འབར་ཁམས་གྲོང་ཁྱེར།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 17:05ལ་འགྲུབ།

འབར་ཁམས་གྲོང་ཁྱེར།

འབར་ཁམས་གྲོང་ཁྱེར།
འབར་ཁམས་གྲོང་ཁྱེར་ནི་བོད་རིགས(རྒྱལ་རོང་བ)གཙོ་བྱས་པའི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན། འབར་ཁམས་ཞེས་པ་ནི་འབར་ཁམས་དགོན་པ་ཞེས་པ་ལས་མིང་ཐོགས་ཤིང་དར་ཞིང་རྒྱས་པའི་ཞིང་ཁམས་ཀྱི་དོན་ཡིན། མིང་དང་ཆིང་རྒྱལ་རབས་གཉིས་ཀྱི་སྐབས་སུ་སོ་མང་དང་ཅོག་ཙེ། རྫོང་འགག་དང་དམ་པ་སོགས་རྒྱལ་ཁག་བཞིའི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་དུས་སུ་ལིས་ཧྥན་རྫོང་ཏའོ་ཅེས་པའི་ཁོངས་སུ་གཏོགས། བཅིངས་འགྲོལ་མ་བཏང་སྔོན་དུ། ཅོག་ཙེ་རྒྱལ་བོའི་ཁོངས་སུ་གཏོགས་པའི་ས་ཆ་ཞིག་ཡིན། སི་ཁྲོན། ཀན་སུའུ། མཚོ་སྔོན་ཞིང་ཆེན་གསུམ་གྱི་བོད་རྒྱ་ཧུའེ་སོགས་མི་རིགས་ཀྱིས་ཕྱུགས་རིགས་དང་། ཇ། ཚྭ། རས། འབྲུ་རིགས། སྨན་རྫས་ལ་སོགས་རིགས་སྣ་ཚོགས་ཀྱི་ཉིན་མཁོའི་དངོས་རྫས་སྣ་མང་ཉོ་ཚོང་བྱེད་ས་ཞིག་ཡིན་པ་དང་། ཉེན་ཁར་མི་འཛེམ་པའི་ཚོང་བས་ཉལ་ཐ་དང་མེ་མདའ་སོགས་ལྐོག་ཚོང་བྱེད་ས་ཞིག་ཡིན་ལ། རྒྱལ་ཁག་བཞིའི་ཅུང་དར་ཞིང་རྒྱས་པའི་ས་ཁུལ་ཞིག་ཀྱང་ཡིན། སྤྱི་ལོ1935ལོར་ཀྲུང་གོ་བཟོ་ཞིང་དམར་དམག“རྒྱལ་ཁག་བཞིའི”ས་ཁུལ་ནང་ཞུགས་པས་གྲོང་གསེབ་སུའུ་ཝེ་ཨེད་སྲིད་དབང་ལས་ཁུངས་བཙུགས། སྤྱི་ལོ1951ལོར་ཞི་བདེའི་བཅིངས་འགྲོལ་བཏང་། སྤྱི་ལོ1953ལོར་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་འབར་ཁམས་དོན་གཅོད་ཁང་བཙུགས་པ་དང་། ད་དུང་སོ་མང་དང་། ཅོག་ཙེ། རྫོང་འགག