ལ་མོ་བདེ་ཆེན་ཆོས་འཁོར་གླིང་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་མཁར་ནས་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ15མཚམས་ནང་ཁོག་ཡུལ་ཚོ་རུ་གནས་ཤིང་། དགོན་པ་འདི་ནི་ལ་མོ་ཞབས་དྲུང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྤྱི་ལོ(1682)ཕྱག་བཏབ་པ་དང་། རྗེས་སུ་གོང་མ་ཁང་ཞིས་དགེ་ཚོགས་གླིང་ཞེས་པའི་ཙིས་པན་གནང་། ལ་མོ་བདེ་ཆེན་གྱི་མ་དགོན་ནི་རྨ་མགུར་རྣམ་རྒྱལ་གླིང་ཡིན་ལ། ལ་མོ་བདེ་ཆེན་དགོན་ཕྱག་བཏབ་རྗེས་རིམ་བཞིན་འཕེལ་རྒྱས་སུ་སོང་སྟེ་ལོ་རྡོ་རྗེ་བྲག་དང་། གྱེར་སྟེང་། རྔ་བ། གཅན་ཚའི་སྒར་ཁ། གསང་འབྲོག་དགོན་སོགས་ཀོའུ་བ་དགོན་པ་ཕུད་པའི་གཅན་ཚ་རྫོང་ཁོངས་གཏོགས་ཀྱི་དགོན་པ་ཡོངས་དང་། ད་ལྟའི་ཁྲི་ཀ་རྫོང་ཁོངས་སུ་ཡོད་པའི་གཤོང་མོ་ཆེའི་དགོན། མང་ར་རྫོང་ཁོངས་སུ་ཡོད་པའི་ཐར་ཤུལ་དགོན། མཚོ་བྱང་ཁུལ་དུ་གཏོགས་པའི་མདའ་བཞི་སྒར་ཐོག་སོགས་དགོན་མ་ལག་ཉི་ཤུ་རྩ་ལྔ་ཡོད་པ་ད་ལྟའང་ཆོས་འབྲེལ་ཟམ་མ་ཆད་པར་ཡོད་དོ༎ ལ་མོ་བདེ་ཆེན་དགོན་ནི་མདོ་སྨད་ཀྱི་དགོན་སྡེ་ཁག་ལས་ལྷ་ཁང་དང་རྟེན་རྫས་ཐད་ནས་གནའ་བོའི་དུས་ནས་སྐད་གྲགས་ཆོད་པས་ངག་རྒྱུན་དུ་བླ་བྲང་དགོན་པ་ཆོས་ཀྱི་མཛོད། ལ་མོ་བདེ་ཆེན་རྟེན་གྱི་མཛོད་ཅེས་གསུངས་ཚུལ་ཡོད། གཞན་དགོན་པ་འདིར་ད་དུང་མགོན་པོ་རྡོ་རྗེའི་འཆམ་ཞིག་ཀྱང་འཆམ་ཚུལ་ཡོད།