ་དགེ་བའི་གོ་ཆ་ཞེས་བྱ་བ་དང་། ཡུམ་ནི་རྡོ་རྗེ་རྣམ་འབྱོར་མའི་སྤྲུལ་པར་གྲགས་པ་ཞིག་སྟེ། གཉིས་ཀའང་རང་གཞིན་གྱིས་དབང་བོ་རྣམས་ནི་ཡོངས་སུ་དུལ། ཡ་རབས་ཀྱི་སྤྱོད་ཚུལ་དུ་ཀཱུ་ལའི་གོས7ནི་གྱོན། ངོ་ཚའི་སྐ་རགས་ཁྲེལ་ཡོད་ནོར་བུའི་ཟ་ར་ཚགས8འཕྱང་བས་ནི་དཀྲིས། དད་པའི་ལང་ཚོ་གཏོང་བའི་རྒྱན་གྱིས་མཆོག་ཏུ་མཛེས་པ་ཞིག་གོ རབ་རྨོངས་ཕ་རོལ་མཚོན་གྱི་གཡུལ་བཟློག་པའི། དགེ་བའི་གོ་ཆ་དོན་མཐུན་རིགས་ཀྱི་ནི། ཐིག་ལེ་གང་གིས་འཛིན་པའི་དཔལ་མོ་མཆོག བྱང་ཆུབ་སེམས་དཔའི་མ་མ་མཛེས་སྡུག་མ། དོན་ཀུན་གྲུབ་པས་སྒྱུ་འཕྲུལ་བཞིན9། རྨད་བྱུང་སྙིང་སྟོབས་རབ་རྫོགས་པའི། ཕུན་ཚོགས་རྒྱལ་བའི་མྱུ་གུ་ཡིས། དེ་ཡི་མངལ་ནི་སྐལ་བཟང་བྱས། སྐྱེ་རྒ་ན་འཆིའི་ཚང་ཚིང་འཁྲིགས་པ་མ་ལུས་པ། བདག་མེད་ཡེ་ཤེས་བྱིན་ཟ་འབར་བས10བཅོམ་གྱུར་ཀྱང་། བདག་བཞིན་གཞན་ལ་རྣམ་པར་བལྟ་བའི་རླུང་ཤུགས་ཀྱིས། ཀུན་ནས་དྲངས་པས་ཡུམ་གྱི་ལྷུམས་སུ་དེ་ཡིས་ཁྱེར། དེ་ལྟར་ཟླ་བའི་གྲངས་ཡོངས་སུ་རྫོགས་པ་ན། རྒྱལ་བུ་དོན་ཐམས་ཅད་གྲུབ་པས། ལྷ་མོ་ཆེན་མོ་སྒྱུ་འཕྲུལ་ལ་ཇི་ལྟ་བ་བཞིན་དུ། ཡུམ་ལ་ཚོར་བ་གདུང་བའི་རེག་པས་གོས་པ་མེད་པར། ཁྱེའུ་གཟུགས་བྱད་ཤིན་ཏུ་མཛེས་ཤིང་བལྟ་བས་ངོམས་པ་མེད་པ་མགོ་ཟླུམ་ཞིང་རྒྱས་པ། དཔྲལ་བའི་དབྱེས་ཟླ་བ་ལྟར་ཆེ་བ་ཞིག་འཁྲུངས་པར་གྱུར་ཏོ། སྨིན་མ་འདུལ་བྱེད་གཞུ་ཡི་སྒྱུ་འཕྲུལ་གྱིས། མཛེས་ལྡན་ཟླ་བའི་བཞིན་ཅན་རི་དྭགས་མིག གསེར་གྱི་རྡུལ་མང་བརྩེགས་པའི་ལྗོན་པ་ཞིག མི་རྣམས་ཡ་མཚན་མཚོན་སླད་བསྐྲུན་པ་སྙམ། ཇི་ལྟར་འདམ་ལས་སྐྱེས་པའི་ཀ་མ་ལ11། མི་གཙང་འདམ་གྱི་དྲི་མ་སྤངས་པ་བཞིན། མངལ་གྱི་ཆུ་འཛིན་ལྟོ་བ་ལས་འོངས་ཀྱང་། དེ་ཡི་འཆིང་བའི་རྒྱ་ལས་རྣམ་པར་གྲོལ། མི་བཟད་སྙིགས་མ་མཚོ་ལྟར་བདོ་བའི་མཐུས། བུ་རམ་ཤིང་པ་ཉིན་མོའི་དབང་ཕྱུག་ཀྱང་། དུས་ཀྱི་ནུབ་རིའི་རྩེ་མོར་གོས་དམར་བཟུང་། དེའི་ཚེ་སྲས་བཅས་ཕྱོགས་བཅུའི་རྒྱལ་བ་ཡི། མཁྱེན་བརྩེའི་ཆུ་ཤེལ་རྫོགས་པ་ལས་འཁྲུངས་པའི། རྒྱལ་སྲས་དཔའ་བོ་སྨྲ་བའི་ཟླ་བ་ཞིག འཕགས་ཡུལ་ཤར་རིའི་རྩེ་མོར་མངོན་འཕགས་ཏེ། ཐུབ་བསྟན་ཀུནྡའི་ཚལ་ལ་ངལ་གསོ་བྱིན། དེ་ནས་བཙས་པའི་ཆོ་ག་རྣམས་རྒྱས་བར་བྱས་ཏེ། མཚན་ཡང་ཞི་བའི་གོ་ཆ་ཞེས་བཏགས་སོ།།

དེ་དེ་ལྟར་གདུགས་རེ་རེ་འདས་པ་ནའང་། ཡར་ངོའི་ཟླ་བ་ལྟར་གཟི་མདངས་ནི་ཇེ་ཆེ་ཇེ་ཆེར་གྱུར། བྱིས་པ་ནས་ཕ་མ་དང་རྒན་རབས་རྣམས་ལ་ནི་བསྙེན་བཀུར་བར་བྱེད། མངའ་རིས12ཀྱི་སྐྱེ་བོ་རྣམས་ནི་བདག་གི་བུ་བཞིན་དུ་སྐྱོང་། ལེ་ལོ་མེད་ཅིང་རང་བཞིན་གྱིས་ཡིད་གཞུངས་པས་རྒྱལ་སྲིད་སྐྱོང་བ་དང་རྗེས་སུ་མཐུན་པའི་རིག་པའི་གནས་བཅོ་བརྒྱད13རྟོགས་པའི་བློ་རྒྱ་ཆེན་པོར་གྱུར་ཏོ། ། དེ་ལ་དམ་པའི་རྗེས་འགྲོ་བློ་ཡི་དབྱིག ། དབྱར་གྱི་དཔལ་མོ་དར་ལ་བབ་པའི་དུས། ། རྒྱ་མཚོ་ཆུ་བོའི་རྒྱུན་གྱིས་གང་བ་ལྟར། ། ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་གྱུར། ། མཐའ་དག་ཤེས་བྱའི་ཆུ་གཏེར་ཆེར། ། རྣམ་དཔྱོད་གྲུ་ཡིས་ལེགས་ཞུགས་ཏེ། ། ལེ་ལོའི་དགྲ14ཡིས་བསྐྱོད་པ་ལས། ། ཕ་རོལ་སོན་པར་ཅིས་མི་འགྱུར། དེ་ལྟ་བུའི་གཞོན་ནུ་དེ་སྐྱེད་ཆེར་བསྲིངས་ཏེ། ལོ་ལྔ་དྲུག་ཙམ་ལོན་པའི་ཚེ། གྲུབ་པ་ཐོབ་པའི་རྣལ་འབྱོར་བ་སྦས་པའི་བརྟུལ་ཞུགས15སྤྱོད་པ་ཞིག་དང་མཇལ་ཏེ། འཇམ་དཔལ་རྣོན་པོ16བསྒྲུབ་པའི་ཐབས་ཞུས་ནས། ཉིན་མཚན་ཀུན་ཏུ་གཡེང་བའི་གོ་སྐབས་སྒོམ་བཟླས་དང་། མཆོད་བསྟོད་སོགས་ལ་བརྩོན་པའི་བྱ་བས་ཕྲོགས་པས། རིང་པོ་མ་ལོན་པར་འཇིག་རྟེན་གྱི་མཛེས་པ་གཅིག་ཏུ་བསྡུས་པ་ལྟ་བུའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་བཟང་མངོན་པར་དགའ་བའི་རི་དྭགས། གཞོན་ནུ་དེའི་ལྟ་བྱེད་རྣམ་པར་གཡོ་བའི་སྒྲོ་ལྡན་17གྱིས་བཟུང་བ་ལྟར་གྱུར་ཏོ། ། གྲུབ་པའི་མན་ངག་པདྨོའི་འབྱུང་གནས་ཀྱི། ། སྦྱོང་བས་འཇམ་དབྱངས་ཞལ་བཟང་པདྨོའི་ཚལ། ། རྣམ་པར་ཕྱེ་བའི་མཛེས་པ་ལ་ཆགས་པ། ། གཞོན་ནུ་རྐང་དྲུག་ལྡན་པ་མགོན་དང་བཅས། ། བརྩེ་བས་སྲིད་གནས་སྲིད་པའི་མཉེས་པ་སྤངས། ། རིགས་ཀྱིས་མཐོ་ཡང་མཐོ་བའི་རློམ་པ་མེད། ། ཤེས་རབ་གསལ་ཡང་གསལ་མཆོག་གཞན་ལ་གུས། ། འདི་ལྟར་རྒྱལ་སྲས་རྒྱལ་བའི་གདུང་འཚོབ་ཡིན། ། ཡོན་ཏན་དེ་དང་དེ་དག་གི ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི། ། ཡིད་འོང་ལང་ཚོའི་མདངས་བཀྲ་བ། ། རྒྱན་གྱིས་བརྒྱན་པ་བཞིན་ཏུ་གྱུར། །