དམ་པ་བཞིའི་མངའ་ཁོངས་སུ་ཆུས་ཀྱི་རིམ་པའི་མི་དམངས་སྲིད་གཞུང་བཙུགས། སྤྱི་ལོ1956ལོར་འབར་ཁམས་རྫོང་བཙུགས། སྤྱི་ལོ1991ལོར་གྲོང་རྡལ1དང་ཡུལ་ཚོ13གྲོང་སྡེའི་ཨུ་ཡོན་ལྷན་ཁང104སྡེ་ཁུལ་ཨུ་ཡོན་ལྷན་ཁང4ཡི་ཁོངས་སུ་གཏོགས། སྤྱི་ལོ2005ལོར་མངའ་འོག་ཏུ་འབར་ཁམས། ཅོག་ཙེ། རྫོང་འགག་བཅས་གྲོང་རྡལ3དང་། གྲོང་སྡེའི་ཨུ་ཡོན་ལྷན་ཁང104གྲོང་དམངས་ཚན་ཆུང234དང་སྡེ་ཁུལ་ཨུ་ཡོན་ལྷན་ཁང3བཅས་བཙུགས་ཡོད། སྤྱི་ལོ2015ལོ་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིད་མཐུན་ཐོབ་ནས་རྫོང་ནི་གྲོང་ཁྱེར་དུ་བསྒྱུར། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འབར་ཁམས་གནས་ཚུལ་དངོས་གཞིར་བཟུང་ནས་འཕེལ་རྒྱས་ཀྱི་ལམ་ལུགས་གསར་བ་སྤེལ་པས། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་རིགས་ཁག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马尔康市
ལ་ཏིང་གི་མིང་།
Abar khmas grong khyer
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཁོངས་སུ་གཏོགས།
ཁོངས་གཏོགས་ས་ཁུལ།
འབར་ཁམས་གྲོང་རྡལ་དང་ཅོག་ཙེ། རྫོང་འགག་གྲོང་རྡལ3དང་། སོ་མང་། བྲག་བར། དམ་པ། འབྲོང་རྫོང་། ཀྱོམ་ཀྱོ  གསར་རྫོང་། ད་ཚང་། གདོང་བརྒྱད། ཚོ་བདུན། རྫོང་འབུར།  ཁང་སར་བཅས་ཡུལ་ཚོ11ཡོད།
སྲིད་གཞུང་གནས་ཡུལ།
འབར་ཁམས་རྟ་ས་སྲང་ལམ།
ས་ཁོངས་ཀྱི་ཁ་པར་༁ང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624000
གནས་ཡུལ།
རྒྱལ་རོང་ས་འབར་ཁམས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི6633ཡོད།
མི་གྲངས།
ཁྲི6(2013lལོར)
སྐད་རིགས།
བོད་སྐད། (རྒྱལ་རོང་སྐད)
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ཅོག་ཙེ་རྒྱལ་ས་དང་རྫོང་འགག་མཁར་རྫོང་། བེེ་རོའི་འོད་གསལ་སྒྲུབ་ཕུག་དང་ཚ་ཁོ་དགོན་པ། ད་ཚང་དགོན་པ་ལ་སོགས་པའི་ལྗོངས་སྐོར་ཡོད།
རླངས་འཁོར་ཨང་རྟགས།
川U
1 ངོ་སྤྲོད་རགས་བསྡུས།

