སྒྲ་སྒྱུར་ཞེས་པ་ནི་བསྒྱུར་བྱ་གང་གི་སྒྲ་དོན་ཇི་ལྟ་བ་བཞིན་གཞན་དུ་མ་བསྒྱུར་བར་སྒྱུར་བྱེད་སྐད་དུ་ཇི་བཞིན་སོར་འཇོག་བྱས་པ་ལ་བྱ་སྟེ། གནའ་དུས་སུ་ལེགས་སྦྱར་སྐད་ཇི་བཞིན་བོད་རང་གི་ཡི་གེར་ཕབ་སྒྱུར་བྱས་པ་ཡིན་ཙ་ན་དེ་ལ་སྒྲ་རང་སོར་འཇོག་པ་ཞེས་བརྗོད་པ་ཡིན། རྒྱ་གར་ལེགས་སྦྱར་སྐད་ཇི་བཞིན་བོད་དུ་སོར་འཇོག་བྱེད་པ་ལ<<སྒྲ་སྦྱོར་བམ་གཉིས>>ལས་རིགས་བཞི་ཙམ་བསྟན་ཡོད་པ་གོང་དུ་བརྗོད་ཟིན་པ་ལྟར་དང་། གཞན་དུ་ན་སྒྲ་སྒྱུར་བྱེད་པའི་ཐབས་ལམ་འདི་ཡང་ཕྱིས་ཀྱི་ལག་ལེན་ཁྲོད་དུ་རིགས་འགའ་ཤས་སུ་གྱེས་ཡོད་དེ། གཤམ་དུ་རེ་རེ་བཞིན་ངོ་སྤྲོད་ཙམ་བྱས་ན།
བསྒྱུར་བྱ་གང་དེའི་སྒྲའི་ཀློག་སྟངས་ལྟར་སྒྱུར་བྱེད་སྐད་ཀྱིས་ཧྲིལ་པོར་མཚོན་པར་བྱེད་པ་སྟེ། སྒྱུར་ཐབས་འདི་ནི་གང་ཟག་གི་མིང་དང་ས་ཆའི་མིང་། ལས་གནས་དང་སྒྲིག་འཛུགས་ཀྱི་མིང་། གཞན་ཡང་དེང་དུས་ཚན་རྩལ་སྐོར་གྱི་ཆེད་ལས་བརྡ་ཆད་སྐོར་ཞིག་བཅས་ནི་ནང་དོན་བཞིན་སྒྱུར་ཐབས་མེད་པའམ་ཡང་ན་བསྒྱུར་ཡང་གོ་ལོག་ཐེབས་སྲིད་པས། དེ་དག་གི་མིང་རྣམས་སྒྲ་ཇི་བཞིན་བསྒྱུར་དགོས་ཏེ། དཔེར་ན། 马克思一མར་ཁེ་སི། 列宁一ལེ་ཉིན། 雷锋一ལེ་ཧྥེང་། 毛泽东一མའོ་ཙེ་ཏུང་། 牛顿一ཉིའུ་ཏུན། 拿破仑一ན་ཕོ་ལུན། 上海一ཧྲང་ཧའེ། 台湾一ཐའེ་ཝན། 重庆一ཁྲུང་ཆིན། 总理一ཙུང་ལི། 书记一ཧྲུའུ་ཅི། 总统一ཙུང་ཐུང་། 安培一ཨན་ཕེ། 伏特一ཧྥུ་ཐེ། ཞེས་བསྒྱུར་བྱ་གང་གི་སྒྲ་ཡོངས་སུ་སྒྱུར་བྱེད་སྐད་དུ་ཇི་བཞིན་སོར་འཇོག་བྱས་པ་ལྟ་བུའོ།།