དེ་རིམ་གྱིས་ནར་སོན་པར་ནི་གྱུར། རང་གི་ལྷག་པའི་ལྷ་གང་ཡིན་པའི་ཡི་དམ་གྱི་ལྷའི18ཞལ་ནི་མཐོང་། འཇུངས་པ་ལ་དགའ་བའི་འདྲིས་པ་ཡོངས་སུ་དོར་ཞིང་། རང་བཞིན་བཟང་བས་ནང་མིའི་འཁོར་རྒྱ་ཆེན་པོ་དག་དང་། མངའ་འོག་གི་སྐྱེ་བོ་རྣམས་ཀྱི་སྤྱི་བོས་བསྟེན་ཅིང་། ཚེ་རབས་ཀུན་ཏུ་ཀུནྡ་ལྟ་བུའི་ལས་རྣམ་པར་བསགས་པའི་འབྲས་བུ་ཕུན་སུམ་ཚོགས་པའི་དཔལ་ལ་བདེ་བར་སྤྱོད་པ་ལས། རེ་ཞིག་གི་ཚེ། བསགས་པ་ཀུན་གྱི་མཐའ19མཛད་ཅིང་། ། མཐོན་པོའི་མཐའ་ནི་དམའ་བ་ཡིན། ། ཞེས་པ་དང་། ཀྱེ་མ་འདུས་བྱས་རྣམས་མི་རྟག ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། ། ཞེས་གསུངས་པ་ལྟར་དུས་ཀྱི་ཕོ་ཉས20བརྡའ་སྤྲོད་པ་མེད་པར། ཡབ་རྒྱལ་བོ་འཇིག་རྟེན་ལས་ཕ་རོལ་ཏུ་སོང་བར་གྱུར་ཏོ། ། བསགས་པའི་ལོངས་སྤྱོད་སྤྱོད་པའི་མཐུ་མེད་པར། ། གཉེན་དང་ནོར་རྫས་སོགས་ལ་ཆགས་བཞིན་དུ། ། འཇིགས་རུང་བར་དོའི21འཕྲང་དེར་འགྲོ་དགོས་ན། ། སེམས་ལྡན་པ་དང་སུ་ཞིག་བདེ་བར་འདུག ། དེ་ནས་བློན་འབངས་ཐམས་ཅད་ཀྱིས་སེམས་དཔའ་ཆེན་པོ་དེ་ཉིད་རྒྱལ་ཚབ་ཏུ་འབྱོན་པར་གསོལ་བ་ན། བདག་ཉིད་ཆེན་པོ་དེ་སྐྱེ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་རབ་ཏུ་བྱུང་བ་ལ་གོམས་པས། ཁྱིམ་ན་གནས་པ་ནི་བྱ་བ་ངན་པས་བྲེལ་ཞིང་ཉེ་བར་ཞི་བ22དང་འགལ་བ། སྡུག་བསྔལ་མང་པོའི་འབེན་དུ་གྱུར་ཅིང་ཆོག་མི་ཤེས་པ། བག་མེད་པའི་གནས་སུ་གྱུར་པར་ནི་རིག རབ་ཏུ་བྱུང་བ་ནི་ཉེས་དེ་དག་ལས་གཞན་དུ་གྱུར་ཅིང་། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་རྗེས་སུ་མཐུན་པར་ནི་ཤེས། འདུས་བྱས་རྣམས་ནི་ཤིན་ཏུ་མཐོ་བའི་ས་འཛིན་གྱི་རྩེ་མོ་ནས་ལྷུང་བའི་འབབ་ཆུ་དྲག་པོ་ལྟར་སྡོད་པའི་གོ་སྐབས་མེད་པར་མཐོང་ནས། དེའི་ཚེ་ཡིད་ལ་བསམ་པ་འདི་ལྟ་བུ་སྐྱེས་པར་ངེས་སོ། ། འདོད་དགུའི་འབྱོར་བ་ཆུ་ཡི་ཆུ་བུར་བཞིན། ། ལང་ཚོའི་དཔལ་ཡང་སྟོན་ཀའི་སྤྲིན་ཚོགས་བཞིན། ། འཚོ་བའི་ཚེ་ནི་གློག་ཕྲེང་བྲོ་གར་བྲོ་གར་བཞིན། ། གནས་པ་མི་བརྟན་རྒྱ་མཚོའི་རླབས་ཕྲེང་བཞིན། ། འཇིགས་རུང་སྐྱེ་རྒ་ན་འཆིའི་ཞགས་པ་ཡིས། ། འགྲོ་བ་འདི་ལྟ་བུར་ནི་བཅིངས་གྱུར་ཏེ། ། མཐུ་ཆེན་དགག་པར་མི་ནུས་ཡོད་བཞིན་དུ། ། དོགས་པ་ཙམ་ཡང་མི་སེམས་དགའ་ཞིང་སྤྱོད། ། དཔྱིད་དུས་མེ་ཏོག་གཞོན་ནུ་མདངས་མཛེས་པས། ། ཀུན་གྱི་ཡིད་དང་མིག་ལ་དཔལ་སྟེར་ཡང་། ། དབྱར་དུས་དེ་ལ་སུ་ཞིག་དགའ་བར་སེམས། ། དེ་བཞིན་དབྱར་དུས་སྐྱེས་པའི་མེ་ཏོག་ཀྱང་། ། སྙན་པའི་སྒྲ་དབྱངས་བུང་བའི་ཁྱུ་འཁྲིགས་ཤིང་། ། མཛེས་པའི་འདབ་སྟོང་རྒོད་པའི་འཛུམ་སྟོན་ཀྱང་། ། ནམ་ཞིག་སྟོན་དུ་གྱུར་པའི་དུས་ཀྱི་ཚེ། ། བ་མོའི་རེག་པས་ཐམས་ཅད་མོག་པོར་བྱེད། ། དེ་བཞིན་འགྲོ་བའི་རྒྱུད་ནི་གཡོ་བ་ལ། ། བློ་དང་ལྡན་པ་སུ་ཞིག་དགའ་བར་སེམས། ། བསགས་པ་ཀུན་ཀྱང་མཐའ་ནི་འཛད་པ་སྟེ། ། དེ་བཞིན་འདུས་པའི་མཐའ་ནི་འབྲལ་བ་ཉིད། ། དར་བའི་མཐའ་ཡང་རྒུད་པས་བསྙེགས་པ་ལ། ། སྐད་ཅིག་འཇིགས་པ་ལྷོད་པ་ཀྱེ་མ་མཚར། ། དེ་ལྟར་དེ་ཡིས་འདོད་པའི་དཔལ། ། རླུང་གིས་བསྐྱོད་པའི་ལོ་མའི་རྩེར། ། བྲེང་བའི23ཆུ་ཐིགས་ལྟར་མཐོང་ནས། ། འདོད་ལ་ཆགས་པ་རིང་དུ་དོར། ། དེ་ལྟར་དེས་འདུས་བྱས་ཀྱི་ངང་ཚུལ་གཡོ་བའི་ཚུལ་རྟོགས་ཤིང་། དབེན་པའི་གནས24ནི་དགེ་བ་དང་རྗེས་སུ་མཐུན་པའི་བདེ་བ་དུ་མའི་འབྱུང་ཁུངས་སུ་གྱུར་བ་དང་། ཁྱིམ་ན་གནས་པ་ཚུལ་ཁྲིམས་ཀྱི་གཉེན་པོར་ཤེས་པས་དགའ་བར་མ་གྱུར་ཏོ། ། དེ་ལྟར་དགའ་བར་མ་གྱུར་ཀྱང་། ཐོག་མ་མེད་པ་ནས་གཞན་གྱི་ངོ་བསྲུང་བ་ལ་གོམས་པས་བཟློག་པར་མ་ནུས་པས་ཞལ་གྱིས་བཞེས་ཏེ། ནང་པར་ཀུན་གྱི་གཙུག་རྒྱན་དུ་མངའ་གསོལ་བས་དོ་ནུབ་གཞོན་ནུ་དེའི་རྨི་ལམ་དུ། སང་རང་གི་ཞབས་སེན་ནོར་བུའི་ལན་ཚར་གྱིས་མཛེས་པར་བྱེད་རྒྱུའི་ཁྲི་དེ་ལ། རྗེ་བཙུན་འཇམ་པའི་དབྱངས་བཞུགས་པའི་ཞལ་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། ། ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། ། ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། ། འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན།། ཞེས་གསུངས་པར་གསལ་ནས་གཉིད་སད་པ་ན། རྒྱལ་སྲིད་ཀྱི་དཔལ་ལོངས་སྤྱོད་མི་རིགས་པར་ཤེས་ཏེ། ། དེ་མ་ཐག་བདག་ཉིད་གཅིག་པུར་དཔལ་ནཱ་ལེནྡྲའི25ལམ་དུ་ཞུགས་ནས་སོང་ངོ། ། ཉི་གཞོན་འཆར་ཀའི་མདངས་འཛིན་འཇམ་པའི་དབྱངས། ། ཡིད་འོང་སྐུ་ཡིས་མིག་ལ་བདུད་རྩི་བསྐྲུན། ། ཐེ་ཚོམ་སྤངས་པའི་གསུང་གིས་ལུང་ཡང་བསྟན། ། དེའི་ཚེ་རྒྱལ་སྲས་མཁའ་ལྡིང་དབང་བོ་དེ། ། ཕུན་ཚོགས་ཀུན་དགའ་བསྐྱེད་པའི་རྒྱལ་པོའི་དཔལ། ། དུག་ཅན་ལག་འགྲོ་གནས་པའི་ཚང་ཚིང་ལྟར། ། ལེགས་པར་མཐོང་བས་རྩྭ་བཞིན་དོར་བྱས་ཏེ། ། ཞི་བའི་གནས་མཆོག་ས་འཛིན་ངོགས་སུ་སོང་། ། གང་གི་དོན་དུ་གཉིས་སྐྱེས་རྣམས། ། འབད་པ་སྒྲུབ་བྱེད་རྒྱལ་སྲིད་ཀྱི། ། དཔལ་དེ་ལག་ན་འདུག་བཞིན་དུ། ། ཡོངས་སུ་འདོར་བ་ཨེ་མ་མཚར། ། དེ་ནས་བདག་ཉིད་ཆེ་དེ་དེ་ཉིད་ལ། ། དྭངས་བའི་ཆུ་གཏེར་རླབས་ཀྱིས་བསྐྱོད་པ་ལྟའི། ། ཐུགས་ཀྱི་བྱ་ལམ་དགའ་བདེའི་ཆུ་ཁུར་ཅན། ། མཐའ་དབུས་སྤྲོས་པ་མེད་པར་ཀུན་ཏུ་ཁེབས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་ལྷའི་རྟོགས་པ་བརྗོད་པ་པདྨ་དཀར་བོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ཅེས་བྱ་བ་ལས། ། ཁྱིམ་ན་གནས་པའི་སྐབས་ཀྱི་རྟོགས་པ་བརྗོད་པ་སྟེ་འདབ་མ་དང་པོའོ། །

ཟླ་ཤལ་རི་དྭགས་མིག་ཅན་མཛེས་པའི་སྐུ། ། མཉེན་ལྕུག་འཁྲི་ཤིང་དལ་བུས་བསྐྱོད་པ་ལྟར། ། ལྡེམ་ལྡེམ་གར་གྱིས་རོལ་བའི་འཇམ་པའི་དབྱངས། ། ད་དུང་ངག་ལ་སྤོབས་པའི་མཆོག་སྦྱིན་སྩོལ། ། དེ་ནས་དཔལ་ལྡན་ནཱ་ལེནྡྲར་ཕེབས་ཏེ། རྒྱལ་བའི་རིང་ལུགས་པ་ཆེན་པོ། རྩོད་པའི་དུས་འདིར་ཐམས་ཅད་མཁྱེན་པ་ལྟར། པཎྚི་ཏ་ལྔ་བརྒྱའི་གཙུག་ན་རྒྱལ་མཚན་གྱི་རྩེ་མོར་བེེཌཱུརྱ་བཞིན་མཛེས་པའི་མཁན་པོ་རྒྱལ་བའི་ལྷ་ལས་ཚིགས་སྔ་མ26དགེ་ཚུལ་གྱི་སྡོམ་པ27མནོས་ཏེ། ལེགས་པར་གསུང་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་མཚན་ཡང་ཞི་བའི་ལྷ་ཞེས་གསོལ་ཏོ། ། ཙནྡན་ཡལ་ག་ཇི་བཞིན་མཉེན་པའི་ཐུགས། ། བུང་བ་ལྟ་བུར་སྤོང་བའི་སེམས་ཀྱིས་རྩེན། ། ཤིང་བལ་ལྟར་འཇམ་སྐུ་ཡི་ལྷུན་པོ་ནི། ། དམར་སེར་བླ་གོས་མཚམས་སྤྲིན་གཞོན་ནུས་འཁྱུད། ། རིན་ཆེན་དོ་ཤལ་ནོར་བུའི་རྣ་ཆ་ཡིས། ། རབ་རྨོངས་བྱིས་པའི་ཚོགས་རྣམས་སྤྲས་པ་ལྟར། ། ངོ་ཚ་དྲན་དང་ཤེས་བཞིན28བག་ཡོད་པས། ། བདག་ཉིད་ཆེན་པོ་དེ་ནི་ཡོངས་སུ་བརྒྱན། ། གང་གི་འདུལ་བའི་དཔལ་གྱིས་བཅུ་ཕྲག་བཅུའི། ། ལོ་དག་ཡོངས་སུ་བརྒལ་བར་ཚངས་སྤྱོད་ཀྱི། ། བརྟུལ་ཞུགས་རྣམ་པར་བསྟེན་པའི་དྲང་སྲོང་ཡང་། ། སར་བུའི་དགེ་སྦྱོང29གནས་ལ་རབ་ཏུ་བཀོད། ། དེ་ཚེ་ཐུབ་དབང་གཉིས་པ་ཞིག ། འོག་མིན་གནས་ནས་བྱོན་པ་བཞིན། ། ལེགས་བྲིས་བཅས་པའི་འཇིག་རྟེན་འདིའི། ། ཡོན་གནས་བླ་ན་མེད་པར་གྱུར། ། ཚུལ་ཁྲིམས་མ་ལ་ཡ་ཡ་དག་གི ། དྲི་བཞོན་གསར་བའི་དགའ་སྟོན་གྱིས། ། ཕྱོགས་ཀྱི་བུ་མོའི་དྲི་འཛན་ལ། ། བདུད་རྩིའི་མཆོག་ཀྱང་དེ་ཡིས་བྱིན། །

དེ་ལྟར་རབ་ཏུ་བྱུང་ནས་ཕྱི་རོལ་གྱི་གཡེང་བའི་དགྲ་སྡེ་མ་ལུས་པ་དུག་ཅན་ཉོན་མོངས་པའི་དཔུང་དང་ལྷན་ཅིག་ཕམ་པར་མཛད་ཅིང་། ཆེད་དུ་རྫེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་གི་བདུད་རྩི་ངོམས་པ་མེད་པར་གསོལ་བ་དང་། གསོལ་བ་དག་ཀྱང་རྩེ་གཅིག་ཏུ་དྲིལ་ནས་ཡང་དག་པར་འཇོག་པ30དང་། ཕྱི་རབས་ཀྱི་གདུལ་བྱ་གཞན་དག་ལ་མ་བུ་གཅིག་པོ་ལ་ཡིད་ཀུན་ཏུ་བརྩེ་བ་ལྟ་བུའི་ཐུགས་རྗེ་ཆེན་པོས་བསྐུལ་ནས། ཡང་དག་པའི་བསྟན་བཅོས31རྩོམ་པ་སོགས་རྣམ་པ་ཐམས་ཅད་དུ་མཁས་པའི་བྱ་བས་དུས་འདའ་བར་མཛད་ཀྱང་། དམ་པ་མ་ཡིན་པའི་སྐྱེ་བོ་རྣམས་ཀྱི་ཆེད་ངོར་ཟས་ཀྱི་འཚོ་བ་བསྟེན་པ་དང་། གྱི་ནར་འདུག་པ་དང་། འཆག་པ་མ་གཏོགས་མ་མཛད་ཅིང་། ཕལ་མོ་ཆེ་མ་རིག་པས། བྷུ་སུ་ཀུ་འདུ་ཤེས་གསུམ་པ་ཞེས་གྲགས་སོ། དེའི་ཚེ་མངོན་པར་ཤེས་པའི་ལྟ་བྱེད་དང་བྲལ་བ་འགའ་ཞིག་གིས། ཕྱིའི་ཀུན་ཏུ་སྤྱོད་པ་དེ་དག་ལ་དཔགས་ཏེ། དམ་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་རྣམས་ཀྱིས་ལས་སུ་བྱ་བ་ནི་འཁོར་ལོ་གསུམ32གྱི་རོལ་བར་གནས་པ་ཤ་སྟག་ཡིན་ལ། འདི་ནི་གང་དང་ཡང་མི་ལྡན་པ་ཞིག་སྟེ། དེ་བས་ནི་དད་པས་བྱིན་པ་ལ་ལོངས་ཡོངས་སུ་སྤྱད་པར་མི་བཏུབ་པས་ན་གཞན་ཏུ་སྤྲད་པར་བྱའོ། ། དེ་ཡང་མདོ་གདོན་རེས་བྱས་པས་དོན་དེ་ཉིད་འགྲུབ་པར་འགྱུར་རོ་སྙམ་ནས། བདག་ཉིད་ཆེན་པོ་དེ་ལ་མདོ་འདོན་པར་གསོལ་བས། དེ་ལྟ་བུ་བདག་གིས་ཇི་ལྟར་ནུས་ཞེས། ཞལ་གྱིས་མ་བཞེངས་པས། སླར་ཡང་ནན་ཏུར་བསྐྱེད་དེ་གསོལ་བས། དེ་ལྟར་ན་བགྱིའོ་ཞེས་ཞལ་གྱི་བཞེས་སོ། དེ་ནས་དཔལ་ལྡན་ནཱ་ལེནྡྲའི་དགེ་འདུན་ཐམས་ཅད་འདུས་བའི་དབུས་སུ། ཉམས་སད་པར33བྱ་བའི་ཕྱིར། འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི་མཐོན་པོ34བཤམས་ནས། དེ་ལ་ཇི་ལྟར་འཛེག་པ་དག་ཀྱང་མི་ཤེས་སོ་སྙམ་ན། ཕྱག་གིས་ཅུང་ཟད་མནན་ནས་སྟེང་དུ་ཐོགས་པ་མེད་པར་གཤེགས་པས། སེམས་དཔའ་ཆེན་པོ་དེ་ལ་ཞེ་འགྲས35སུ་བལྟ་བ་རྣམས་ཀྱང་སེམས་ཤིན་ཏུ་ཐེ་ཚོམ་ཏུ་གྱུར་ཏོ། དེ་ནས་བདག་ཉིད་ཆེན་པོ་དེས་འཛུམ་ཟེར་གསལ་བར་ཕྱུང་སྟེ། མདོ་སྔོན་ཆད་གྲགས་པ་ཞིག་གདོན་ནམ། མ་གྲགས་པ་ཞིག་གདོན་ཞེས་དགེ་འདུན་རྣམས་ལ་བཀའ་སྩལ་པ་ནི་འདི་ལྟར། ཁོ་བོའི་བློ་གྲོས་དབྱར་སྐྱེས་ཁང་བཟང་ལས། ། ལེགས་བཤད་སར་བའི་ཆུ་ཆར་སྤྲོས་པ་ཡིས། ། ཐུབ་བསྟན་རྩི་བཅུད་རྒྱས་པར་བྱ་འམ་ཅི། ། འོན་ཏེ་སྔོན་གྲགས་ལེགས་བཤད་དགའ་སྟོན་འགྱེད། ། ཅེས་གསུངས་བ་ན། སྔོན་མ་གྲགས་པ་ཞིག་གསུང་བར་ཞུས་པས། བཞིན་གྱི་མདངས་གསལ་བོར་ཕྱུང་ནས། ལྷའི་རྔ་ལྟར་རྣ་བར་འོང་ཞིང་ཡིད་དུ་འབབ་པ། རྒྱལ་བ་རྣམས་ཀྱི་རྣམ་པ་ཐམས་ཅད་པའི་དབྱངས་ཀྱི་རྗེས་སུ་འགྲོ་བའི་གསུང་གི་ཤེལ་སྐྱོགས་བཟང་བོས། འདུས་པ་རྒྱ་མཚོའི་ཚོགས་ཀྱི་རྣམ་པར་དཔྱོད་པའི་རོ་འཛིན་གྱི་དབུས་སུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི36ལེགས་བཤད་ཀྱི་རོ་བཅུད་ཕུན་སུམ་ཚོགས་པའི་བཏུང་བ་སྩལ་པས། དཔག་ཏུ་མེད་པའི་གདུལ་བྱ་བླ་ན་མེད་པའི་བྱང་ཆུབ་ཏུ་རིགས་ངེས་པའི་བདེ་བས་ཁྱབ་པར་མཛད་དོ། དེ་ཡང་ཤེས་རབ་ལེའུའི། གང་ཚེ་དངོས་དང་དངོས་མེད་དག ། ཅེས་པ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ཏེ། མཐར་སྐུ་མི་མངོན་པར་བསྔོ་བའི་ལེའུ་བཏོན་ནས་གཤེགས་སོ། ། ཀུན་འདུས་མཐོན་པོའི་ཁྲི་ལ་མགོན་པོ་དེ། ། ཞུམ་ཕྱིར་དམ་ཆོས་སྟོན་པར་གསོལ་བ་ན། ། གང་གི་ཞབས་སེན་གསར་བའི་ཟླ་རིས་ནི། ། མཐོ་ཡངས་ཤར་རིའི་རྩེ་མོར་མངོན་པར་འཛེགས། ། ལྷུན་པོ་ལྟ་བུར་མཐོ་བའི་སྤོབས་པ་དང་། ། རྒྱ་མཚོ་ལྟ་བུར་ཟབ་པའི་མཁྱེན་པ་ཡིས། ། དོན་ཟབ་སྡེབ་ལེགས་སྔོན་མེད་གཎྜིའི་དབྱངས37། ། མ་ལུས་རྣ་རྒྱན་བཞིན་དུ་མཛེས་པར་གྱུར། ། གསེར་གྱི་འདབ་བརྒྱ་རྒོད་པའི་ཞབས་བཟང་ངོགས། ། དུང་ལྟར་དཀར་བའི་ཚེམས་ཀྱི་ཟེའུ་འབྲུའི་གསེབ། ། ཟབ་གསལ་སྤྲང་རྩི་རྒྱས་པའི་དུས་སྟོན་གྱིས། ། བློ་གསལ་བུང་བའི་ཚོགས་ལ་ཕན་བདེ་བསྒྲུབས། ། དེ་ཚེ་ལྷ་ཡི་ལམ་བཟང་ནས། ། ག་བུར་དྲི་བཟང་གིས་བསྒོས་པའི། ། ཡིད་འོང་ཆུ་སྐྱེས་གཞོན་ནུ་རྣམས། ། ཕན་ཚུན་རྩེ་ཞིང་རྣམ་པར་ལྡིང་། ། དེ་ནས་བདག་ཉིད་ཆེ་དེ་དེ་མ་ཐག ། ཇེ་མཐོ་ཇེ་མཐོར་རྫུ་འཕྲུལ་གཤོག་རླབས་ཀྱིས། ། མཁའ་དང་མཁྱེན་པ་འགྲན་པར་ཆས་པ་ན། ། འདིས་ནི་བདག་གི་ཕ་མཐའ་སྟོན་ནོ་ཞེས། ། མཁའ་དབྱིངས་མཛེས་མ་ས་འོག་ཕག་ཏུ་བྲོས། ། དེ་ལྟར་བདག་ཉིད་ཆེན་པོ་དེས་རྫུ་འཕྲུལ་ཆེན་པོ་མངོན་པར་འདུ་བྱེད་པ་དེ་ལྟར་བསྟན་པ་དང་། འདུས་པའི་ཚོགས་རྣམས་ལས་གང་དག་སྡང་བར་སེམས་པ་དག་ནི་ལྷག་པར་འགྱོད་ཅིང་། མཆི་མས་མགྲིན་པ་འགགས་ཏེ་འཛེར་འཛེར་པོའི་ཆོ་ངེ་འདོན། གཞན་ཐམས་ཅད་དད་པས་ཡི་རང་ས་ནས་དང་བས་ཐལ་མོ་སྙིང་གར་སྦྱོར་བར་བྱེད་དོ། ། དེའི་ཤུལ་དུ་རྣ་བའི་མངོན་པར་ཤེས་པ་དང་། མི་བརྗེད་པའི་གཟུངས38ལ་དབང་འབྱོར་པའི་པཎྜི་ཏ་རྣམས་ཀྱིས་གཞུང་བསྡུས་པ་ན། ཁ་ཆེ་བ་རྣམས་ཀྱིས་ལེའུ་དགུ་བའི་བདག་ཉིད་ཤློ་ཀ་བདུན་བརྒྱ་ཡོད་པར་བཟུང་ཞིང་། ཡུལ་དབུས་པ་རྣམས་ཀྱིས་ལེའུ་བཅུ་བའི་བདག་ཉིད་ཤློ་ཀ་སྟོང་ཡོད་པར་བཟུང་བས་མ་མཐུན་པ་དང་། བསླབ་པ་ཀུན་ལས་བཏུས་པ་ཡང་། ། ངེས་པར་ཡང་དང་ཡང་དུ་བལྟ། ། ཡང་ན་རེ་ཞིག་མདོར་བསྡུས་པའི། ། མདོ་རྣམས་ཀུན་ལས་བཏུས་པ་བལྟ། ། ཞེས་གསུངས་པའི་བསྟན་བཅོས་གཉིས་པོའང་ཇི་ལྟར་ཡིན་མ་རིག་པས་ཐེ་ཚོམ་དུ་གྱུར་པ་ན། དུས་ནམ་ཞིག་གི་ཚེ་མཆོད་རྟེན་དཔལ་ཡོན་ཅན་ཞེས་བྱ་བ་ན་བཞུགས་པ་ཐོས་ཏེ། དགེ་སློང་གཉིས་སྤྱན་འདྲེན་དུ་བཏང་བས། གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན། བསླབ་པ་ཀུན་ལས་བཏུས་པ39དང་། མདོ་ཀུན་ལས་བཏུས་པ40གཉིས་པོ་ཁོ་བོའི་སྤོང་ཁང41གི་གདུང་གསེབ་ན། པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་ནས་ཡོད་ཅེས་དེ་དག་གི་བཤད་པ་དང་བསྒྲུབ་པའི་བཀའ་ཡང་གནང་ངོ་། ། གསེར་མདོག་རློན་ལྡན་ཕྱོགས་སུ་མྱུལ་བ་ལྟར། མཛེས་པའི་སྐུ་ནི་ལྷ་ཡི་ལམ་ན་མཛེས། ། དྲི་ཟའི་རྒྱུད་མངས་སྒྲ་ལ་འགྲན་བཟོད་པའི། ། སྙན་པའི་གསུང་ནི་ལེགས་བཤད་རྩེ་དགས་འཁྱུད། ། དེའི་ཚེ་འཛིན་མའི་ངོས་སུ་གུར་ཀུམ་གྱི། ། དོག་པ་བཀོད་འདྲའི་འདུས་པ་རྒྱ་མཚོའི་ཚོགས། ། པད་དཀར་དྲ་བས་ཁེབས་པའི་ཆུ་ཡི་གཏེར། ། རིང་ནས་མིག་ལམ་གྱུར་པའི་ངང་བ་བཞིན། ། གང་གི་མཛད་པའི་སྣང་བ་ཆ་ཙམ་ཞིག ། དང་བའི་ཡིད་ངོར་ཤར་བར་གྱུར་མ་ཐག ། མིག་གི་བུ་གར་མཆི་མའི་ཆུ་ཐིགས་གཡོ། ། ལག་པའི་པདྨོ་སྙིང་གར་འཛུམ་པར་བྱེད། ། འབྲས་བཟང་ཁུར་གྱིས་ནོན་པའི་ལྗོན་པ་བཞིན། ། གཙུག་གི་ཅོད་པན་ས་ལ་དུད་པར་བྱེད། ། མ་ལུས་ཡིད་ཀྱིས་དད་པའི་སྤུ་ལོང་འཛིན། ། དག་པའི་སེམས་ནི་རངས་པའི་ཞགས་པས་བཅིངས། ། སླར་ཡང་ཡིད་གཉིས42མུན་པ་སྟུག་པོ་རྣམས། ། བརྩེ་བའི་འོད་ཆགས་འདུས་པའི་སྒྲོན་མེ་ཡིས། ། བསལ་ཞིང་ལེགས་པར་བཤད་པའི་འོད་དཀར་གྱིས། །  ཐུབ་བསྟན་ཀུནྡའི་ཚལ་རབ་རྒྱས་པར་མཛད། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་ལྷའི་རྟོགས་པ་བརྗོད་པ་པདྨ་དཀར་པོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ཅེས་བྱ་བ་ལས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། ཐུབ་པའི་བསྟན་པ་ལ་བྱ་བ་ཇི་ལྟར་མཛད་པའི་རྟོགས་པ་བརྗོད་པ་སྟེ། འདབ་མ་གཉིས་པའོ། །