འབར་ཁམས་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་རྒྱུད་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་དབུས་སུ་གནས་ཡོད། འབར་ཁམས་ཞེས་པ་ནི་འབར་ཁམས་དགོན་པ་ཞེས་པ་ལས་མིང་ཐོགས་ཤིང་དར་ཞིང་རྒྱས་པའི་ཞིང་ཁམས་ཀྱི་དོན་ཡིན། མིང་དང་ཆིང་རྒྱལ་རབས་གཉིས་ཀྱི་སྐབས་སུ་སོ་མིང་དང་ཅོག་ཙེ། རྫོང་འགག་དང་དམ་པ་སོགས་རྒྱལ་ཁག་བཞིའི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་དུས་སུ་ལིས་ཧྥན་རྫོང་ཏའོ་ཅེས་པའི་ཁོངས་སུ་གཏོགས། བཅིངས་འགྲོལ་མ་བཏང་གོང་དུ། ཅོག་ཙེ་རྒྱལ་བོའི་ཁོངས་སུ་གཏོགས་པའི་ས་ཆ་ཡིན། སི་ཁྲོན། ཀན་སུའུ། མཚོ་སྔོན་ཞིང་ཆེན་གསུམ་གྱི་ཧུའེ་རྒྱ་བོད་སོགས་མི་རིགས་ཀྱིས་ཕྱུགས་རིགས་དང་། ཇ། ཚྭ། རས། འབྲུ་རིགས། སྨན་རྫས་ལ་སོགས་རིགས་སྣ་ཚོགས་ཀྱི་ཉིན་མཁོའི་དངོས་རྫས་སྣ་མང་ཉོ་ཚོང་བྱེད་ས་ཞིག་ཡིན་པ་དང་། ཉེན་ཁར་མི་འཛེམ་པའི་ཚོང་བས་ཉལ་ཐ་དང་མེ་མདའ་སོགས་ལྐོག་ཚོང་བྱེད་ས་ཞིག་ཡིན། རྒྱལ་ཁག་བཞིའི་ཅུང་དར་ཞིང་རྒྱས་པའི་ས་ཁུལ་ཞིག་ཀྱང་ཡིན། སྤྱི་ལོ1935ལོར་ཀྲུང་གོ་བཟོ་ཞིང་དམར་དམག“རྒྱལ་ཁག་བཞིའི”ས་ཁུལ་ནང་ཞུགས་པས་གྲོང་གསེབ་སུའུ་ཝེ་ཨེད་སྲིད་དབང་ལས་ཁུངས་བཙུགས། སྤྱི་ལོ1951ལོར་ཞི་བདེའི་བཅིངས་འགྲོལ་བཏང་། སྤྱི་ལོ1953ལོར་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་འབར་ཁམས་དོན་གཅོད་ཁང་བཙུགས་པ་དང་། ད་དུང་སོ་མང་དང་། ཅོག་ཙེ། རྫོང་འགག དམ་པ་རྒྱལ་པོ4མངའ་ཁོངས་སུ་ཆུས་རིམ་པའི་མི་དམངས་སྲིད་གཞུང་བཙུགས། སྤྱི་ལོ1956ལོར་འབར་ཁམས་རྫོང་བཙུགས། སྤྱི་ལོ1991ལོར་གྲོང་རྡལ1དང་ཡུལ་ཚོ13གྲོང་སྡེའི་ཨུ་ཡོན་ལྷན་ཁང104སྡེ་ཁུལ་ཨུ་ཡོན་ལྷན་ཁང4ཡི་ཁོངས་སུ་གཏོགས། སྤྱི་ལོ2005ལོར་མངའ་འོག་ཏུ་འབར་ཁམས། ཅོག་ཙེ། རྫོང་འགག་གྲོང་བརྡལ3དང་། སོ་མང་། བྲག་བར། དམ་པ། འབྲོང་རྫོང་། ཀྱོམ་ཀྱོ།  གསར་རྫོང་། ད་ཚང་། གདོང་བརྒྱད། ཚོ་བདུན། རྫོང་འབུར།  ཁང་སར་བཅས་ཡུལ་ཚོ11བཙུགས། གྲོང་ཁྱེར་ནང་བོད་མི་གཙོ་བྱས་པའི་བོན་པོ་དང་རྙིང་མ། ཇོ་ནང་དང་དགེ་ལུགས། ས་སྐྱ་དང་བཀའ་བརྒྱུད་པ་སོགས་ཀྱི་ཆོས་ལ་དད་པའི་དགོན་པ་སོ་སོ་རེ་གཉིས་ཡོད། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འབར་ཁམས་གནས་ཚུལ་དངོས་གཞིར་བཟུང་ནས་འཕེལ་རྒྱས་ཀྱི་ལམ་ལུགས་གསར་བ་སྤེལ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་རིགས་ཁག་འཕེལ་རྒྱས་བྱུང་ཞིང་། སྤྱི་ལོ2015ལོ་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིད་མཐུན་ཐོབ་ནས་རྫོང་ནི་གྲོང་ཁྱེར་དུ་བསྒྱུར། 

