འཁྱིལ་རྒྱུན།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-26 08:42ལ་འགྲུབ།

འཁྱིལ་རྒྱུན།

འཁྱིལ་རྒྱུན།
དཀྲིས་སྐུད་ནང་གི་གློག་རྒྱུན་དུས་ཚོད་དང་བསྟུན་ནས་འགྱུར་དུས། གློག་སྡུད་ལྟོས་འབྱུང་གི་དབང་གིས། ཉེ་ལོགས་ཀྱི་དཀྲིས་སྐུད་གཞན་དུ་ལྟོས་འབྱུང་གློག་རྒྱུན་འབྱུང་སྲིད། དོན་དངོས་སུ། དཀྲིས་སྐུད་འདིའི་ཉེ་འདབས་ཀྱི་འདྲེན་གཟུགས་གང་རུང་དུ་ལྟོས་འབྱུང་གློག་རྒྱུན་འབྱུང་བ་དེ་ལ་འཁྱིལ་འཁོར་གློག་རྒྱུན་ཟེར་ཞིང་། བསྡུས་ན་འཁྱིལ་རྒྱུན་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
涡流
ཕྱི་ཡིག་གི་མིང་།
eddy current
1 མདོར་བསྟན་པ།

དཀྲིས་སྐུད་ནང་གི་གློག་རྒྱུན་དུས་ཚོད་དང་བསྟུན་ནས་འགྱུར་དུས། གློག་སྡུད་ལྟོས་འབྱུང་གི་དབང་གིས། ཉེ་ལོགས་ཀྱི་དཀྲིས་སྐུད་གཞན་དུ་ལྟོས་འབྱུང་གློག་རྒྱུན་འབྱུང་སྲིད། དོན་དངོས་སུ། དཀྲིས་སྐུད་འདིའི་ཉེ་འདབས་ཀྱི་འདྲེན་གཟུགས་གང་རུང་དུ་ལྟོས་འབྱུང་གློག་རྒྱུན་འབྱུང་སྲིད། དཔེ་རིས་དང་པོའི་ནང་གི་ཚེག་ཐིག་གིས་མཚོན་པ་ལྟར་ཡིན། དཔེ་རིས་འདིར་བལྟས་ན། མཐོ་སྣང་དུ་ཆུ་འཁྱིལ་བ་དང་འདྲ་བས། དེ་ལ་འཁྱིལ་འཁོར་གློག་རྒྱུན་ཟེར་ཞིང་། བསྡུས་ན་འཁྱིལ་རྒྱུན་ཟེར།

གློག་རྒྱུན་གཞན་དག་དང་འདྲ་བར། ལྕགས་རིགས་ལེབ་མོའི་ནང་གི་འཁྱིལ་རྒྱུན་ལས་ཀྱང་ཚ་ཚད་འབྱུང་སྲིད། གལ་ཏེ་ལྕགས་རིགས་ཀྱི་གློག་གེགས་ཕྱོད་ཆུང་ན། འཁྱིལ་རྒྱུན་ཤིན་ཏུ་དྲག་པ་དང་། བྱུང་བའི་ཚ་ཚད་ཤིན་ཏུ་མང་།

.jpg

དཔེ་རིས་དང་པོ། དཀྲིས་སྐུད་ནང་གི་གློག་རྒྱུན་འགྱུར་དུས། འདྲེན་གཟུགས་ནང་དུ་འཁྱིལ་རྒྱུན་འབྱུང་སྲིད།

བསྲེས་ལྕགས་རྣོ་བཙོ་སྦྱོང་བྱེད་པའི་སྟོང་སངས་བཙོ་སྦྱོང་ཐབ་ཀྱི་ཕྱི་ན་དཀྲིས་སྐུད་ཡོད་ཅིང་། དཀྲིས་སྐུད་དུ་ཟློས་འགྱུར་གློག་རྒྱུན་བཏང་ན། ཐབ་ཀའི་ནང་གི་ལྕགས་རིགས་སུ་འཁྱིལ་རྒྱུན་འབྱུང་བ་དང་། འཁྱིལ་རྒྱུན་ལས་བྱུང་བའི་ཚ་ཚད་ཀྱིས་ལྕགས་རིགས་བཞུས་ཐུབ། འཁྱིལ་རྒྱུན་གྱིས་ལྕགས་རིགས་བཙོ་སྦྱོང་བྱེད་པའི་ལེགས་ཆ་ནི་གོ་རིམ་ཧྲིལ་བོ་སྟོང་སངས་ནང་དུ་བསྒྲུབས་པ་ཡིན་ལ། དེ་ལྟར་བྱས་ན་མཁའ་རླུང་ཁྲོད་ཀྱི་ལྷད་རྫས་ལྕགས་རིགས་ནང་དུ་འདྲེས་པར་སྔོན་འགོག་བྱས་ཏེ། སྤུས་དག་བསྲེས་ལྕགས་བཙོ་སྦྱོང་བྱེད་ཐུབ།