རྒན་ལས་ཐོས43དང་བདག་སྐྱེས44སྤྲང་རྩིའི་བུ45། ། ཁྲུང་ཁྲུང་འཇོམས46སོགས་ཆེས་ཆེར་རློམ་རྣམས་ཀྱི། ། རལ་བའི་ནགས་དང་ཞབས་སེན་རྟག་འགོད་པ། ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དགེ་ལེགས་མཛོད། ། དེ་ནས་བདག་ཉིད་ཆེན་པོ་དེ་ཤར་ཕྱོགས་ལོགས་སུ་སོང་སྟེ། རྩོད་པ་ཆེན་པོ་བྱེད་པ་ཞིག་གི་འཐབ་ཟླ་བྱས་ནས། རྫུ་འཕྲུལ་གྱིས་ཞི་བར་མཛད་དེ། ཡང་དག་པའི་བདེ་བ་ལ་བཀོད་ནས། སླར་ཡང་བདག་ཉིད་ཀྱིས་གདུལ་བར་བྱ་བའི་འགྲོ་བ་གང་ན་འདུག་མངོན་ཤེས་པའི་བལྟ་བས་བརྟགས་སོ། ། ཀུན་རྟོག་རྟོག་པའི་དྲི་མ་དང་བྲལ་བའི། ། སྤྲོས་ཞི་ཞི་བའི་ཡིད་ཀྱི་མེ་ལོང་དབྱིངས། ། ཡོངས་དག་དག་དང་ཉེས་སྤྱོད་འགྲོ་བའི་ཚོགས། ། མ་ལུས་ལུས་པ་མེད་པར་ཡོངས་སུ་གསལ། ། དེ་ལྟར་གཟིགས་པ་ན། ཡུལ་མ་ག་ངྷའི47ནུབ་ཕྱོགས་ཧ་ཅང་མི་རིང་བ་ཞིག་ན། ཡ་མཚན་ཅན་གྱི་ལྟ་བ་ལོག་པ་འཛིན་པ་ལྔ་བརྒྱ་ཙམ་གནས་ཤིང་། དེ་ལྟ་བུའི་ལྟ་བ་བཟུང་བས་ངན་འགྲོའི་སྒོ་ནི་དབྱེ་བ་ལྟར་བྱས། མངོན་པར་བྱས་མཐོ་བ་དང་། ངེས་པར་ལེགས་པའི་ལམ་ལས་ནི་རིང་དུ་གོལ། དམ་པའི་བཤེས་གཉེན་དང་བྲལ་བས་ལེགས་ཉེས་སོ་སོར་འབྱེད་པའི་བློ་གྲོས་ཀྱི་མིག་ནི་ལྡོངས། དེ་དག་ཁོ་ནར་མ་ཟད་གཟུ་བོར་གནས་པ་དུ་མའང་སྡིག་གྲོགས་ཀྱི་བྲང་འགྲོས་བཅིངས་ནས་ཉམ་ང་བའི་གཡང་དུ་ལྷུང་བར་གཟིགས་ནས། ཤིན་ཏུ་སྙིང་བརྩེ་བར་གྱུར་ཏེ། དེ་ལས་ལྡོག་པའི་ཐབས་བསམས་སོ། ། བགྲང་ཡས་དུས་ནས་ལེགས་སྤྱད་ལྷུར་བླངས་ཕུན་ཚོགས་ར་བས་བསྐོར་པའི་དབུས། ། དུས་ཀྱི་བ་མོའི་མདངས་ལྟའི་ལྷག་བསམ་ན་ཆུང་མཛེས་མའི་ལུས་སྨིན་ཞིང་། ། རིན་ཆེན་འོད་ཚོགས་མཛེས་པར་འཁུ་ལྡན་བྱམས་པའི་མེ་ཏོག་ཐོད་ཀྱིས་སྒེག ། མརྒད་ཞུན་མའི་ལང་ཚོར་འགྲན་བྱེད་བརྩེ་བའི་ལག་མཉེན་ཕྱོགས་བཅུར་གཡོ། ། འགྲོ་འདིའི་བླ་ན་མེད་པའི་ཡོན་གནས་དེ། ། སྐྱེ་བོ་ངན་འགྲོའི་ལམ་འཇུག་བསེར་བུ་ཡིས། ། ཡིད་ཀྱི་པདྨོ་ལན་བརྒྱར་བསྐྱོད་པ་ན། ། ངོ་མཚར་དྲི་ཡིས་ཕྱོགས་ཀུན་ཡོངས་སུ་འགེངས། ། ཆུ་ཡི་ལྕིད་ཀྱིས་ནོན་པའི་བསིལ་བྱེད་འཕེལ། ། སྤྲིན་གྱི་སྒྲ་དབྱངས་མ་བསྒྲགས་མི་ལྡོག་བཞིན། ། ཀུན་གྱི་འདོད་དགུ་སྦྱིན་པའི་བསམ་འཕེལ་དབང་། ། ཕོངས་བ་རེ་བའི་འབྲས་བུ་ཅིས་མི་སྩོལ། ། དེ་ནས་བདག་ཉིད་ཆེན་པོ་དེས་བསམས་པ། ། ད་ནི་ངེས་པར་དུས་ལ་བབ་བོ་སྙམ་ནས། རང་གི་ལུས་མཐུ་དང་སྟོབས་ཀྱི་སྐལ་བ་དམན་པ་རིད་རིད་པོ་ཞིག་ཏུ་སྤྲུལ་ནས། ཟླ་བས་འཕེལ་ལས་རྒྱན་འཛིན་དང་། ། རྒྱན་འཛིན་ལས་ཀྱང་སྤྲིན་གྱི་བཅུད། ། དེ་ལས་ཆུ་བོའི་རྒྱུན་ཇི་བཞིན། ། དེ་ནི་རིམ་གྱིས་སོང་བར་གྱུར། ། དེ་ལྟར་མཐར་གྱིས་སོང་སོང་སྟེ། ལྟ་བ་ངན་པ་འཛིན་པ་དེ་དག་གི་འཁོར་དུ་བསྡད་ནས། དེ་རྣམས་ཀྱིས་ཇི་ལྟར་བསྒོ་བ་བཞིན་མཉན་ཞིང་གུས་པ་ལྟར་བྱས་པས། དེ་རྣམས་ཀྱི་ཡིད་དུ་འཐད་པར་གྱུར་ནས། བཞིན་འཚུམ་ཞིང་མིག་བགྲད་དེ་ལེགས་སོ་ལེགས་སོ་ཞེས་རྗོད་པར་བྱེད་དོ། ། དེ་ནས་བདག་ཉིད་ཆེན་པོ་དེའི་མཐུ་ཕུན་སུམ་ཚོགས་པ་དང་། ལོག་པར་སྨྲ་བ་དེ་དག་གི་ཡང་སྔོན་གྱི་ལས་དང་སྨོན་ལམ་རྣམ་པར་དག་པའི་མཐུ་ལས། དུས་ནམ་ཞིག་གི་ཚེ་ཞག་བདུན་གྱི་བར་དུ་བུ་ཡུག་ཆེན་པོ་བྱུང་ནས། བཟའ་བ་དང་བཏུང་བས་ཕོངས་པས་ཉོན་མོངས་པར་གྱུར་ཏེ། དཔེར་ན་མདེའུ་དུག་ཅན་གྱི་མདའ་གནད་དུ་ཕོག་པ་དག འདི་ལྟ་བུའི་ཟུག་རྔུ་འབྱིན་པའི་སྨན་ཞིག་ནམ་རྙེད་པར་འགྱུར་སྙམ་པ་ལས་གཞན་དུ་ཡིད་ལ་བྱེད་པ་མེད་པ་དེ་བཞིན་དུ། ཟས་དང་སྐོམ་ཡིད་ལ་སེམས་ཤིང་། ངག་ཏུའང་། ཀྱེ་བདག་ཅག་འདི་ལྟ་བུའི་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་སྐྱོབ་པར་ནུས་པའི་བཟའ་བཏུང་འཚོལ་བར་ནུས་པ་སུ་ཡོད། དེ་ལྟ་བུའི་ནུས་པ་དང་ལྡན་པ་ཡོད་ན་ཇི་ལྟར་ཡིན་ཡང་རུང་དཔོན་དུ་བཀུར་ཞིང་། བཀའ་སྤྱི་བོས་ལེན་ནོ། ། ཞེས་ཐམས་ཅད་མགྲིན་གཅིག་ཏུ་རྗོད་པར་བྱེད་དོ། ། དེ་ལྟར་བརྗོད་པ་ན་བདག་ཉིད་ཆེན་པོ་དེས། ད་ནི་བདག་གི་དོན་ལེགས་པར་གྲུབ་བོ་སྙམ་ནས་བྱམས་པ་དང་སྙིང་རྗེས། གྲང་བ་ལ་མི་འཛེམ་པ་དང་ཚམ་ཚོམ་མེད་པར་འབྲས་ཆན་ལྷུང་བཟེད་གང་ཙམ་གྱི་བསོད་སྙོམས་བསླངས་ཤིང་། ཏིང་ངེ་འཛིན་གྱིས་མང་པོར་བྱིན་གྱིས་བརླབས་ཏེ་བྱིན་པས། དེ་རྣམས་ཚིམ་ཞིང་བདེ་བར་མཛད་དེ། སྔར་གྱི་ལྟ་བ་ངན་པ་དེ་རྣམས་ཚུལ་དང་མི་མཐུན་པར་གཏན་ཚིགས་དུ་མའི་སྒོ་ནས་སུན་ཕྱུང་སྟེ། ཡང་དག་པའི་ལྟ་བ་ལ་ཆུད་པར་མཛད་དོ། ། དགེ་བ་རྣམས་ནི་དམའ་བའི་ཚུལ་བཟུང་ནས། ། འགྲན་བྲལ་མཐོན་པོའི་རྩེ་མོར་ཆོས་སྲིད་ཐོབ། ། ཁེངས་དང་དྲེགས་པའི་ཆང་གིས་རབ་མྱོས་པའི། ། སྐྱེ་བོ་ཕལ་བ་དེ་དང་ཉེ་བ་མིན། ། འདི་ལྟར། རིན་ཆེན་རྡུལ་བརྩེགས་ཇི་བཞིན་མཛེས་པའི་སྐུ། ། ལྷ་ཡི་རྔ་ཆེན་ལྟ་བུར་འདོམས་པའི་གསུང་། ། མཐའ་བྲལ་རྒྱ་མཚོའི་འཇིངས་ལྟར་ཟབ་པའི་ཐུགས། ། འགྲོ་མང་དབུས་ན་ཡོན་ཏན་ཚོགས་ཀྱིས་མཐོ། ། ལམ་ངན་ཀུནྡའི་གཉེན་གྱི་ཞགས་པ་ཡིས། ། ཡོངས་སུ་བསྡམས་པའི་ཡིད་ཅན་འདབ་སྟོང་ཅན། ། ཉིན་མོའི་དབང་ཕྱུག་འདི་ཡི་ནུ་ཞོ་ཡིས། ། བསྐྱངས་པའི་ཐལ་མོ་རང་བྱུང་ས་ལ་ལྷུང་། ། བྱམས་པའི་ཐུགས་ཀྱིས་ཀུན་ཏུ་རྒྱུ་རྣམས་ལ། ། གང་ཚེ་དགེ་བའི་སྣང་བ་མཚོན་བྱས་པའི། ། བདུད་རྩི་བས་ཀྱང་དཀར་བའི་གྲགས་པའི་ཚོགས། ། གཟུར་གནས་ཀུན་གྱི་རྣ་བའི་རྒྱན་དུ་འཆང་། ། དེའི་ཚེ་རྒྱལ་སྲས་དཔའ་བོ་ཆེན་པོ་དེ། ། ལུང་རྟོགས་འདོད་དགུ་འབྱུང་བས་བལྟམས་པ་ཡི། ། ཐུགས་ཀྱི་ཆུ་གཏེར་དགའ་བའི་རླབས་ཕྲེང་གིས། ། མཐའ་དབུས་ཀུན་ཏུ་རྣམ་པར་ཁེབས་པར་གྱུར། ། དེ་ལྟར་རང་ཉིད་ཇི་ལྟར་འདོད་ཅིང་ཡིད་ལ་བཅགས་པའི་གནས་ནི་འབྲས་བུ་དང་བཅས་པར་གྱུར། ཁེངས་པ་དང་དྲེགས་པའི་སྐྱོན་ཐམས་ཅད་ནི་ནག་ཕྱོགས་ཀྱི་ཟླ་བ་ལྟར་བྲི། ནགས་ཀྱི་དགོན་པར་གནས་ཤིང་ན་ཚོད་ཡོངས་སུ་ཡོལ་བའི་དྲང་སྲོང་ལྟར་དུལ་བའི་ཕ་རོལ་ཏུ་ནི་སོན། མཐོང་བ་དང་། ཐོས་པ་དང་། དྲན་རེག་གིས་ཀྱང་གཞན་ཡིད་ཐར་པ་ལ་འཁུལ་བར་ནུས་པའི་རྒྱལ་སྲས་ཆེན་པོ་དེ། ཡིད་ཀྱི་མཁའ་ནི་ཀུན་ཏུ་རྟོག་པ་ཡི། ། སྒྲིབ་བྱེད་སྤྲོས་པའི་ཆུ་འཛིན་སྟུག་པོ་རྣམས། ། ཆུ་ལ་ཆུ་ལྟར་དབྱིངས་སུ་ཐིམ་པ་ཡིས། ། ཏིང་འཛིན་དབང་སྔོན་མདངས་བཟང་ཅི་ཡང་འཛིན། སླར་ཡང་། སྒྱུ་མ་ལྟ་བུའི་བརྟན་གཡོ48ཀུན། ། སྒྱུ་མ་ལྟ་བུར་ཐུགས་ཆུད་པས། ། སྒྱུ་མ་ལྟ་བུའི་རྣམ་རོལ་གྱིས། ། སྒྱུ་མ་ལྟ་བུར་འགྲོ་བ་སྒྲོལ། །

དེ་ལྟ་བུའི་རོལ་བས་དགོན་པའི་གནས་རྣམས་རྒྱུ་རྒྱུ་ཞིང་སོང་སོང་བ་ལས། རེ་ཞིག་གི་ཚེ། སེམས་ཅད་རྣམས་ཡིད་སྲུབས་བདག་པོ49གཉེན་དང་བཅས་པས་རྒྱུད་བསླད་པས། མི་སྲུན་པའི་ལས་འགའ་ཞིག་སྤྱད་པའི་འབྲས་བུ་མངོན་པར་གྲུབ་སྟེ། མུ་གེ་ཆེན་པོས་འགྲོ་བ་དུ་མ་ཉམ་ང་བར་གྱུར་ཅིང་། ཁྱད་པར་སྔོན་སྦྱིན་པའི་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པས། ཤིན་ཏུ་དབུལ་བ་སློང་བ་འབའ་ཞིག་ལ་བརྟེན་ནས་ཚེ་འདི་རྫོགས་པར་བྱེད་པའི་སྤྲང་པོ་སྟོང་ཙམ། མུ་གེ་དེས་གཞན་གྱིས་འཚོ་བ་ཅུང་ཟད་ཀྱང་སྦྱོང་བར་བྱེད་པ་མ་བྱུང་བས། འཆི་བདག་མངོན་སུམ་དུ་འོངས་བ་བཞིན་དུ་འགུམས་པ་ལ་ནི་ཕྱོགས། བཀྲེས་པ་དང་སྐོམ་པས་ཡོངས་སུ་གཟིར་བས་ལུས་ནི་སྐྱ་བོ་སེང་སེང་པོར་གྱུར། སྐད་ཀྱི་གདངས་ཉམས་པས་འདར་ཞིང་འདི་སྐད་ཅེས། ཀྱེ་མ་བདག་ཅག་རྣམས་སྐྱོབ་པར་བྱེད་པའི་སྙིང་རྗེ་དང་ལྡན་པ་སུ་ཡོད། དུས་ལ་བབ་བོ། ཀྱི་ཧུད་ཀྱི་ཧུད50ཅེས་ཤུགས་ནར་འབྱིན་པ་བདག་ཉིད་ཆེན་པོ་དེས་གསན་པས། ལུས་ལ་ལྕགས་གཟེར་བཏབ་པ་བཞིན་དུ་གྱུར་བ་ནི་འདི་ལྟར། ཕོངས་བ་རྣམས་ཀྱིས་མྱ་ངན་ཤུགས་འབྱིན་པའི། བྱིན་ཟས་ཡིད་ཀྱི་བུད་ཤིང་བསྲེགས་པ་ན། འཐོར་བྱེད་ཤུགས་ཀྱིས་རང་དབང་འཕྲོག་པ་ཡི། ། འདབ་མ་ལྟ་བུར་དེ་ཡིད་རབ་ཏུ་གཡོས། ། དེ་ནས་བདག་ཉིད་ཆེན་པོ་དེས། ཕོངས་བ་རྣམས་ལ་བྱམས་པས་བསྒོས་པའི་ལྟ་བ་དང་ལྡན་པས། དབུགས་ཕྱུང་བ་དང་། དེ་རྣམས་ཡིད་གསོས་པ་སྙམ་བྱེད་ཅིང་། འདི་སྐད་དུ། ཕྱོགས་རྣམས་དག་ནི་ཐམས་ཅད་དུ། ། བརྒྱ་ཕྲག་ངལ་བ་རབ་བསྟེན་ནས། ། ཡང་དག་གཏོང་བ་བཙལ་བྱས་ཀྱང་། ། ནམ་མཁའི་པདྨོ་བཞིན་དུ་གྱུར། ། ད་ནི་བདག་ཅག་རྣམས། ཉིན་མོའི་དབང་ཕྱུག་ཟེར་གྱིས་ཕྱེ་བ་ཡི། ། གུར་ཀུམ་མདངས་སམ་འཆར་ཀའི་ཐུན་མཚམས་ཀྱི། ། སྟོད་གཡོགས་གསར་བའི་དཔལ་ཡང་འཕྲོག་བྱེད་པའི། ། དཔའ་བོ་ཁྱོད་ཉིད་མཐོང་བར་གྱུར་མ་ཐག ། བདག་ཅག་མགོན་དང་བཅས་པར་གྱུར་སྙམ་སེམས། ། ཞེས་དེས་མཚོན་པའི་སེམས་དཔའ་ཆེན་པོ་དེའི་ཡོན་ཏན་བརྗོད་ཅིང་། རེ་བའི་མཚན་མ་གསལ་བར་བྱེད་པ་ན། བདག་ཉིད་ཆེན་པོ་དེས་མྱུར་དུ་ཁ་ཟས་བསོད་པ་དཔག་ཏུ་མེད་པའི་སྟ་གོན་བྱས་ཏེ། དཀར་མཉེན་པདྨའི་རྩ་བ་ལྟ་བུའི་ཕྱག་གིས་དེ་རྣམས་ལ་སྩལ་པས། ལུས་ཟུངས་ཡོངས་སུ་རྫོགས་པར་བསྐྱེད་ཅིང་། དམ་པའི་ཆོས་ཀྱི་བདུད་རྩིའི་རོས་ཀྱང་རབ་ཏུ་ཚིམ་པར་མཛད་པས། ཕོངས་བ་དེ་དག་ཀྱང་ཡི་ཤིན་ཏུ་རངས་ཏེ། གྲོང་དང་གྲོང་ཁྱེར་དང་ཡུལ་ལྗོངས་རྣམས་མྱུལ་ཞིང་། སློབ་དཔོན་དེའི་བཀའ་དྲིན་བསམས་ཏེ། ཨེ་མ་ཧོ་ཤིན་ཏུ་རྨད་དུ་བྱུང་ཞིང་ངོ་མཚར་རོ། ། ཞེས་སྨྲས་ནས། ཕྱོགས་དང་ཕྱོགས་མཚམས་རྣམས་སུའང་དོན་དེ་དྲན་ནོ། ། འཁྲི་ཤིང་ལྕུག་ཕྲན་ལྟ་བུར་མཉེན་པའི་ཕྱག ། བདོག་པ་མ་ལུས་གཏོང་བའི་རྒྱན་གྱིས་སྤུད། ། ཀུན་ལ་འཕྲོ་བ་སྤངས་པའི་ཐུགས་རྗེ་ནི། ། དབུལ་བ་རྣམས་ལ་དཔག་བསམ་ལྗོན་པ་བཞིན། ། དེ་ཡི་གཏོང་བ་ལས་ཐོན་གྲགས་པའི་ཚོགས། ། རྒྱ་མཚོའི་གོས་ཅན་མཐའ་གྲུ་ཡོངས་སུ་བརྒལ། ། འོད་གཟི་བདག་པོའི་མདུན་སར་ཆ་ཤས་ཅན51། ། རི་དྭགས་རྒྱལ་པོའི་དྲུང་ན་རི་དྭགས་བཞིན། ། ཞིང་འདིར་སྟོན་པའི་བསྟན་ལ་མགོན་ཁྱོད་ལས། ། མཆོག་དུ་གྱུར་པའི་སེམས་དཔའ་ག་ལ་ཞིག ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་ལྷའི་རྟོགས་པ་བརྗོད་པ་པདྨ་དཀར་པོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ཅེས་བྱ་བ་ལས། འཐབ་རྩོད་དང་ལྟ་བ་ངན་པ་བཟློག་པ་དང་། ཕོངས་བ་རྣམས་གཏོང་བའི་ཕྱག་གིས་དབུགས་ཕྱུང་བའི་རྟོགས་པ་བརྗོད་པ་སྟེ་འདབ་མ་གསུམ་པའོ། །

ཡིད་འཕྲོག་གུར་ཀུམ་གཞོན་ནུའི་ས་འཛིན་རྩེ། ། ཨིནྡྲ་ནི་ལའི་སྤྲིན་གྱིས་གཡོགས་པ་བཞིན། ། དམར་སེར་མཐོན་མཐིང་རལ་བའི་ཟུར་ཕུད་ཅན། ། རྗེ་བཙུན་མཁྱེན་པའི་གཏེར་གྱིས་རིང་དུ་སྐྱོངས། ། དེ་ནས་བདག་ཉིད་ཆེན་པོ་དེ། ། དེ་ལྟ་བུའི་རྒྱལ་བའི་སྲས་ཀྱི་བྱ་དཀའ་བའི་སྤྱད་པ་སྤྱོད་པའི་ངང་ནས་ཤར་ཕྱོགས་སུ་སོང་སྟེ། ཨ་རི་བུ་ཤ་ན་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་གི་ཉེ་ལོགས་ཀྱི་བཞི་མདོ་རྣམས་མྱུལ་ཞིང་བཞུགས་པ་ན། མ་ཙ་ལའི་གནོད་པ་ཞེས་བྱ་བ་འཚོ་བ་མ་ཕྱིད་པས52གཞན་གྱི་རྫས་འཇོམས་པ་ལ་དགའ་ཞིང་སྙིང་རྗེ་མེད་པ། དྲག་ཤུལ་ཅན། རྩུབ་པ་མི་སྲུན་པ། ཡུལ་གཞན་ནས་ཀྱང་དེ་དང་ཚུལ་མཚུངས་པ་དུ་མ་འདུས་པ་ལས། གྲངས་ཀྱང་ཤིན་ཏུ་མང་བ་དག རྒྱལ་པོ་དེའི་འབྱོར་བ་ལ་བལྟས་ནས་འོངས་པ་ནི། ཚ་བས་ཉེན་པའི་བ་གླང་གི་ཁྱུ་ཚོགས་བསིལ་བའོ་མཚོར་ཆས་པ་བཞིན་ཏུ་གྱུར་ཏོ། ། སོས་ཀྱི་དུས་སུ་ནམ་མཁའི་ནོར་བུ་ཡི། ། གདུང་བས་ཉེན་པའི་ནགས་ཚལ་ལག་ལྡན་རྣམས། ། སྟེང་ནས་ཆུ་སྐྱེས་བླ་བྲེ་གཡོགས་པ་ཡི། ། དྭངས་པའི་མཚོ་ཡིས་མགྲོན་དུ་གཉེར་བ་བཞིན། ། དེ་རྣམས་འདུས་པ་དང་མིའི་བདག་པོ་དེ་བཞིན་གནག་སྟེ། འདི་ལྟར། གནོད་བྱེད་འདི་རྣམས་འབྱོར་བ་ཀུན་གྱིས་མགུ་བར་བྱས་ན་ནི། སའི་བདག་པོའི་དཔལ་ཡང་ཆུ་ཤིང་གི་སྙིང་བོ་ལྟ་བུར་འགྱུར་ལ། གལ་ཏེ་གཞན་དུ་བགྱིས་ན་ནི་གནོད་བྱེད་འདི་དག་གིས་ལུས་དང་སེམས་གཉིས་པོ་ཕན་ཚུན་ཕྲ་མས་རྣམ་པར་འབྱེད་པར་གདོན་མི་ཟ་བ་ཞིག་གོ་སྙམ་ནས་སྨྲེ་ངགས་འདོན་པ་ན། སེམས་དཔའ་ཆེན་པོ་དེ་རྒྱལ་བོ་ལ་ཐུགས་བརྩེ་བས་དེ་དག་བསྲུང་བར་ཞལ་གྱིས་བཞེས་ཏེ་སྐུ་སྲུང་མཛད་དོ། ། གཡོ་མེད་རྡོ་རྗེ་ལྟ་བུའི་ཐུགས་མངའ་ཞིང་། ། བྱམས་པའི་མགོན་སྐྱེས་ཤེས་བྱའི་མཁའ་ལམ་ཁྱབ། ། སྙིང་རྗེ་མིག་རྩ་དམར་པོ་རབ་ཏུ་འཁྲུག ། ཕས་རྒོལ་གཉིས་མཐུང་འཇོམས་པའི་སྤར་ཁྱིམ་ཅན། ། རྟེན་འབྱུང་རིགས་ཚུལ53ང་རོས་སྲིད་པ་གསུམ། ། གཡོ་བའི་ཆུ་ནང་ཟླ་བའི་གཟུགས་ཇི་བཞིན། ། ཀུན་ཀྱང་འགྲོས་པ་ལྟ་བུར་རྩོམ་པ་ན། ། གང་ཞིག་དེ་ལ་འཚེ་བའི་རྒོལ་བ་ངན། ། མེ་ཏོག་མདའ་ཅན་དཔུང་དང་ལྷན་ཅིག་པར། ། མི་བཟད་རྡོ་རྗེའི་གནམ་ལྕགས་འབར་བ་ཡིས། ། རྡུལ་ཚོགས་ས་འཛིན་སྤོ་ལ་ཇི་བཞིན་དུ། ། སྐད་ཅིག་ཉིད་ལ་མཐའ་དག་ཕྱེ་མར་བྱས། ། དེ་ལྟར་མཐུ་ཆེན་མེད་པས་གནོད་བྱེད་དེ་རྣམས་ཟིལ་གྱིས་མནན་ནས། སྐྱེ་དགུ་ཐམས་ཅད་དང་ཁྱད་པར་སའི་བདག་པོ་འབངས་དང་བཅས་པ་རྣམས་བདེ་བར་བྱས་ཏེ། རང་ཉིད་ལའང་བཀུར་སྟི་ཆེན་པོ་འཐོབ་པ་ན། དམ་པ་འདི་ཉིད་ལ་རྗེ་བཙུན་གྱི་ཕྱག་ཆར་བཅངས་བའི་ཤིང་གི་རལ་གྲི་ཞིག་མ་གཏོགས། རང་བཞིན་གྱི་མཚོན་གྱི་རིགས་དང་བྲལ་བ། ཕྲག་དོག་གི་ཟུག་རྔུས་སེམས་གཟུ་བོར་མི་གནས་པའི་གྲོགས་ཀྱིས་མཐོང་བར་གྱུར་ཏོ། ། ཞེ་སྡང་བཞིན་རས་སྙིང་རྗེའི་མདངས་དང་བྲལ། ། ཁྲོ་བའི་མཚོན་གྱིས་བཟོད་པའི་ལྗོན་པ་དབྱུང་། ། ཡིད་ཀྱི་འཛིན་མ་ཕྲག་དོག་ཚེར་མས་བལྟམས། ། འདི་དག་སྐྱེ་བོ་ངན་པ་ཀུན་གྱི་གནས། ། ངན་པ་དེ་ལྟ་བུས་མ་བཟོད་པར་རྒྱལ་བོ་ལ་འདི་ནི་སྐྱེས་བུ་གཡོ་ཅན་ལེགས་ཏེ། མཚོན་ཆ་ཡང་ཤིང་གི་རལ་གྲི་ཞིག་ལས་མེད་པའི་ཕྱིར། ལྷ་ཉིད་ཀྱི་སྐུ་བསྲུང་བར་མི་ནུས་པས་བརྟག་འཚལ་ལོ། ། ཞེས་གསོལ་བས། རྒྱལ་བོ་དེ་རབ་ཏུ་ཁྲོས་ཏེ་བདག་ཉིད་ཆེན་པོ་དེ་ལ་མཚོན་ཆ་ཇི་ལྟ་བུ་འདུག་བརྟག་པའི་ཕྱིར། གཞན་རྣམས་ལའང་སྙད་བཏགས་ཏེ། མཚོན་ཆ་རིམ་གྱིས་ཕྱུང་ངོ་། ། སེམས་དཔའ་ཆེན་པོ་དེས་བདག་གི་རལ་གྲི་ཕྱུང་ན་ལྷ་ཉིད་ལ་ངན་པར་འགྱུར་རོ་ཞེས་གོ་བར་བྱས་ན་ཡང་། ཕྲ་མས་སྤྱོས་པས། ངན་ཡང་བླའི54། ཕྱུངས་ཤིག་ཟེར་རོ། དབྱེན་གྱི་གནམ་ལྕགས་སེར་བ་བབས་གྱུར་ན། ། མཛའ་བའི་མེ་ཏོག་གཞོན་ནུ་ལྷག་མར་འགྱུར། ། དེ་ལྟ་ནའང་དགེ་བའི་སྐྱེས་བུ་རྣམས། ། ཉེས་པ་བྱས་པ་སེམས་ལ་གོམས་མི་འགྱུར། ། འོ་ན་ལྷའི་སྤྱན་གཅིག་ཁོབས་ལ། གཅིག་གིས་གཟིགས་སུ་གསོལ་གསུངས་ནས་རལ་གྲི་ཕྱུང་བས། དེའི་འོད་ཟེར་གྱིས་བལྟ་བར་བརྩམས་པའི་མིག་དེ་འབྲས་བཟང་སྨིན་པའི་མགྲིན་པ་གྲང་རེག་གི་དབྱུག་པ་བསྣུན་པ་བཞིན་དུ། རང་དབང་མེད་པར་འཛིན་མའི་མཐིལ་དུ་ལྷུང་ངོ། ། དེ་ནས་འཁོར་དང་བཅས་པ་སྐྲག་ཅིང་། འདི་ནི་མཐུ་དང་ལྡན་པའི་དཔའ་བོ་ཞིག་སྟེ། ད་ནི་བཟོད་པ་དང་སྐྱབས་དམ་པར་གསོལ་ནས་བཀའ་འབངས་སུ་མཆི་བར་བགྱིའོ་སྙམ་དུ་བསམས་ནས་སྨྲས་པ། ལྷག་བསམ་རྩ་བ་རབ་བརྟན་མཁྱེན་པའི་ཡལ་ག་རབ་ཏུ་རྒྱས། ། བརྩེ་བ་འདབ་བརྒྱའི་ཕྲེང་འཁྲིགས་མཛད་པའི་གྲིབ་བསིལ་ཕྱོགས་སུ་འབབ། ། མཐུ་སྟོབས་འབྲས་བུས་བརྗིད་ཅིང་རིགས་དྲུག་འདོད་ལྷའི་ཉེར་འཚོ་རུ། ། ལེགས་འཁྲུངས་འདོད་དགུ་སྤྱི་དང་རྣམ་གྲོལ་བདུད་རྩིའི་དཔལ་རབ་སྟེར། ། ལེགས་ཚོགས་ནམ་མཁའི་གྲོང་དུ་གནས་བཅས་ཤིང་། ། ཆོས་ཀུན་ཡོངས་སུ་གཟིགས་པའི་མིག་སྟོང་ལྡན། ། ཕྱི་རྒོལ་ལྷ་མིན་འཇོམས་པའི་རྡོ་རྗེ་ཅན55། ། མཐོ་རིས་མགོན་པོ་ཁྱོད་ཀྱིས་བཟོད་པའི་རིགས། ། ཅེས་བཟོད་པར་གསོལ་ནས་སྐྱབས་སུ་གསོལ་བ་དང་། རྒྱལ་པོ་དེ་ཡང་དགེ་བའི་ཆོས་ཀྱི་སྣོད་དུ་རུང་བར56མཁྱེན་ནས། ཕན་པའི་གདམས་ངག་གིས་ཡང་དག་པར་ཚིམ་པར་མཛད་དོ། ། དམིགས་མེད་ཀུན་ལ་སྙོམས་པའི་དབྱེར་སྐྱེས་ཕྲེང་། ། ལེགས་བཤད་ཆུ་ཆར་ཟེགས་མའི་རལ་བ་ཡིས། ། མི་དབང་རྒྱ་མཚོའི་གོས་ཅན་དགེ་ལེགས་ཀྱི། ། རིན་ཆེན་མྱུ་གུ་མཐའ་དག་རྒྱས་པར་མཛད། ། ཡོན་ཏན་བཅུད་ཀྱིས་བལྟམས་པའི་འདབ་བརྒྱ་བ། ། དེ་དང་ཉེ་བའི་ཤེས་ལྡན་བུང་བ་ལ། ། ཆེད་དུ་བསྒོས་པ་མེད་པར་ཡོན་ཏན་གྱི། ། སྦྲང་རྩིའི་དོག་པ་ལག་པ་དག་ལ་དགོད། །

