འགྲེལ་སྒྱུར།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-01-25 16:43ལ་འགྲུབ།

འགྲེལ་སྒྱུར།

འགྲེལ་བཤད་རང་བཞིན་གྱི་ཐབས་ལ་བརྟེན་ནས་བསྒྱུར་བྱ་གང་གི་ནང་དོན་དེ་མཚོན་པར་བྱེད་པའི་སྒྱུར་ཐབས་ཤིག་སྟེ། སྒྱུར་ཐབས་འདི་ནི་སྐད་རིགས་གཉིས་ཀྱི་མིང་བརྡ་ཕན་ཚུན་ཆ་མཚུངས་སུའམ་ཁ་གཏད་དུ་སྒྱུར་ཐབས་མེད་པ་དང་། སྒྲ་སོར་འཇོག་བྱས་ཀྱང་དོན་གསལ་བོར་མི་འཁྲོལ་བའི་སྐབས་སུ་དམིགས་བསལ་དུ་སྤྱོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
解译 或 解释法
1 ​འགྲེལ་སྒྱུར།

འདི་ནི་འགྲེལ་བཤད་རང་བཞིན་གྱི་ཐབས་ལ་བརྟེན་ནས་བསྒྱུར་བྱ་གང་གི་ནང་དོན་དེ་མཚོན་པར་བྱེད་པའི་སྒྱུར་ཐབས་ཤིག་སྟེ། སྒྱུར་ཐབས་འདི་ནི་སྐད་རིགས་གཉིས་ཀྱི་མིང་བརྡ་ཕན་ཚུན་ཆ་མཚུངས་སུའམ་ཁ་གཏད་དུ་སྒྱུར་ཐབས་མེད་པ་དང་། སྒྲ་སོར་འཇོག་བྱས་ཀྱང་དོན་གསལ་བོར་མི་འཁྲོལ་བའི་སྐབས་སུ་དམིགས་བསལ་དུ་སྤྱོད་པ་ཡིན། འདིར་གསལ་བཤད་ཀྱི་དཔེ་ཙམ་དྲངས་ན། དབྱིན་ཡིག་སྐད་ཀྱི“clone”ཞེས་པ་ནི་དེང་དུས་གསར་དུ་དར་བའི་སྐྱེ་འཕེལ་ལག་རྩལ་ཞིག་ལ་གོ་བ་དང་། དེའི་ཚིག་ངོས་ཀྱི་ནང་དོན་བསྒྱུར་བ་ཙམ་གྱིས་གོ་དོན་ཇི་བཞིན་མཚོན་མི་ནུས་པས་རྒྱ་ནག་སྐད་དུ“克隆”(无性繁殖技术)ཞེས་སྒྲ་ལྟར་བསྒྱུར་ནས་འགྲེལ་བཤད་གནང་ཡོད། དེ་བཞིན་དུ་བོད་རང་གི་སྐད་ཡིག་ཁྲོད་དུའང་དེའི་བསྟན་དོན་དང་མཚུངས་པའི་ཐ་སྙད་ཅིག་བྱུང་མེད་པ་དང་། སྒྲ་ལྟར་བསྒྱུར་ཡང་གོ་རྒྱུ་ཆེར་མེད་པས་འགྲེལ་བཤད་རང་བཞིན་གྱིས“ཁུ་ལོང་། ཕོ་མོའི་འཁྲུག་པ་ལ་མ་བརྟེན་པའི་སྐྱེ་འཕེལ་ལག་རྩལ་ཞིག”ཅེས་མི་བསྒྱུར་ཐབས་མེད་ཡིན་པ་ལྟ་བུ་དང་། ཡང་སྐབས་ལ་ལར་མ་ཡིག་གི་བསྟན་དོན་ཇེ་གསལ་དུ་གཏོང་ཆེད་འགྲེལ་བསྒྱུར་བྱས་པའང་ཡོད་དེ། དཔེར་ན།  “三世如来”ལ“འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ”ཞེས་འགྲེལ་བཤད་རང་བཞིན་གྱིས་བསྒྱུར་བ་ལྟ་བུའོ།།

ཡང་རྒྱ་བོད་མི་རིགས་གཉིས་ཀྱི་འཚོ་བའི་ཁོར་ཡུག་དང་སྤྱི་ཚོགས་ལོ་རྒྱུས། རིག་གནས་རྒྱབ་ལྗོངས་སོགས་མི་འདྲ་བའི་དབང་གིས་མི་རིགས་ཤིག་ལ་བྱུང་བའི་མིང་རྣམས་ཅིག་ཤོས་ལ་ཇི་བཞིན་བྱུང་ཡོད་པའི་ངེས་པ་མེད་པས། དེའི་རིགས་བསྒྱུར་བ་ལ་སྐབས་ལ་ལར་འགྲེལ་སྒྱུར་གྱི་ཐབས་འདི་སྤྱོད་རུང་སྟེ། དཔེར་ན། བོད་མི་རིགས་ལ་རང་གི་ཐུན་མོང་མ་ཡིན་པའི་འཚོ་བའི་ཁོར་ཡུག་ལས་བྱུང་བའི་ཕྱུགས་ལས་སྐོར་གྱི་ཐ་སྙད་དེ། རྟེའུ། ཐོ་རུ། སྒྱེའུ། ཕོག་བཞི། ན་སོ་གཅིག་པ། ན་སོ་གཉིས་པ་ལྟ་བུ་སོགས་ནི་རྒྱ་ནག་སྐད་དུ་ཇི་བཞིན་སྦྱོར་མི་ནུས་པས་འགྲེལ་བཤད་རང་བཞིན་གྱིས་བསྒྱུར་ཡོད་དེ། རྟེའུ། 一 一岁公马ཐོ་རུ། 一两岁公马བེའུ།一一岁牛犊ཕོ་བེའུ། 一 一岁公犊མོ་བེའུ། 一岁母犊  ཕོ་ཡར། 一二岁公犊མོ་ཡར། 一二岁母犊ཞེས་བསྒྱུར་བྱ་དེའི་མཚོན་དོན་གང་ཉིད་འགྲེལ་བཤད་རང་བཞིན་གྱིས་རང་སྐད་ལ་ངོ་སྤྲོད་བྱས་པ་ལྟ་བུས་རིགས་བསྒྲེའོ།། ཡིན་ནའང་འདིར་ངེས་པར་རྟོགས་དགོས་པ་ཞིག་ལ། ལོ་ཙཱའི་ལས་འགན་ནི་མ་ཡིག་གང་གི་ནང་དོན་ལ་འགྲེལ་བ་བྱེད་པ་མ་ཡིན་པར་མིང་བརྡ་དང་ཚིག་སྦྱོར་ཕན་ཚུན་བར་ཁ་གཏད་ཀྱི་སྒྱུར་སྟངས་འཚོལ་བ་སྟེ། བསྒྱུར་བྱའི་དོན་ཇི་བཞིན་མཚོན་ནུས་པའི་སྒྱུར་བྱེད་སྐད་ཀྱི་མིང་བརྡ་དང་ཚིག་སྦྱོར་སྤྱོད་པ་ལས། བཀྲལ་ནས་བསྒྱུར་རྒྱུ་ནི་ཐབས་སྡུག་གི་ལས་སུ་ཟད་པས་ལན་རེར་མ་གཏོགས་མི་སྤྱོད་པ་གལ་ཆེའོ།།