འདི་ནི་བསྒྱུར་བྱ་གང་དེའི་ཕྱེད་ཀ་ཙམ་སྒྲ་ཇི་བཞིན་བསྒྱུར་བ་དང་ཕྱེད་ཀ་བརྗོད་བྱའི་བསྟན་དོན་བཞིན་བསྒྱུར་བ་སྟེ་སྒྲ་དོན་འདྲེས་སྒྱུར་བྱས་པ་ལ་གོ་དགོས། དེ་ཡང་གང་ཟག་དང་ས་ཆ་ཁ་ཤས་ཀྱི་མིང་སྒྲ་དོན་བཤད་དུ་ཡོད་པའི་རིགས་དང་། གཞན་ཡང་ཚན་རྩལ་བརྡ་ཆད་སྐོར་ཞིག་ནི་སྒྱུར་ཐབས་འདི་ལ་བརྟེན་ནས་རང་སྐད་དུ་མཚོན་པར་བྱེད་དགོས་ཏེ། དཔེར་ན། 唐朝一ཐང་རྒྱལ་རབས། 伊斯兰教一དབྱི་སི་ལན་ཆོས་ལུགས།共产主义一གུང་ཁྲན་རིང་ལུགས།北美洲一མེ་གླིང་བྱང་མ།多瑞河一དོ་ནོ་གཙང་བོ། 安培秒一ཨན་ཕེ་སྐར་ཆ།豹子头林冲一གཟིག་མགོ་ཅན་ལིན་ཁྲུང་། ལྟ་བུ་སོགས་སོ།།
ཡང་སྐབས་འགའ་ཞིག་ཏུ་སྒྲ་ཁོ་ན་བསྒྱུར་བ་ཙམ་གྱིས་རང་སྐད་དུ་ད་དུང་ཅི་ཡིན་གསལ་པོ་ཞིག་མི་འཐོན་པས། དེ་ལ་ནི་སྒྲ་རང་སོར་བཞག་པའི་རྨང་གཞིའི་སྟེང་མིང་གཅིག་བླ་ཐབས་སུ་སྣོན་པ་སྟེ། བྱ་དངོས་གང་གི་རིགས་སུ་གཏོགས་པ་དེའི་མིང་གཅིག་སྔ་ཕྱིར་གང་རུང་ལ་བསྣན་ཏེ། འགྲེལ་བཤད་ཀྱི་ཚུལ་དུ་བསྒྱུར་བ་ཡིན། དཔེར་ན། 克林顿一ཙུང་ཐུང་ཁི་ལིན་ཏུང་། 秦始皇一གོང་མ་ཆིན་ཧྲི་ཧོང་། 唐僧一ཐང་སིན་བླ་མ། 韩国一ཧན་གོ་རྒྱལ་ཁབ། 渤海一པའོ་ཧེ་རྒྱ་མཚོ། 泰山一རི་བོ་ཐའེ་ཧྲན། 象棋一མིག་མངས་ཞང་ཆི། ཞེས་པ་ལྟ་བུ་སོགས་ཀྱིས་རིགས་བསྒྲེས་སོ།།
ཡང་སྐབས་ལ་ལར་སྒྲ་བསྒྱུར་བའི་རྨང་གཞིའི་སྟེང་དོན་ཡང་ཕྱོགས་ཙམ་མཚོན་ནུས་ཏེ། དཔེར་ན། “菜刀”ལྟ་བུ་ལ་སྔོ་ཚལ་གྱི་རིགས་གཏུབ་པར་བྱེད་པས་ན“ཚལ་གཏུབ”ཅེས་དང་། དེ་བཞིན་དུ“图腾”ལ་“ཐོབ་གདེང་”“迪斯科”ལ“ཟློས་སུ་ཁོད”། “企鹅”ལ“བྱ་ཁྱེའུ”ཞེས་སོགས་བསྒྱུར་བྱ་གང་གི་སྒྲ་བསྒྱུར་བའི་རྨང་གཞིའི་སྟེང་བསྟན་དོན་ཡང་ཕྱོགས་ཙམ་མཚོན་པར་བྱས་ཡོད། ཡིན་ཡང་ལག་ལེན་ཁྲོད་དུ་སྒྱུར་ཐབས་འདིའི་རིགས་སྤྱོད་རུང་བའི་སྐབས་ཧ་ཅང་ཉུང་ངོ་།།