དེ་ནས་ཡང་སེམས་དཔའ་ཆེན་པོ་དེ་འགྲོ་བ་དུ་མ་རྗེས་སུ་གཟུང་བའི་ཕྱིར་རིངས་པ་ལྟར་ཆས་ཏེ་འབྱོན་པར་བརྩམས་པ་ན། མིའི་བདག་པོ་དེས་བསོད་ནམས་ཀྱི་ཞིང57དུ་བཞུགས་པར་ལན་གཅིག་ལན་གཉིས་ལན་གསུམ་གྱི་བར་དུ་གསོལ་ཡང་། རྒྱ་མཚོར་འཇུག་པའི་གངྒཱའི་རྒྱུན་ནི་སུས་ཀྱང་སླར་བཟློག་པ་མེད་པ་བཞིན་དུ་མ་གནང་ནས། དཔལ་གྱི་རིའི་ལྷོ་ཕྱོགས་ཀྱི་ངོས་སུ་ཞབས་ཀྱི་ཐིག་ལེ་མངོན་པར་གསལ་བར་བཀོད་ནས། ཨུཙྪསྨའི་སྤྱོད་པ་ཞེས་བྱ་བ་སྐུ་གཅེར་བུ་སྤྲང་པོའི་ཆ་བྱད་ཅན། ཁྲུད་མ་ཕོ་བའི་ཚིགས་མ58ཙམ་གྱི་འཚོ་བ་ལ་བརྟེན་ཅིང་། རིག་པ་བརྟུལ་ཞུགས་ཀྱི་སྤྱད་པ་སྤྱོད་ཅིང་གནས་པ་ན། ཁ་ཏ་བི་ཧ་རའི་རྒྱལ་པོའི་བྲན་མོ་ཀ་ཙ་མ་ཧཱས་ཁྲུད་མའི་བྱ་བ་བྱས་ཏེ། ཆུ་ཕོ་བའི་ཟེགས་མ་འཐོར་བ་སློབ་དཔོན་ཆེན་པོའི་ཞབས་ལ་ཕོག་པ། ལྕགས་བསྲེགས་ལ་བྲན་པ་ལྟར་ཁོལ་ཞིང་འབར་བ་མཐོང་། དེའི་ཚེ་རྒྱལ་བོ་དེ་ལ་མུ་སྟེགས་བྱེད་ཀྱི་སྟོན་པ་ཤང་ཀར་དི་ཝ་ཞེས་བྱ་བས་ནང་པའི་པཎྚི་ཏ་དང་རྩོད་ཅིང་རྫུ་འཕྲུལ་འགྲན་པར་བྱས་ཏེ། དེ་ཡང་ཇི་ལྟར་ཕམ་པ་དེ། རྒྱལ་བ་དེའི་བསྟན་པ་ལ་འཇུག་ཅིང་ཆོས་དང་གཙུག་ལག་ཁང་སོགས་ཀྱང་སྲེག་པར་བྱེད་པས། ཁྱོད་ཀྱིས་གནང་བར་མཛད་ཅིང་དྲང་པོར་བཞུགས་སུ་གསོལ། ཞེས་གསོལ་བ་ལྟར། རྒྱལ་པོས་ཕོ་ཉ་བཀྱེ་སྟེ་དགེ་འདུན་རྣམས་བསྡུས་ཏེ་དོན་ཏེ་བསྙད་པ་ན། སུས་ཀྱང་ཁས་ལེན་མ་ནུས་པས། རྒྱལ་པོ་དེ། སྐྱོན་བྲལ་ཨནྡྲ་རྙིལ་གྱི་བསྟི་གནས་སུ། གཉིས་མེད་གསུང་བའི་ལུགས་བཟང་ག་བུར་གྱི་ཉལ་འགྲོའི་ཕུང་པོ་མུ་སྟེགས་ཧ་ལའི་ཕྱེ་མས་རྙོག་པར་གོར་མ་ཆག་གོ་སྙམ་ནས། ཡིད་ཀྱི་སྐྱེས་བུ་མྱ་ངན་གྱི་ཁུང་བུར་ཞུགས་པ་ནི། ལྷ་བུ་ལང་ཚོ་གསར་བ་འདོད་དགུའི་འབྱོར་བས་ཀུན་དགའ་བསྐྱེད་པའི་སྐྱེད་ཚལ་ནས། དུས་ཀྱི་སྲིན་པོའི་མྱང་བྱེད་ཀྱི་ལམ་དུ་འཇུག་པའི་མཚན་མ་མངོན་པར་གྱུར་བའི་དཀའ་ཐུབ་ལ་འགྲན་པ་བཞིན་དུ་གནས་པ་ན། སྔར་བདག་ཉིད་ཆེན་པོའི་རྫུ་འཕྲུལ་གྱི་ཆ་ཤས་རྡུལ་ཕྲན་གྱི་གོ་ས་ཙམ་དག་པའི་མིག་ཡུལ་དུ་གྱུར་པའི་བྲན་མོ་དེས། ཞིབ་མོར་སྟོན་པའི་ངག་གིས་གསོལ་ནས། དེ་ཡི་ནུས་པ་མ་ལེགས་སམ་ཞུས་པ་དང་། དེ་ལྟ་བུའི་རྣལ་འབྱོར་བ་དེ་གང་ན་འདུག་ཀྱང་སྤྱན་དྲོངས་ཤིག་ཅེས་ཕོ་བྲང་འཁོར་གྱི་མི་རྣམས་ལ་བསྒོའོ། ། དེ་ལྟར་བགོ་བ་དང་། སྐྱེ་བོ་དུ་མ་སློབ་དཔོན་ཆེན་པོ་དེ་བཙལ་བའི་ཕྱིར་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སོང་སོང་བ་ལས། ཤིང་སྡོང་བོ་ཞིག་གི་དྲུང་དུ་མཇལ་ནས། རྒྱུ་མཚན་རྣམས་ཞུས་པས། དེ་ལྟ་བུ་ཁོ་བོས་ནུས་ཀྱི། ཁྱེད་རང་རྣམས་ཆུ་ཀ་ལ་ཤ་གང་། མེ། ཀ་ཤའི་རས་ཟུང་རྣམས་སྟ་གོན་གྱིས་ཤིག ཅེས་བཀའ་སྩལ་ཏོ། ། བཀའ་སྩལ་བ་ལྟར་དགོས་པའི་ཡོ་བྱད་རྣམས་ནི་སྦྱར། སྐྱེ་བོའི་ཚོགས་འདུས་པའི་ཁྲོད་དུ་གདན་ཁྲི་ཚད་མེད་པར་བཤམས་པའི་དབུས་སུ་ནི་རྒྱལ་པོ། གཡས་གཡོན་དུ་ནི་སེམས་དཔའ་ཆེན་པོ་དང་། མུ་སྟེགས་ཀྱི་སྟོན་པ་རྣམས་འཁོད་ནས་རྩོད་པས། བདག་ཉིད་ཆེན་པོའི་ལུང་དང་རིགས་པའི་མཐུ་ཕུལ་དུ་བྱུང་བས། ཕྱིར་རྒོལ་བ་དེ་ཉིད་ཀྱི་སྤོབས་པ་ལན་བརྒྱར་ཕྱེ་མར་བརླག་གོ ། འགྲན་འདོད་རྙོག་པའི་ཆུ་གཏེར་ཆེ་ལས་བྱུང་། འབྲེལ་བྲལ59ངག་གི་མེ་ཏོག་འཐོར་བ་ན། ། གང་གི་ལུང་དང་རིགས་པའི་བ་མོ་ཡིས། ། རེག་པས་སྒྲ་ཡི་ལྷག་མ་ཙམ་དུ་གྱུར། ། རླབས་ཆེན་སྨོན་ལམ་རྟ་བདུན་ཤུགས་ཀྱིས་དྲངས། ། རྒྱལ་སྲས་སྤྱོད་པ་ལྷུན་པོའི་ངོས་ན་མཛེས། ། ངོ་མཚར་མཛད་པའི་འོད་ཟེར་འབུམ་ཕྲག་འགྱེད། རིགས་པའི་ཉིན་བྱེད་དབང་བོ་ཤར་བའི་ཚེ། ། རབ་རྨོངས་རྒྱུ་སྐར་དབུས་ན་གསལ། ། ཕྲག་དོག་རི་དྭགས་མཚན་མས་བརྒྱན། ། ལུས་མེད་བདག་པོ་གསེར་མིག་ལྡན། ། མགུ་བ་བསྒྲུབ་པའི་བྲན་གཡོག་དེ། ། གཏན་ཚིགས་ལྡན་པའི་ལམ་ལས་རྣམ་པར་གོལ། ། གཞན་ལ་སྨོད་པའི་ངག་ཚིག་མདའ་རྒྱང་འཕེན། ། རང་ཉིད་འདོད་པའི་ལམ་ལས་ལྐོག་གྱུར་ཀྱང་། ། གཅམ་བུའི་ངག་གིས་སྤྱི་བོའི་གཙུག་ཏུ་བསྟེན། ། ཤིན་ཏུ་དཔའ་བའི་རབ་འབར་མཚོན་ཆ་ལ། ། ཉམ་ཆུང་དབྱུག་པས་འགྲན་པ་ལས་ཀྱང་མཚར། ། སླར་ཡང་མུ་སྟེགས་བྱེད་དེ་ཆོག་མ་ཤེས་པར་རྫུ་འཕྲུལ་འགྲན་པར་ཆས་ཏེ། བར་སྣང་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་བྲིས་ནས་ཤར་སྒོ་ཙམ་ཟིན་པ་ན། སློབ་དཔོན་ཆེན་པོ་དེས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། མཉམ་པར་བཞག་མ་ཐག་ཏུ་འཚུབ་མ་ཆེན་པོ་བྱུང་ནས། དཀྱིལ་འཁོར་དང་བཅས་པའི་མུ་སྟེགས་བྱེད་དང་རྒྱལ་བོ་བཙུན་མོ་དང་བཅས་པ་རྣམས་ནི་ཕན་ཚུན་འཐབ་པ་ལྟར་འཁྲུགས། རི་བོ་རྣམས་ནི་བསེར་བུའི་ཤུགས་མ་བཟོད་པར་ཉལ་བ་བཞིན་ཏུ་ཉིལ་བར་གྱུར་ཏོ། དུས་ཀྱི་འཐོར་བྱེད60དྲག་པོ་འོངས་པ་ལྟར། ། འུར་འུར་འཇིགས་པའི་སྒྲ་ཆེན་སྒྲོག་བྱེད་ཅིང་། ། མྱུལ་བའི་ལག་པ་གཡོ་བའི་གར་བྱེད་པས། ། དངོས་ཀུན་སྟོང་བའི་དབྱིངས་སུ་འདྲེན་ནམ་སྙམ། ། ཡང་ན་ཁོར་ཡུག་ས་འཛིན་ཁོང་གསེང་ནས། ། གྲངས་མེད་རྡུལ་མང་དཔའ་བའི་དམག་ཚོགས་ནི། ། ཕྱི་རོལ་དཀྱིལ་འཁོར་ནམ་མཁར་གནས་པ་རྣམས། ། སྐྱེངས་པར་བྱེད་ལ་ཆེད་དུ་བྱས་པ་བཞིན། ། རྫུ་འཕྲུལ་མངོན་པར་འདུ་བྱེད་པ་དེ་ལྟར་བསྟན་ནས། ཐུགས་རྗེ་ཆེན་པོས་སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ། རྒྱལ་བོ་བཙུན་མོ་དང་བཅས་པ་ལ་ལམ་བསྟན་ནས་མདུན་དུ་བཀུག་སྟེ། ལུས་གོས་དང་བྲལ་བ་རྡུལ་གྱིས་གཡོགས་ནས་འདུག་པ་ཆུས་བཀྲུས་ཏེ། རས་གསར་བ་གཡོགས། མེ་ལ་གསོས་ནས་བདེ་བར་མཛད་པས། བདག་ཉིད་ཆེན་པོའི་མཛད་པ་ལ་ཡི་རངས་ཏེ་ཨུཏྤ་ལའི་ཝ་ར་ལྟར་བཞིན་འཛུམ་ཞིང་ཨ་ལ་ལ་ཞེས་རྗོད་པར་བྱེད་དོ། དེ་ནས་ཡུལ་དེ་དང་དེའི་ཉེ་ལོགས་ན་ཡོད་པའི་མུ་སྟེགས་བྱེད་ཀྱི་ལྷ་ཁང་རྣམས་དང་། ངན་པའི་ཆོས་རྣམས་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་གཟུགས་བརྙན་ལུགས་མ་དང་། རང་བྲིས་ལ་སོགས་པ་རྣམས་ལ་འཇིག་དུས་ཀྱི་མེའི་བསྐལ་པ་མངོན་སུམ་དུ་འོངས་པ་ལྟར་ནི་བྱས། དེ་དང་དེའི་སྲོལ་འཛིན་པའི་གཙོ་བོ་དང་། རྗེས་སུ་སྤྱོད་པའི་ལོག་ལྟ་ཅན་མང་པོ་སྔར་རང་ཉིད་སྤྱོད་པའི་བརྟུལ་ཞུགས་དོར་ནས། སྐྲ་དང་ཁ་སྤུ་རིང་པོ་ནི་བྲེགས། གོས་ཁ་དོག་ལེགས་པར་བསྒྱུར་པའི་ངུར་སྨྲིག་ནི་བགོས། དམ་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་། དུལ་བ་དང་སྡོམ་པའི་དཔལ་ལ་ཡང་དག་པར་གནས་པར་མཛད་དོ། ། བྱམས་དང་བརྩེ་བའི་མཆེ་སྡེར་མི་བཟད་པས། ། སྡུག་བསྔལ་ཟླ་བའི་འབྱུང་གནས་གཟིར་བྱེད་ཅིང་། ། ཐབས་དང་ཤེས་རབ་འདབ་མའི་ཤུགས་བསྐྱོད་པས། ། རྣམ་གྲོལ་ལྷ་ཡི་གནས་ལ་དབང་བསྒྱུར་པའི། ། རྒྱལ་སྲས་མཁའ་ལྡིང་ཀུན་གྱི་དབང་བོ་ཁྱོད། ། མཐོང་བ་ལྟ་ཞོག་སྒྲ་ཡི་ཕོ་ཉ་བ། ། རྣ་བའི་དྲུང་དུ་བསྙེགས་པ་ཙམ་ཞིག་གིས། ། ཆུ་སྲིན་རྒྱལ་མཚན་གདེངས་ཀ་ཅན་གྱི་ཚོགས། ། བཟོད་གླགས་མེད་པའི་མྱ་ངན་མེ་ལྕེ་ཡིས། ། ཡིད་ཀྱི་བུད་ཤིང་བསྲེགས་པས་སྤ་བཀོང་གྱུར། །

