རླབས་ཕྲེང་གཉིས་སྨྱན་རྫས་རིགས་གཅིག་གི་ཁྲོད་ཁྱབ་སྤེལ་བྱེད་སྐབས། གལ་ཏེ་གནས་ཤིག་ཏུ་ཕན་ཚུན་འཕྲད་ན། ཕན་ཚུན་འཕྲད་པའི་གནས་ཀྱི་སྤུས་ཚེག་གི་འདར་འགུལ་ནི་དེ་དག་གིས་བསླངས་པའི་འདར་འགུལ་གྱི་བསྲེས་གྲུབ་ཡིན་འོས། སྤུས་ཚེག་སོ་སོ་དོ་མཉམ་གནས་ས་དང་ཁ་བྲལ་བའི་གནས་སྤོ་ནི་རླབས་ཕྲེང་གཉིས་ཀྱིས་གནས་དེ་རུ་བསླངས་པའི་གནས་སྤོ་ཡི་ཕྱོགས་ཚད་སྡོམ་ཡིན་ལ། གལ་ཏེ་རླབས་ཕྲེང་གཉིས་ཆ་རྐྱེན་ངེས་ཅན་ཞིག་དང་མཐུན་པ་ཡིན་ན།འཕྲུལ་ཆས་རླབས་ལ་མཚོན་ན་སྨྱན་རྫས་ཁྲོད་ཀྱི་གནས་ཁ་ཤས་ཀྱི་འདར་འགུལ་ཇེ་དྲག་དང་གནས་གཞན་པ་ཁ་ཤས་ཀྱི་འདར་འགུལ་ཇེ་ཞན་དུ་འགྱུར། འོད་རླབས་ལ་མཚོན་ན་རླབས་ཕྲེང་གཉིས་ཕན་ཚུན་འཕྲད་པའི་གནས་སུ་གནས་ས་ཁ་ཤས་ཀྱི་འོད་ཅུང་དྲག་ལ་གནས་ས་གཞན་པ་ཁ་ཤས་ཀྱི་འོད་ཅུང་ཞན། སྣང་ཚུལ་རིགས་འདིར་རླབས་ཀྱི་རྐྱེན་ཐེབས (interference)ཟེར། རྐྱེན་ཐེབས་ཀྱི་གྲུབ་པའི་གསལ་མུན་སྤེལ་མའི་ཤད་རིས་ལ་རྐྱེན་ཐེབས་ཤད་རིས (interference fringe)ཟེར། འཕྲུལ་ཆས་རླབས་ཀྱི་རྐྱེན་ཐེབས་ལ་ཅུང་སླ་མོ་སྒོ་ནས་ལྟ་ཞིབ་བྱེད་ཐུབ། དཔེར་ན་ཆུ་ནང་དུ་དུས་མཚུངས་སུ་རྡོ་གཉིས་འཕངས་ཏེ་བསླངས་པའི་རླབས་ཕྲེང་གཉིས་ཀྱི་རྐྱེན་ཐེབས་ལྟ་བུ། ཟློས་ཕྱོད་མཚུངས་པའི་སྒྲ་ཚེབ་གཉིས་ཁང་ནང་དུ་འདར་འགུལ་བྱེད་སྐབས། ང་ཚོས་བར་སྟོང་གི་གནས་ཁ་ཤས་ཀྱི་སྒྲའི་འདར་འགུལ་ཐོག་མཐའ་བར་གསུམ་དུ་ཧ་ཅང་དྲག་པ་དང་གནས་གཞན་པ་ཁ་ཤས་ཀྱི་འདར་འགུལ་ཀྱི་ཐོག་མཐའ་བར་གསུམ་དུ་ཧ་ཅང་ཞན་པའི་མཚན་འཇལ་ཐུབ། འོན་ཀྱང་འོད་རླབས་ལ་མཚོན་ནས་བཤད་ན། འོད་ཁུངས་གཉིས་ཀྱི་དབྱིབས་དང་ཆེ་ཆུང་། འོད་འཕྲོ་བའི་དྲག་ཚད་སོགས་ཡོངས་རྫོགས་འདྲ་བ་ཡིན་རུང་བརྟན་བརླིང་ཡིན་ཞིང་མིག་གིས་ལྟ་ཞིབ་བྱེད་ཐུབ་པའི་རྐྱེན་ཐེབས་སྣང་ཚུལ་ཞིག་ད་དུང་འབྱུང་མི་ཐུབ། རྒྱུ་མཚན་ནི་སྤྱིར་བཏང་གི་འོད་ཁུངས་ལས་འཕྲོ་བའི་འོད་ནི་མ་རྡུལ་འབོར་ཆེན་གྱིས་འདོན་པའི་ཕན་ཚུན་འབྲེལ་བ་མེད་པའི་ཚད་ཡོད་རིང་བའི་རླབས་རབ་དང་རིམ་པ་ཞིག་གིས་གྲུབ་པ་ཡིན་ལ། དེ་དག་ཕན་ཚུན་སྒེར་ཚུགས་ཡིན་ཞིང་དུས་ནམ་ཡང་སྲོལ་མེད་ཀྱི་འགྱུར་ལྡོག་བྱེད་པ་མ་ཟད། འགྱུར་ལྡོག་རིགས་འདི་ང་ཚོས་ལྟ་ཞིབ་དང་ཡང་ན་ཚད་འཇལ་བའི་དུས་ཚོད་ནང་ཕལ་ཆེར་ཚད་མེད་མང་བ་རེད། དེའི་རྐྱེན་གྱིས་ང་ཚོས་མཐོང་བ་ནི་རྐྱེན་ཐེབས་ཀྱི་མཇུག་འབྲས་མིན་པར་འོད་ཆུན་གཉིས་ཀྱི་དྲག་ཚད་སྡོམ་ཡིན། དེ་བས་སྤྱིར་བཏང་འོད་ཁུངས་ལས་འཕྲོ་བའི་འོད་ཀྱིས་བརྟན་བརླིང་གི་རྐྱེན་ཐེབས་ཤད་རིས་འབྱུང་མི་ཐུབ།
རླབས་འགུལ་གཞུང་ལུགས་ཀྱིས་སྟོན་པ་སྟེ། ཟློས་ཕྱོད་འདྲ་བ་དང་འདར་འགུལ་ཁ་ཕྱོགས་འདྲ་བ། གཏན་ཁེལ་གྱི་གནས་མཚན་ཁྱད་ཡོད་པའི་འོད་ཁུངས་གཉིས་ལས་འཕྲོ་བའི་འོད་རླབས་ཀྱིས་ད་གཟོད་བརྟན་བརླིང་ཡིན་ཞིང་མིག་གིས་ལྟ་ཞིབ་བྱེད་ཐུབ་པའི་རྐྱེན་ཐེབས་སྣང་ཚུལ་འབྱུང་ཐུབ།འདི་ལྟ་བུའི་འོད་ཁུངས་ལ་རྐྱེན་ལྡན་འོད་ཁུངས(coheren source)ཟེར།
རྐྱེན་ལྡན་འོད་ཁུངས་ལས་འཕྲོ་བའི་འོད་ལ་རྐྱེན་ལྡན་འོད(coherent light) ཟེར། བརྟན་བརླིང་གི་རྐྱེན་ཐེབས་སྣང་ཚུལ་ཞིག་འབྱུང་དགོས་ན་ངེས་པར་དུ་རྐྱེན་ལྡན་འོད་ཁུངས་སྤྱོད་དགོས།
ང་ཚོས་མིས་བཟོས་བྱེད་ཐབས་སྤྱད་དེ་འོད་ཁུངས་གཅིག་པའི་གནས་གཅིག་པ་ལས་འཕྲོ་བའི་འོད་དེ་ཆུན་པོ་གཉིས་སུ་བགོས་ནས་དེ་དག་ལམ་ཐིག་མི་འདྲ་བ་བརྒྱུད་དེ་ཁྱབ་སྤེལ་བྱེད་དུ་འཇུག་པ་དང་། དེ་རྗེས་ཡང་བསྐྱར་འོད་ཆུན་གཉིས་ཕན་ཚུན་འཕྲད་དུ་བཅུག་ན་འོད་ཀྱི་རྐྱེན་ཐེབས་མངོན་འགྱུར་བྱེད་ཐུབ། རྒྱུ་མཚན་ནི་འོད་ཁུངས་ཁྲོད་ཀྱི་མ་རྡུལ་དང་ཡང་ན་ཆ་རྡུལ་གྱིས་འཕྲོ་བའི་འོད་རླབས་གཅིག་ཆུན་པོ་གཉིས་སུ་བགོས་རྗེས་དེ་དག་སྔར་བཞིན་འོད་ཁུངས་གཅིག་ལས་ཐོན་པ་ཡིན་པས་ཟློས་ཕྱོད་འདྲ་བ་དང་འདར་འགུལ་ཁ་ཕྱོགས་འདྲ་བ། གནས་མཚན་ཁྱད་རྟག་བརྟན་ཡིན་པ་བཅས་ཀྱི་ཆ་རྐྱེན་འཛོམས་པས་རྐྱེན་ལྡན་འོད་ཁུངས་ཡིན་པ་མ་ཟད་རྐྱེན་ཐེབས་སྣང་ཚུལ་འབྱུང་ཐུབ། འོད་ཁུངས་གཅིག་པ་སྤྱད་དེ་རྐྱེན་ལྡན་འོད་ཐོབ་པར་སྤྱིར་བཏང་དུ་བྱེད་ཐབས་རིགས་གཉིས་ཡོད་དེ། གཅིག་ནི་རླབས་མདུན་བགོ་གཅོད་བྱེད་པའི་ཐབས་ཡིན་ལ་དཔེར་ན་ཡང་མིང་སྲུབས་ཟུང་དངོས་བཤེར་ལྟ་བུ། ཅིག་ཤོས་ནི་འདར་ཁོད་བགོ་གཅོད་བྱེད་པའི་ཐབས་ཡིན་ལ་དཔེར་ན་སྲབ་སྐྱི་རྐྱེན་ཐེབས་ལྟ་བུ།
བརྟན་བརླིང་དང་མངོན་གསལ་ཡིན་པའི་རྐྱེན་ཐེབས་སྣང་ཚུལ་ཞིག་འབྱུང་དགོས་ན་རྐྱེན་ལྡན་ཆ་རྐྱེན་འཛོམས་དགོས་པ་མ་ཟད། ད་དུང་འོད་ཆུན་གཉིས་ཀྱི་འོད་རྒྱང་ཁྱད་མི་ཆེ་བ་ཞིག་ཡིན་པ་ཁག་ཐེག་བྱེད་དགོས། གལ་ཏེ་འོད་རྒྱང་ཁྱད་ཆེ་ན་རླབས་ཆུན་གཅིག་སྨྱན་རྫས་ཁྲོད་ཀྱི་གནས་ཤིག་ཏུ་བརྒྱུད་ཟིན་རུང་རླབས་རུང་རླབས་ཆུན་ཅིག་ཤོས་ཁྲོད་ཀྱི་དེ་དང་མཐུན་པའི་འོད་རླབས་ད་དུང་སླེབས་མེད་པས་རླབས་ཕྲེང་གཉིས་གནས་དེ་རུ་འཕྲད་མི་ཐུབ་པས་རྐྱེན་ཐེབས་སྣང་ཚུལ་འབྱུང་མི་ཐུབ། ང་ཚོས་རྐྱེན་ཐེབས་འབྱུང་ཐུབ་པའི་ཆེས་རིང་བའི་འོད་རྒྱ་ཁྱད་ལ་རྐྱེན་ལྡན་རིང་ཚད(coherent length)ཟེར། འོད་ཁུངས་ཀྱི་མདོག་རྐྱང་རང་བཞིན་ཅི་ཙམ་བཟང་ནི་རྐྱེན་ལྡན་རིང་ཚད་དེ་ཙམ་རིང་། དཔེར་ན He-Ne སྐུལ་འོད་ཀྱི་རྐྱེན་ལྡན་རིང་ཚད་སྟོང་སྨི་བཅུ་ཕྲག་འགར་སླེབས་ཐུབ།