2 སྲིད་འཛིན་ཁོངས་དབྱེ།

འབར་ཁམས་ཞེས་པ་ནི་འབར་ཁམས་དགོན་པ་ཞེས་པ་ལས་མིང་ཐོགས།《ལིས་ཧྥན་ཐན་གཏོགས་ཐིང་གི་དེབ་ཐེར》《直隶理番厅志》ཞེས་པ་སོགས་ལོ་རྒྱུས་དེབ་ཐེར་ལས་འཁོད་པ་ལྟར་ན་འབར་ཁམས་ནི་གནའ་སྔ་མོར冉རན་གྱི་ས་ཞིག་ཡིན། སའེ་དང་ཐང་རྒྱལ་རབས་ཀྱི་སྐབས་སུ“ཞི་ཧྲན་རྒྱལ་ཁབ་བརྒྱད”ཅེས་པའི་ཁོངས་སུ་གཏོགས་ཤིང་ཐང་དང་སུང་རྒྱལ་རབས་ཀྱི་སྐབས་ཅི་སྨི་ཀྲོའུ་བཙུགས། ཡོན་རྒྱལ་རབས་ཀྱི་སྐབས་སུ་ཐུ་བྷོད་ཞོན་ཝེ་སིའི་མངའ་ཁོངས་སུ་གཏོགས། མིང་རྒྱལ་རབས་ཀྱི་ཡུང་ལོའི་ཞེས་པའི་ལོར་བཀྲ་ཤིས་གླིང་ཨན་ཧྥུའུ་སའི་མངའ་ཁོངས་སུ་གཏོགས། ཆིང་རྒྱལ་རབས་ཀྱི་ཆན་ལུང་སྐབས་བཀྲ་ཤིས་གླིང་ཐད་གཏོགས་ཐིང་གི་ཁོངས་སུ་གཏོགས། ཅ་ཆིང་སྐབས་སུ་ལིས་ཧྥན་ཐད་གཏོགས་ཐིང་གི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་ལོ་ཐོག་མར་ཞི་ཁྲོན་ཏའོ་ལིས་ཧྥན་རྫོང་གི་ཁོངས་སུ་གཏོགས།  སི་ཁྲོན་གྱི་ནུབ་བྱང་མཐའ་མཚམས་སུ་གནས་པས་ཡོན་རྒྱལ་རབས་ནས་བཟུང་སྟེ་ཀྲུང་དབྱང་གོང་མའི་སྲིད་འཛིན་གྱི་དབང་འོག་ཡིན་མོད།  ས་ཁུལ་དེར་དབང་སྒྱུར་བའི་སྟོབས་ཤུགས་ཞན་རྐྱེན་ཐད་ཀར་བདག་སྐྱོང་བྱེད་མ་ཐུབ་སྟབས་ཚོ་དཔོན་དང་དེ་མིན་གྱི་རྒྱལ་པོས་སྐྱོང་བའི་མངའ་ཁོངས་སུ་གྱུར།  ཆིང་རྒྱལ་རབས་ཀྱི་ཁང་ཞི་ཁྲོ་ལོ་ཉེར་གསུམ(སྤྱི་ལོ1684)པར་རྫོང་འགག་ཀྲང་ཀོན་སི་བསྐོས(ད་ལྟའི་འབར་ཁམས་རྫོང་གི་རྫོང་འགག་ཡུལ་ཚོ)ཁང་ཞི་ཁྲི་ལོ་དྲུག་ཅུ་བར་སོ་མང་ཀྲང་ཀོན་སི་བསྐོས(ད་ལྟའི་འབར་ཁམས་རྫོང་གི་སོ་མང་ཡུལ་ཚོ)ཆན་ལུང་ཁྲི་ལོ་བཅོ་ལྔའི(སྤྱི་ལོ1570)ཨན་ཧྥུའུ་སིའི་གོ་ས་བསྩལ་ཆན་ལུང་ཁྲི་ལོ་སོ་དྲུག་པར་ཞོན་ཝེ་སི་ཞེས་པར་གོ་གནས་འཕར།  ཆིང་རྒྱལ་རབས་ཀྱི་ཆན་ལུང་ཁྲི་ལོ་བཅུ་གསུམ(སྤྱི་ལོ1748)པར་ཅོག་ཙེ་ཀྲང་ཀོན་སི་དང(ད་ལྟའི་འབར་ཁམས་རྫོང་གི་ཅོག་ཙེ་ཡུལ་ཚོ)དམ་པ་ཀྲང་ཀོན་སི(ད་ལྟའི་འབར་ཁམས་རྫོང་གི་དམ་པ་ཡུལ་ཚོ)གོ་གནས་གནང་།  