དེ་ལྟ་བས་ན་ཁྱིམ་ན་གནས་པ་ནི་ཚུལ་ཁྲིམས་ཀྱི་གཉེན་པོར་གྱུར་ཅིང་། སྡུག་བསྔལ་མང་པོའི་འབྱུང་ཁུངས་སུ་གྱུར་པའི་ཕྱིར། བདག་བདེ་བར་འདོད་པ་རྣམས་ཀྱིས་ནི་ཡོངས་སུ་བཏང་ངོ་། ། ཞེས་ཁྱིམ་གྱི་ཉེས་པ་སྟོན་པ་ལ་ཡང་བརྗོད་པར་བྱའོ། ། དགོན་པ་ཞི་བ་རྣམས་སུ་དམ་པའི་ཆོས་ལེགས་པར་བསྒྲུབ་ནུས་ཀྱི། ཁྱིམ་ན་དེ་ལས་ཕྱིར་ཕྱོགས་སོ་ཞེས་རབ་ཏུ་དབེན་པའི་གཏམ་བྱ་བ་ལ་ཡང་བརྗོད་པར་བྱའོ། ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཤིན་ཏུ་བྱ་དཀའ་ཞིང་རྨད་དུ་བྱུང་བའི་ཕྱིར། དེ་ལ་ཕྱོགས་པའི་སེམས་ཅན་རྣམས་ལ་བརྙས་པར་མི་བྱའོ། ། སྐྱེས་བུ་དམ་པ་རྣམས་དང་ཕྲད་ན་ཇི་ལྟར་ཡིན་ཡང་རུང་། དགེ་བར་འགྱུར་བས་བདག་ཉིད་ལེགས་པར་འདོད་པ་རྣམས་ཀྱིས་ནི་སྐྱེ་བོ་དམ་པ་བཙལ་བར་བྱའོ། ། ཞེས་སྐྱེས་བུ་དམ་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། ། སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་གཞན་སྡུག་བསྔལ་གྱིས་གདུངས་པ་མཐོང་བ་ན། ལུས་སྲོག་ལ་ཡང་ཕངས་པ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ངོ། ། ཞེས་གཏོང་བ་ལ་དཔའ་བ་རྣམས་གཟེངས་བསྟོད་པ་དང་། སྙིང་རྗེ་ཆེན་པོའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། ། དེ་ལྟར་སྐྱེས་བུ་དམ་པ་རྣམས་ཀྱིས་དཀའ་བ་དུ་མས་དམ་པའི་ཆོས་བཙལ་ཞིང་ཡོངས་སུ་བསྒྲུབས་པའི་ཕྱིར། རིམ་གྲོ་བསྐྱེད་དེ་ཆོས་ཉན་པ་ལ་ཡང་བརྗོད་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་པ་བརྗོད་པ་པདྨ་དཀར་པའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ཅེས་བྱ་བ་ལས། རྒྱལ་པོ་དང་། མུ་སྟེགས་བྱེད་རྣམས་བཏུལ་བའི་རྟོགས་པ་བརྗོད་པ་སྟེ། འདབ་མ་བཞི་བའོ། །

གང་ཞིག་རྒྱལ་བའི་སྲས་ཀྱི་མཛད་པ་གང་། ། ཀུན་གྱི་དེད་དཔོན་མཁས་པས་བསྔགས་པ་ཀུན། ། ཚུལ་བཞིན་དགོངས་པ་མ་ནོར་གསལ་བའི་ཚུལ། ། རྒྱན་མང་སྡེབ་ལེགས་ཚིག་གིས་རྣམ་པར་བརྒྱན། ། ལྷག་བསམ་རྣམ་དག་དག་པའི་སྙིམ་པ་ཆེན་པོ་ཡིས། ། མཛད་པ་རབ་བཀྲ་བཀྲ་བའི་མེ་ཏོག་གཞོན་ནུ་ནི། ། དཀར་བའི་པདྨ་མ་ལུས་དགའ་བསྐྱེད་མགྲིན་སྐྱེས61ཀྱི། ། སྲད་བུའི་ལམ་དུ་དུ་མའི་མངོན་བརྗོད་ཟེའུ་འབྲུས་ཕྱུག ། ཆོས་དང་མཐུན་པའི་རོ་ཡིས་ཀུན་ནས་བལྟམས། ། བྱིན་རླབས་དྲི་བསུང་བཟང་པོའི་ངད་དང་ལྡན། ། སྤེལ་ལེགས་སརྒའི་འདབ་མ་ཕྱོགས་བཞིར་མཛེས། ། རྟོགས་བརྗོད་པདྨ་དཀར་པོའི་ཕྲེང་བ་འདི། ། འགྲན་དང་གྲགས་འདོད་བསེར་བུ་ཡིས། ། རང་དབང་ཕྲལ་བས་ལྷུང་བ་མིན། ། ཡན་ལག་དྲུག་ཅུའི་ཕུན་ཚོགས་ཀྱི། ། འབྲས་བཟང་བསྐྲུན་ཕྱིར་འདི་བསྒྲུབས་སོ། ། རྣམ་ཐར་གསར་བའི་ཆུ་རིས་བཀྲ་བའི་སྤྲིན་ཕྲེང་ལས། ། ཡ་མཚན་བཞད་པའི་སྒྲ་དབྱངས་རྣ་བར་འོངས་པ་ན། ། དང་བས་མགྲིན་བཏེག་དབྱངས་ཅན་སོར་མོས་མཆོད་པ་ཡི། ། སྙན་བརྗིད་འགྲན་ཟླ་ཅ་ཅོའི་གླུ་དབྱངས་འདི་བསྒྲགས་སོ། ། མཁས་རྣམས་ཟླ་ཤེལ་ཡིད་འོང་མེ་ལོང་ངོས། ། དོན་བཟང་སྡེབ་ལེགས་ཚོན་གྱིས་བསྒོས་པ་ཡི། ། རྟོགས་བརྗོད་རྨ་བྱའི་ལུས་ཀྱི་མེ་ཏོག་འདིའི། ། ངོ་མཚར་སྣང་བརྙན་འཛིན་པར་ཅིས་མི་བྱེད། ། རྨོངས་པའི་རབ་རིབ་ཟུག་རྔུ་ལས། ། རིང་དུ་གྱུར་པའི་ཤེས་རབ་ཀྱི། ། མིག་དང་ལྡན་པའི་གཞོན་ནུ་དག ། ཅི་དགར་སྙན་ཚིག་སྒྲོག་པར་གྱིས། ། ཚུལ་འདིར་འབད་ལས་བྱུང་བའི་བསོད་ནམས་གང་། ། གང་ཞིག་མཆོག་ཏུ་དཀར་བ་ཟླ་འདྲ་ཀུན། ། ཀུན་ཏུ་བསྡོམས་པ་དེ་ཡིས་འགྲོ་བ་ཀུན། ། ཀུན་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག ། བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། ། རིན་ཆེན་བྱང་ཆུབ་སེམས་དང་མི་འབྲལ་ཞིང་། ། རླབས་ཆེན་ཀུན་ཏུ་བཟང་པོའི་སྤྱོད་པ62ལ། ། བརྟེན་ནས་འགྲོ་བ་འདྲེན་པའི་དཔལ་གྱུར་ཅིག ། གནས་སྐབས་སུ་ཡང་མགོན་པོ་ཞི་བ་ལྷའི། ། དྲི་མེད་རྣམ་ཐར་ཇི་བཞིན་ལེགས་བཟུང་ནས། ། བསྟན་དང་འགྲོ་བའི་དོན་མཆོག་བསྒྲུབ་པ་ལ། ། མགོན་པོ་འཇམ་པའི་དབྱངས་དང་མཚུངས་བར་ཤོག །

ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་ལྷའི་རྟོགས་པ་བརྗོད་པ་པདྨ་དཀར་པོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ཅེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་མཐོང་བས། དང་བའི་དད་པ་ཆེན་པོས་ཉེ་བར་བསྐུལ་ཏེ། ཤཱཀྱའི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས། ན་ཚོད་ལོ་བཅུ་དྲུག་ལོན་པའི་ཚེ། གྲུབ་པའི་གནས་མཆོག་དབེན་ས་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་དུ་བདག་ཉིད་ཀྱིས་སུག་བྲིས་སུ་བགྱིས་པའོ། ། འདིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་ཐེག་པ་མཆོག་གི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག

2 མཆན་འགྲེལ།

1.འཆར་ཀའི་ཚོན་རིས།  ཉི་མ་འཆར་ཀའི་མཚམས་སྤྲིན་དམར་པོ།

2.ངག་གི་དབང་བོ།  ངག་གི་དབང་ཕྱུག་སྟེ་རྗེ་བཙུན་འཇམ་པའི་དབྱངས།

3.གསལ་མཆོག  ཤེས་རབ་ཀྱི་སྣང་བ་མཆོག་ཏུ་གསལ་བའི་སྐྱེས་བུ་དམ་པ།

4.བདེ་འབྱུང་། ལྷ་དབང་ཕྱུག་ཆེན་པོ། 

5.ཀུ་ཤ  རྩྭའི་རིགས་ཤིག བསྒྱུར་ན་ངན་སེལ་ལམ་སེར་ཉལ་ཟེར།  མིང་གི་རྣམ་གྲངས་ལ་རྩྭ་མཆོག་དརྦྷ། ཁྲུས་རྩྭ། སྣང་བྱེད། རྩྭ་དབང་སོགས་དུ་མ་ཡོད། 

6.ཤིང་སཱ་ལ་ཆེན་པོ།  ཤིང་སཱ་ལ་ནི་སྐད་དོད་སོར་བཞག་སྟེ། མངོན་བརྗོད་ཀྱི་བསྟན་བཅོས་ལས་སྤོས་དཀར་གྱི་ཤིང་དུ་བཤད། དེའི་ཐང་ཆུ་ནི་སྤོས་དཀར་ཡིན་ཞེས་འབྱུང་། ཆོས་མངོན་པ་ལས་ཤིང་སཱ་ལ་དངོས་ནི་དཔངས་སུ་དཔག་ཚད་བདུན་ནས་བཅུ་གསུམ་པའི་བར་ཅི་རིགས་ཡོད་པ། ཡལ་གའི་རྒྱ་ཁྱོན་ནམ་མཁར་ཁྱབ་པ་ལྟ་བུ་ཤིན་ཏུ་རྒྱ་ཆེ་བ་ཞིག་མཚོ་མ་གྲོས་པ་དང་ཉེ་བ་ན་ཡོད་པར་གསུངས།

7.དུ་ཀཱུ་ལའི་གོས།  ལྷའི་གོས་ཤིག་སྟེ། ཕྱི་ནང་དང་གསལ་ཤེལ་གྱི་རང་བཞིན་ཅན།

8.ཟ་ར་ཚགས།  འདིར་འཛར་བུ་སྟེ་སྐུད་པ་སོགས་ཀྱིས་བཟོས་པའི་སྣེ་ནར་ནར་དུ་འཕྱང་བའི་རྒྱན་གྱི་མིང་། གཞན་ཡང་ཆར་ཁེབས་སམ་ཁང་བའི་ཆུ་འབབ་སའི་ཝ་ཁ་བཅས་ལ་འཇུག 

9.དོན་ཀུན་གྲུབ་པས་སྒྱུ་འཕྲུལ་བཞིན།  འདིར་དོན་གྲུབ་པ་སྟེ་བཅོམ་ལྡན་འདས་ཀྱིས་དགའ་ལྡན་ནས་གནས་འཕོས་ཏེ་ལྷོ་འཛམ་བུ་གླིང་གི་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་པ་བཞིན་ནོ་ཞེས་པའི་དོན།

10.བདག་མེད་ཡེ་ཤེས་བྱིན་ཟ་འབར་བ།  ཆོས་བདེན་གྲུབ་ཀྱིས་སྟོང་བ་རྟོགས་པའི་ཡེ་ཤེས་དེ་བྱིན་ཟའམ་མེའི་གཟུགས་སུ་བཀོད་པའོ། །

11.ཀ་མ་ལ།  མེ་ཏོག་པདྨ་སྔོན་པོ་འདབ་བརྒྱད་ཅན།

12.མངའ་རིས།  ཆབ་འབངས་སམ་མངའ་ཁོངས། 

13.རིག་པའི་གནས་བཅོ་བརྒྱད། 《མཛོད་རང་འགྲེལ》ལས། རོལ་མོ་འཁྲིག་ཐབས་འཚོ་རྩིས་གྲངས་དང་སྒྲ། ། གསོ་བསྐྱེད་ཆོས་ལུགས་བཟོ་འཕོངས་གཏན་ཚིགས་དང་། ། རྣམ་འབྱོར་ཐོས་པ་དྲན་པ་སྐར་མའི་དཔྱད། ། རྩིས་མིག་འཁྲུལ་འཁོར་སྔོན་རབས་སྔོན་བྱུང་རིག ། འདི་དག་རིག་པའི་གནས་ཆེན་བཅོ་བརྒྱད་ཡིན། ། ཞེས་གསུངས་པ་ལྟར་རོ། །

14.ལེ་ལོའི་དགྲ། བརྩོན་འགྲུས།

15.སྤས་པའི་བརྟུལ་ཞུགས། རང་གི་བྱ་སྤྱོད་ཕྱིར་མི་མངོན་པའི་སྤྱོད་ཚུལ།

16.འཇམ་དཔལ་རྣོན་པོ། འཇམ་དཔལ་རྡོ་རྗེ་རྣོན་པོ་སྟེ། འཇམ་དབྱངས་ཀྱི་མཚན་གྱི་རྣམ་གྲངས།

17.སྒྲོ་ལྡན། མདའི་མིང་།

18.ཡི་དམ་གྱི་ལྷ། རྒྱུད་སྡེ་ལས་བཤད་པའི་ཐུན་མོང་མ་ཡིན་པའི་བསྟེན་བྱའི་ལྷ་སངས་རྒྱས་བྱང་སེམས་རྣམས།  

19.མཐའ། 《རྣམ་བཤད་རིག་པ》ལས། མཐའ་ནི་ཟད་དང་མཇུག་ཆ་དང་། ། ཉེ་དང་ཕྱོགས་དང་སྨད་པའོ། ། ཞེས་གསུངས་པ་ལྟར་དོན་དུ་མ་ལ་འཇུག་སྟེ། འདིར་མཇུག་གི་ཆའོ། །

