གཞི་རྒྱུ་རིགས་གང་རུང་ཞིག་གི་གནས་མཐུན་རྒྱུ་ཚང་མར་རྫས་འགྱུར་རང་བཞིན་འདྲ་མཚུངས་ཡོད་ལ། དེ་དག་གི་ལུས་ཁམས་ནང་གི་ཁྱབ་ཚུལ་དང་སྤོར་སྒྱུར། བརྗེ་ཚབ་སོགས་ཚང་མ་གཅིག་འདྲ་ཡིན། གལ་ཏེ་གཞི་རྒྱུ་རིགས་ཤིག་གི་ལུས་ནང་དུ་ཁྱབ་པའི་གནས་ཚུལ་ལ་ཞིབ་འཇུག་བྱེད་དགོས་ན། གཞི་རྒྱུ་རིགས་འདིའི་ཁྲོད་གཞི་རྒྱུ་འདིའི་འགྱེད་འཕྲོའི་ཉིང་རྒྱུ་ཉུང་ཙམ་སྲེ་ཆོག འགྱེད་འཕྲོའི་གཞི་རྒྱུ་འདི་དག་ལུས་ནང་དུ་བརྒྱུད་རིམ་སྣ་ཚོགས་ཀྱི་འགྱུར་ལྡོག་ཁྲོད་ཞུགས་པ་དང་། དེ་དག་གིས་གཏོང་བའི་འཕྲོ་ཐིག་ལ་བརྟེན་ནས་ལུས་ཕྱི་ནས་གཞི་རྒྱུ་འདིའི་རྗེས་ཤུལ་འཚོལ་ཞིབ་བྱེད་ཐུབ་པ་འདི་ནི་རྗེས་སྟོན་མ་རྡུལ་ཐབས་ཡིན།
དྲངས་པའི་འགྱེད་འཕྲོའི་ཉིང་རྒྱུ་ལ་རྗེས་སྟོན་མ་རྡུལ(tracer atom) ཟེར། གལ་ཏེ་འགྱེད་འཕྲོ་ཉིང་རྒྱུའི་རྟགས་བཀོད་པའི་སྨན་རྫས་ལུས་ནང་དུ་འདྲེན་པ་དང་། དེ་རྗེས་དེའི་ཁྱབ་ཚུལ་དང་མདོ་འདུས། འགྲོ་རྒྱུག་གི་ཚད་བཅས་ལ་འཚོལ་ཞིབ་བྱེད་པ་བརྒྱུད་དེ་ནད་རིགས་ཁ་ཤས་ལ་ངོས་འཛིན་པའི་གཞི་འཛིན་ས་བྱས་ཆོག གཤམ་དུ་ང་ཚོས་འགྱེད་འཕྲོའི་ཉིང་རྒྱུའི་འཚོལ་ཞིབ་དང་རྗེས་སྟོན་མ་རྡུལ་རྗེས་སྙེག་གི་བྱེད་ཐབས་མཚམས་སྦྱོར་བྱ་རྒྱུ།
འཚོལ་ཞིབ་དཔྱད་ཆས་བཀོལ་ནས་ལུས་ཐད་ཀར་རྗེས་སྟོན་མ་རྡུལ་གྱིས་ལུས་ནང་ནས་གཏོང་བའི་འཕྲོ་ཐིག་ཚད་འཇལ་བའི་བྱེད་ཐབས་ལ་སྟོན། དཔེར་ན། སྦྱིན་གཟུགས 198Au མི་ལུས་སུ་བཅུག་རྗེས། ཁྲག་གིས་སྐྱེལ་བ་བརྒྱུད་དེ་མཆིན་པའི་ནང་འདུ་བ་རེད། འོན་ཀྱང་མཆིན་པའི་སྐྲན་ནད་ཁུལ་དུ་ཞུགས་མི་ཐུབ། ལུས་ཕྱི་ནས198Auཡིས་གཏོང་བའིλའཕྲོ་ཐིག་ལས་དེ་མཆིན་པའི་ནང་ཁྱབ་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ། དེར་བརྟེན་ནས་མཆིན་པའི་སྐྲན་ནད་ཀྱི་གནས་ས་དང་ཆེ་ཆུང་ལ་རྡར་ཤ་གཅོད་ཐུབ།
བྱེད་ཐབས་རིགས་འདི་ནི་འགྱེད་འཕྲོའི་སྨན་རྫས་ལུས་ནང་དུ་འདྲེན་པ་དང་། དེ་རྗེས་དེའི་ཁྲག་དང་དྲི་ཆུ། དྲི་ཆེན་དང་ཡང་ན་གསོན་གཟུགས་ཕུང་གྲུབ་སོགས་དངོས་དཔེ་བླངས་ནས་དེའི་འགྱེད་འཕྲོའི་གྲུང་ཚད་ཀྱི་ཚད་འཇལ་བ་རེད། དཔེར་ན། འཚོ་རྒྱུB12ཡི་རྗེས་སྟོན་རྫས་ཁོང་བསྟེན་རྗེས། འཕུད་པའི་དྲི་ཆུའི་འགྱེད་འཕྲོའི་གྲུང་ཚད་འཇལ་བ་བརྒྱུད་དེ་བར་བརྒྱུད་སྒོས་ཕོ་རྒྱུ་ལམ་གྱིས་འཚོ་རྒྱུB12བསྡུ་ལེན་བྱེད་པའི་གནས་ཚུལ་རྒྱུས་ལོན་ཐུབ།
འགྱེད་འཕྲོའི་ཉིང་རྒྱུས་འཕྲོ་གཏོང་བྱེད་པའི་འཕྲོ་ཐིག་གིས་སྦྱིན་ཤོག་ལ་འོད་ཚོར་དུ་འཇུག་ཐུབ། དེའི་ཕྱིར་སྦྱིན་ཤོག་སྤྱད་དེ་འགྱེད་འཕྲོ་རང་བཞིན་འཚོལ་ཞིབ་དང་ཟིན་ཐོ་འགོད་ཐུབ། དེ་ནི་རྟགས་བཀོད་སྨན་རྫས་དང་ཡང་ན་བརྗེ་ཚབ་དངོས་ཀྱི་ལུས་ནང་གི་འགྲོ་ཕྱོགས་རྗེས་འདེད་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན། དཔེར་ན། ཕྲ་ཕུང་འགྱེད་འཕྲོ་རང་བཞིན་གྱི་དབྱང་དོར་ཉིང་ཧྭགས་ཉིང་སྐྱུར་འདུས་ཡོད་པའི་ཆུ་ནང་དུ་སྐྱེད་སྲིང་བྱས་ན། ཕྲ་ཕུང་ནང་གི་ཚོས་གཟུགས་ལ་འགྱེད་འཕྲོའི་ཉིང་རྒྱུའི་རྟགས་འགོད་ཐུབ་པ་དང་། འགྱེད་འཕྲོ་རང་སྟོན་བརྙན་བརྒྱུད་དེ་ཚོས་གཟུགས་ཁ་གྱེས་བརྒྱུད་རིམ་ཁྲོདDNAའགྱུར་ལྡོག་གི་གནས་ཚུལ་ཞིབ་ཕྲ་ལ་ལྟ་ཞིབ་བྱེད་ཐུབ།