འདིའི་ཐུའུ་སི་སྟེ་ཡུལ་གྱི་རྒྱལ་བོ་བཞི་ནི་ཆིང་རྒྱལ་རབས་ཀྱི་སྐབས་སུ་སོ་མང་རྒྱལ་པོ་ཡུལ་དཔོན་གྱི་བུ་གསུམ་དང་བུ་མོ་གཅིག་ཡོད་པས་དམ་པ་དང་། རྫོང་འགག ཅོག་ཙེ་གསུམ་ཀྱི་རྒྱལ་སྲིད་བཟུང་སྟབས། རྒྱལ་ཁག་བཞི་ཡི་རྒྱལ་ཁག་ཞེས་སོ། ། སྤྱི་ལོ1950ལོའི་ཟླ10པར། མའོ་རྫོང་ཀྲོན་ཆུས་ཏེ་ཆེན་ལས་ས་ཁུལ་ནས་ལས་སྒྲུབ་ཚན་ཆུང་མངགས་ཏེ་རྒྱལ་ཁག་བཞིའི་ས་ཁུལ་དུ་སླེབས། སྤྱི་ལོ1951ལོའི་ཟླ8པར་རྒྱལ་ཁག་བཞིའི་ས་ཁུལ་ཞི་བདེའི་བཅིངས་འགྲོལ་བཏང་ཞེས་བསྒྲགས། ཟླ9བར་རྒྱལ་ཁག་བཞི་དང་རྔ་བ་ཁྲོ་སྐྱབས་བཅས་ཀྱི་གནས་སྐབས་དམག་སྲིད་ཨུ་ཡོན་ལྷན་ཁང་ཞེས་པ་བཙུགས།  སྤྱི་ལོ1953ལོར་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་འབར་ཁམས་དོན་གཅོད་ཁང་བཙུགས་པ་དང་། ད་དུང་སོ་མང་དང་། ཅོག་ཙེ། རྫོང་འགག དམ་པ་རྒྱལ་པོ་རྣམས་ཀྱི་མངའ་ཁོངས་སུ་ཆུས་ཀྱི་རིམ་པའི་མི་དམངས་སྲིད་གཞུང་བཙུགས། སྤྱི་ལོ1956ལོར་འབར་ཁམས་རྫོང་བཙུགས། སྤྱི་ལོ1960ལོར་ཚོ་བཞི་དང་ཟངས་དཀར། ལུང་ཟི་བཅས་ཧུང་ཡོན་གི་ཁོངས་སུ་བསྡུས་རྗེས་ད་ལྟའི་འབར་ཁམས་སྲིད་འཛིན་མངའ་ཁོངས་འདི་ཆགས་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6633ཡོད། སྤྱི་ལོ2005ལོར་མངའ་འོག་ཏུ་འབར་ཁམས། ཅོག་ཙེ། རྫོང་འགག་གྲོང་རྡལ3དང་། སོ་མང་། བྲག་བར། དམ་པ། འབྲོང་རྫོང་། ཀྱོམ་ཀྱོ  གསར་རྫོང་། ད་ཚང་། གདོང་བརྒྱད། ཚོ་བདུན། རྫོང་འབུར། ཁང་སར་བཅས་ཡུལ་ཚོ11བཙུགས། མི་གྲངས་ནི་སྤྱི་ལོ2013ལོར་ཁྱོན་ཁྲི6ལྷག་ཡོད། རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་ནི་འབར་ཁམས་གྲོང་རྡལ་ཡིན།  ཁུལ་གཞིས་གནས་ཡུལ་དང་གཅིག་ཡིན་ཞིང་ཞིང་ཆེན་གྱི་གནས་ཡུལ་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ395ཡོད་དོ། །