20.དུས་ཀྱི་ཕོ་ཉ།  གཤིན་རྗེའི་མིང་གི་རྣམས་གྲངས།

21.བར་དོ། སྔ་མའི་ལུས་རྟེན་བོར་ནས་ཕྱི་མའི་ལུས་རྟེན་མ་རྙེད་པའི་བར་གྱི་ཁམས།

22.ཉེ་བར་ཞི་བ། ལེགས་པའི་ཞི་བའམ་བདེ་བ།

23.བྲེང་བ། གཅིག་གིས་གཅིག་གི་རྗེས་སུ་འབྲངས་པའམ་ནར་ནར་དུ་འཕྱང་བ།

24.དབེན་པའི་གནས། འདུ་འཛི་མེད་པའི་གནས་སམ་དགོན་པ།

25.དཔལ་ནཱ་ལེནྡྲ།  ཤྲཱི་ན་ལེནྡ་ཞེས་ཀྱང་འབྱུང་ལ། བསྒྱུར་ན་འདམ་བུ་སྦྱིན་ཞེས་པ་ཡིན། 《མདོ་སྡེ་རྒྱན》ལས། འདམ་བུ་སྦྱིན་བྱ་བའི་གྲོང་ན་ཞེས་ཤཱ་རིའི་བུ་འཁྲུངས་ཡུལ་ལ་འདམ་བུ་སྦྱིན་དུ་བསྒྱུར་རོ། ། འདི་ནི་རྒྱ་གར་ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཕོ་བྲང་དང་ཉེ་བར་ཡོད་ལ། སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་ཤིང་། མཐར་ཡང་འཁོར་དགྲ་བཅོམ་པ་ཁྲི་ཁྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ཡུལ་ཡིན། བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས་ཤིང་། ཤཱ་རིའི་བུའི་མཆོད་རྟེན་ཞིག་ཡོད་པ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་སོ། ། དེ་ནས་བཀའ་བསྡུ་བ་གསུམ་པ་བྱས་པའི་རྗེས་སུ་ཐེག་ཆེན་གྱི་དང་བོའི་སློབ་དཔོན་ལྔ་བརྒྱས་ཐེག་པ་ཆེན་པོའི་ཆོས་བསྟན་ནས་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་གཟིགས་ནས་བྲམ་ཟེ་སློབ་དཔོན་ཐོ་བཙུན་གྲུབ་རྗེ་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་གླེགས་བམ་མཐའ་དག་བཞུགས་པར་བྱས་སོ། རྒྱས་བར་མཛད་པ་ནི་སློབ་དཔོན་སྒྲ་གཅན་འཛིན་བཟང་བོ་དང་སློབ་དཔོན་ཀླུ་སྒྲུབ་ཡིན། དེ་རྒྱ་གར་གྱི་དགེ་འདུན་གྱི་སྡེ་རྣམས་ཀྱི་ནང་ནས་རྒྱ་ཆེ་ཞིང་མཆོག་ཏུ་གྱུར་པ་ཞིག་ཡིན།

26.ཚིགས་སྔ་མ། འདུལ་བ་ལས་བཤད་པའི་མཐུན་རྐྱེན་ལྔའི་ནང་ནས་བསམ་པའི་མཐུན་རྐྱེན་ཞིག་སྟེ། དགེ་བསྙེན་དང་བར་མ་རབ་ཏུ་བྱུང་བའི་སྡོམ་པ་ལ་སོགས་པའོ། །

27.དགེ་ཚུལ་གྱི་སྡོམ་པ། 《འདུལ་བ་རྒྱ་མཚོའི་སྙིང་པོ》ལས། རྩ་བ་བཞི་དང་ཡན་ལག་དྲུག ། བཅུ་སྤོང་དགེ་ཚུལ་སྡོམ་པའོ། ། ཞེས་གསུངས་པ་ལྟར། མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ། སྲོག་གཅོད་པ་དང་། མི་ཚངས་སྤྱོད་དང་། མ་བྱིན་ལེན་དང་། རྫུན་སྨྲ་བ་བཅས་རྩ་བ་བཞི་དང་། གར་སོགས་འཕྲོག་སོགས་གསེར་དངུལ་ལེན་པ་བཅས་རྣམ་པ་གསུམ་གྱི་སྟེང་དུ་ཆང་འཐུང་བ་དང་། ཕྱི་དྲོའི་ཁ་ཟས་ཟ་བ། མལ་སྟན་ཆེ་མཐོ་སྟེ་གསུམ་བསྣན་ནས་ཡན་ལག་དྲུག་ཏུ་འགྱུར་བ་དེ་སྤོང་བྱ་བཅུ་ཇི་སྲིད་འཚོ་བའི་བར་དུ་སྤོང་བར་ཁས་བླངས་པ་དེ་ནི་དགེ་ཚུལ་གྱི་སྡོམ་པའོ། །

28.དྲན་དང་ཤེས་བཞིན། བློ་སྦྱོང་སྐབས་ཀྱི་དྲན་པ་དང་ཤེས་བཞིན་གཉིས་ཏེ། དྲན་པ་ནི། 《ཀུན་བཏུས》ལས། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ་མི་གཡེང་བའི་ལས་ཅན་ནོ་ཞེས་གསུངས་པ་དང་། ཤེས་བཞིན་ནི། 《སྤྱོད་འཇུག》ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། ། ཡང་དང་ཡང་དུ་བརྟག་བྱ་བ། ། དེ་དེ་ཁོ་ན་མདོར་ན་ནི། ། ཤེས་བཞིན་སྲུང་བའི་མཚན་ཉིད་དོ། ། ཞེས་གསུངས་པའོ། །

29.དགེ་སྦྱོང་། ཉོན་མོངས་འཇོམས་པ་དང་། འཁོར་བའི་ངལ་བ་ཞི་བར་བྱེད་པའི་དགེ་ཆོས་སོ་ཐར་གྱི་སྡོམ་ཁྲིམས་ལྷུར་ལེན་གྱིས་སྦྱོང་བར་བྱེད་མཁན་ཐར་འདོད་རབ་བྱུང་དགེ་ཚུལ་སློང་ཕོ་མོ་སྤྱིའི་མིང་།

30.ཡང་དག་པར་འཇོག་པ། བསྒོམ་བྱ་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་མཉམ་པར་འཇོག་པའོ། །

31.ཡང་དག་པའི་བསྟན་བཅོས། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་རྗོད་བྱེད་རྣམ་དག་དེ་ཡང་དག་པའི་བསྟན་བཅོས་ཡིན་ལ། དེ་མ་ཡིན་པ་ནི་བསྟན་བཅོས་ལྟར་སྣང་ངོ་། །

32.འཁོར་ལོ་གསུམ། འདིར་ལས་ངག་ཡིད་གསུམ་གྱི་ལས། 

33.ཉམས་སད་པ། ཚོད་ལྟ་བྱེད་པ།

34.འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི་མཐོན་པོ། མི་འཇིགས་པ་བཞིའི་སྤོབས་པ་དང་ལྡན་པའི་སེངྒེས་བཏེགས་པའི་ཁྲི་མཐོན་པོ།

35.ཞེ་འབྲས། དགྲར་འཛིན་པའི་སེམས།

36.བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སློབ་དཔོན་ཞི་བ་ལྷས་མཛད་པའི་ནང་བསྟན་གྱི་བསྟན་བཅོས་ཤིག གཞུང་ཡོངས་ལ་ལེའུ་བཅུ་ཡོད་དེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་། སྡིག་པ་བཤགས་པ་དང་། བྱང་སེམས་ཡོངས་བཟུང་སྟེ་བྱང་ཆུབ་གྱི་སེམས་མ་སྐྱེས་པ་སྐྱེད་པར་བྱེད་པའི་ལེའུ་གསུམ་དང་། བག་ཡོད་དང་། ཤེས་བཞིན་དང་། བཟོད་པ་སྟེ་སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟེ་མི་ཉམས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ། དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་ལ་བསྔོ་བ་དང་སྨོན་པའི་ལེའུ་གཅིག་སྟེ་བཅུའོ། །

37.གཎྜིའི་དབྱངས། འདུལ་བ་ལས་བཤད་པའི་གཎྜི་ནི། རྒྱུ་ཙན་ཏན་དང་། བིལ་བ་དང་། པ་ལཱ་ཤ་དང་། ཙན་ཏན་དམར་པོ་དང་། སྟར་བུ་ལ་སོགས་ལས་བཟོས་པའི་སྲིད་དུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག དཔངས་སུ་སོར་གཉིས། ཟུར་བཞིར་བརྒྱད་བཞོགས་སོར་གཉིས་གཉིས་དང་ལྡན། རྩེ་མ་གཉིས་སྤལ་བའི་མགོ་ལྟ་བུའི་རོལ་ཆས་ཤིག དེ་བརྡུངས་བའི་སྒྲ་ནི་དགེ་འདུན་བསྡུ་བའི་བརྡ་སྤྲོད་བྱེད་དུ་བྱས་པའོ། །

38.མི་བརྗེད་པའི་གཟུངས། སྦྱངས་བའི་ཡོན་ཏན་ནམ་ཡང་མི་བརྗེད་པའི་དངོས་གྲུབ་ཐོབ་པ།

39.བསླབ་པ་ཀུན་ལས་བཏུས་པ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་། ལམ་འབྲས་སྟོན་པའི་བསྟན་བཅོས་ཤིག

40.མདོ་ཀུན་ལས་བཏུས་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་བསླབ་བྱའམ་སྤྱོད་པ་གཙོ་བོར་སྟོན་པའི་བསྟན་བཅོས་ཤིག བམ་པོ་ལྔ། རྒྱ་གར་གྱི་མཁན་པོ་ཛི་ན་མ་ཏྲ་དང་ཤྲཱི་ལེནྡྲ་བོ་ངྷི་དང་། བོད་ཀྱི་ལོ་ཙཱ་པ་བནྡེ་ཡེ་ཤེས་སྡེའི་འགྱུར།

41.སྤོང་ཁང་། ཆོས་པའི་མཚམས་ཁང་ངམ་སྒོམ་ཁང་།

42.ཡིད་གཉིས། ཐེ་ཚོམ་མམ་སོམ་ཉི།

43.རྒན་ལས་ཐོས། ལྷའི་དབང་བོ་བརྒྱ་བྱིན་གྱི་མིང་གི་རྣམ་གྲངས། 《རྣ་རྒྱན》ལས་རྒན་ལས་ཉན་ཞེས་ཟེར།  

44.བདག་སྐྱེས། ཆང་དང་ཕྲུ་གུ་དང་བྲམ་ཟེ་དང་ཚངས་པ་བཅས་དོན་དུ་མ་འཇུག་འདིར་ཚངས་པའོ། །

45.སྦྲང་རྩིའི་བུ། ལྷ་ཁྱབ་འཇུག་གི་མིང་གི་རྣམ་གྲངས།

46.ཁྲུང་ཁྲུང་འཇོམས། ལྷ་དབང་ཕྱུག་གི་བུ་ཆུང་བ་གཞོན་ནུ་གདོང་དྲུག་སྟེ། ལྷ་མ་ཡིན་ཁྲུང་ཁྲུང་བསད་པས་མིང་འདི་བཏགས་སོ། །

47.ཡུལ་མ་ག་ངྷ། རྒྱ་གར་གྱི་ཡུལ་ཞིག བསྒྱུར་ན་ཡུལ་དབུས་སམ་ལྟེ་བ་ཞེས་པ་སྟེ། འདི་ལ་ཁ་ཅིག་གིས་བྱང་འཛིན་དང་། འགའ་ཞིག་གིས་ཉམས་དགའ་ཞེས་བསྒྱུར་ཀྱང་། ཕལ་ཆེ་བ་ནི་དབུས་འགྱུར་འཆང་ཞེས་བསྒྱུར་པ་ཡིན།

48.བརྟན་གཡོ། བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་སེམས་ཅན།

49.ཡིད་སྲུབས་བདག་པོ། འདོད་ལྷ།

50.ཀྱི་ཧུད་ཀྱི་ཧུད། སྡུག་བསྔལ་ལམ། མྱ་ངན་བྱེད་པའི་ཚིག

51.ཆ་ཤས་ཅན། འདིར་ཟླ་བའོ། །

52.འཚོ་བ་མ་ཕྱིད་པ། འཚོ་བའི་ཐབས་བྲལ་བ། འཚོ་བ་མི་འཁྱོལ་བ།

53.རྟེན་འབྱུང་རིགས་ཚུལ། རྟེན་འབྱུང་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་བསྡུས་ཚིག རྟེན་འབྱུང་རིགས་ཚུལ་ནི་མ་རིག་པ་ལ་བལྟོས་ནས་འདུ་བྱེད་སོགས་རྟེན་འབྲེལ་འབྱུང་བར་རིགས་པ་སྟེ་ལྟོས་གྲུབ་ཀྱི་རིགས་པའོ། །

54.ངན་ཡང་བླའི། ངན་ཡང་ཆོག་ཅེས་པ་ཡིན་ལ། ཐ་མའི་འབྲེལ་སྒྲ་ནི་ཚིག་གི་འཇོག་མཚམས་སྟོན་པའོ། །

55.རྡོ་རྗེ་ཅན། རྡོ་རྗེ་འཆང་དང་། ཕྱག་རྡོར་དང་། བརྒྱ་བྱིན་བཅས་དོན་དུ་མ་ལ་འཇུག་མོད་འདིར་བརྒྱ་བྱིན་ནོ། །

56.སྣོད་དུ་རུང་བ། དགེ་བའི་ཆོས་ཀྱི་སྣོད་བྱེད་ཆོག་པ་ཞེས་པ་སྟེ། 《བཞི་བརྒྱ་པ》ལས། གཟུར་གནས་བློ་ལྡན་དོན་གཉེར་བ། ། ཉན་པོ་སྣོད་ཅེས་བྱ་བར་བཤད། ཅེས་གསུངས་བ་ལྟར་རོ། །

57.བསོད་ནམས་ཀྱི་ཞིང་། ཡོན་གནས་ཕྱག་བྱའི་ཡུལ།

58.ཁྲུད་མ་ཕོ་བའི་ཚིགས་མ། བཀྲུ་བཤལ་བྱས་པའི་དྲི་མ་ཅན་གྱི་ཆུ་སྙིགས་མ།

59.འབྲེལ་བྲལ། འབྲེལ་བ་མེད་པ་སྟེ། འབྲལ་མེད་དོན་གཞན་ནམ། སྔ་ཕྱིའི་སྦྱོར་མཚམས་ཀྱི་རྒྱུན་དང་བྲལ་བ།

60.དུས་ཀྱི་འཐོར་བྱེད། ཕྱི་སྣོད་ཀྱི་འཇིག་རྟེན་བསྐལ་པའི་མཐར་འཇིག་པར་བྱེད་པའི་འཐོར་རླུང་དྲག་པོ།

61.མགྲིན་སྐྱེས། ལེགས་བཤད་དམ་གླུ་དབྱངས།

62.ཀུན་ཏུ་བཟང་པོའི་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པའམ། ཕྱོགས་ཐམས་ཅད་ནས་དགེ་བའི་ལས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་སྤྱོད་པ།