གློག་སྒུལ་འཕྲུལ་འཁོར་དང་གློག་གནོན་སྒྱུར་ཆས་གཉིས་ཀའི་དཀྲིས་སྐུད་དེ་ལྕགས་སྙིང་གི་སྟེང་དུ་དཀྲིས་ཡོད། དཀྲིས་སྐུད་དུ་འགྱུར་བཞིན་པའི་གློག་རྒྱུན་རྒྱུ་ན། ལྕགས་སྙིང་སྟེང་དུ་བྱུང་བའི་འཁྱིལ་རྒྱུན་གྱིས་ལྕགས་སྙིང་ངར་དུ་བཅུག་ནས། ནུས་ཚད་ཟད་གྲོན་བྱེད་པར་མ་ཟད། གློག་ཆས་ལ་ཆག་སྐྱོན་ཡང་བཟོ་སྲིད། དེའི་སྟབས་ཀྱིས་ང་ཚོས་འཁྱིལ་རྒྱུན་ཇེ་ཆུང་དུ་གཏོང་གང་ཐུབ་བྱ་དགོས་ཏེ། བྱེད་ཐབས་གཅིག་ནི་ལྕགས་སྙིང་རྒྱུ་ཆའི་གློག་གེགས་ཕྱོད་ཇེ་ཆེར་གཏོང་རྒྱུ་དེ་ཡིན། རྒྱུན་དུ་བཀོལ་བའི་ལྕགས་སྙིང་རྒྱུ་ཆ་ནི་སྭེལ་འདྲེན་རྣོ་ཡིན་ལ། དེའི་གློག་གེགས་ཕྱོད་ཅུང་ཆེ། བྱེད་ཐབས་གཞན་ཞིག་ནི་ཕན་ཚུན་འབྲེལ་གཅོད་ཡིན་པའི་སྭེལ་འདྲེས་རྣོ་ལེབ་བརྩེགས་ནས་གྲུབ་པའི་ལྕགས་སྙིང་གིས་སྭེལ་འདྲེས་རྣོ་ལྕགས་སྙིང་ཧྲིལ་བོའི་ཚབ་བྱེད་རྒྱུ་དེ་ཡིན།

.jpg

དཔེ་རིས་གཉིས་པ། སྟོང་སངས་བཞུ་ཐབ།

ས་འོག་འབར་མདེལ་འཚོལ་ཆས་ཀྱིས་འཁྱིལ་རྒྱུན་ལ་བརྟེན་ནས་བྱ་བ་བསྒྲུབས་པ་ཡིན། འཐབ་མོ་བའི་ལག་ཏུ་དཀྲིས་སྐུད་ཡུ་རིང་ཞིག་བཟུང་ནས་ས་ངོསསུ་གླན་ཏེ་འགྲོ་བ་དང་། དཀྲིས་སྐུད་དུ་འགྱུར་བཞིན་པའི་གློག་རྒྱུན་ཡོད། གལ་ཏེ་ས་འོག་ཏུ་ལྕགས་རིགས་དངོས་པོ་ཡོད་ན། ལྕགས་རིགས་སུ་འཁྱིལ་རྒྱུན་ལྟོས་འབྱུང་སྲིད་ལ། འཁྱིལ་རྒྱུན་གྱི་སྡུད་རས་ཕྱིར་དཀྲིས་སྐུད་ནང་གི་གློག་རྒྱུན་ལ་ཤུགས་རྐྱེན་བཟོས་ཏེ། དཔྱད་ཆས་ཀྱིས་ཉེན་བརྡ་གཏོང་སྲིད། ས་འོག་འབར་མདེལ་འཚོལ་ཆས་འདི་རིགས་ཀྱིས་ལྕགས་རིགས་ཕྱི་སྐོགས་ཅན་གྱི་ས་འོག་འབར་མདེལ་ལམ་ཡང་ན་ལྕགས་རིགས་ལྷུ་ལག་ཅུང་ཆེ་བས་གྲུབ་པའི་ས་འོག་འབར་མདེལ་འཚོལ་ཐུབ།

གནམ་གྲུ་འབབ་ཐང་དང་རླངས་འཁོར་ས་ཚིགས། བྱེད་སྒོ་སྤེལ་ཡུལ་གཙོ་བོའི་ཉེན་བཤེར་འགྲིམ་སྒོས་མིའི་ལུས་སྟེང་དུ་ཡོད་པའི་ལྕགས་རིགས་དངོས་པོ་འཚོལ་ཞིབ་བྱེད་ཐུབ་པའི་གནས་ལུགས་ཀྱང་དེ་འདྲ་ཡིན།