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

སྤྱི་ལོ1983ལོ་ནས་སྤྱི་ལོ1985ལོའི་བར་འབར་ཁམས་རྫོང་གིས་ས་ཞིང་ཐོན་ཁུངས་ཞིབ་ཕྲའི་བརྟག་དཔྱད་ཀྱི་ལས་དོན་སྤེལ་ཞིང་། རྫོང་ཡོངས་ཀྱི་ས་ཞིང་གི་འབྱུང་ཁུངས་ཁག་ལ་ཞིབ་ཕྲའི་ངང་བརྟག་དཔྱད་བྱས། འབར་ཁམས་རྫོང་གི་ས་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང629938.7ཡོད་པ་དང་དེའི་ནང་ཞིང་ས་སྤྱི་ཆིང8312.1ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི1.25﹪ཟིན་པ་དང་། ལྡུམ་ར་སྤྱི་ཆིང142.3ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི0.02﹪ཟིན་པ་དང་། ནགས་ས་སྤྱི་ཆིང334648.7ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི50.4﹪ཟིན་པ་དང་། ཞིབ་ཚགས་མིན་པའི་ནགས་ས་སྤྱི་ཆིང11853.5ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི1.79﹪ཟིན་པ་དང་།རྩ་ས་སྤྱི་ཆིང271515.8ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི40.93﹪ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ལ་མཁོ་བའི་ས་ཆ380.6ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི0.05﹪ཟིན་པ་དང་། བཟོ་གཏེར་ཁེ་ལས་ས་ཆ་སྤྱི་ཆིང15.9ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི0.02﹪ཟིན་པ་དང་། འགྲིམ་འགྲུལ་ལ་མཁོ་བའི་ས་ཆ་སྤྱི་ཆིང471.6ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི0.07﹪ཟིན་པ་དང་། ཆུ་ཁོངས་གཞི་ཁྱོན་སྤྱི་ཆིང3444.4ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི0.52﹪ཟིན་པ་དང་། ས་ཆ་བེད་སྤྱོད་དཀའ་ས32481.1ཡོད་པ་དེས་ས་ཆ་སྤྱིའི་རྒྱ་ཁྱོན་གྱི4.9﹪ཟིན་ཡིན།

3_2 རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།

འབར་ཁམས་གྲོང་ཁྱེར་གྱི་མངའ་ཁོངས་དང་ས་མཚམས་སུ་གནས་པའི་རི་བོ་གྲགས་ཅན་སྤོ་དཀར་ལ་རི་བོ་དང་ཁ་བ་རྟ་རི་བོ།འབུམ་འགྲོ་ལམ་རི་བོ་དང་བཞག་ར་རི་བོ་སོགས་ཡོད། ཆུ་ཚན་གྲགས་ཅན་སོ་མང་ཆུ་བོ་དང་ཀྱོམ་ཀྱོ་ཆུ་བོ་གཉིས་ཡོད།

3_3 སྐྱེ་དངོས་ཐོན་ཁུངས།
3_3_1 རྩི་ཤིང་།

འབར་ཁམས་རྫོང་ནང་དུ་ནགས་ཚལ་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་གལ་ཆེའི་ཤིང་ཆ་ཐོན་སྐྱེད་རྟེན་གཞི་གཙོ་གྲས་ཤིག་ཡིན། སྤྱི་ལོ1985ལོར་ནགས་ཚལ་ཐོན་ཁུངས་ཀྱི་རིགས་གཉིས་པའི་བརྟག་དཔྱད་བྱས་པ་ལྟར་ན། རྫོང་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང193665.4ཡོད། དེའི་ནང་། རྒྱུ་ཆའི་ཤིང་ནགས་ནི་སྤྱི་ཆིང61730.8ཡོད། གསོག་པའི་ཤིང་ནི་སྨི་གྲུ་བཞི་མ14894588ཡོད། འགོག་སྲུང་ནགས་ནི་སྤྱི་ཆིང131857.1ཡོད། གསོག་པའི་ཤིང་ནི་སྨི་གྲུ་བཞི་ལྷག་མ33094572ཡོད། བུད་ཤིང་དང་སོལ་བ་ཐོན་སའི་ནགས་ཚལ་ནི་སྤྱི་ཆང36.9ཡོད།  གསོག་པའི་ཤིང་ནི་སྨི་གྲུ་བཞི་ལྷག་མ8773ཡོད། དེ་ལས་ཤུགས་ཆེ་བའི་ཤིང་རིགས་ནི་གསོམ་ནག གསོམ་ཤིང་། ལོ་སྐྱུར་ཐང་ཤིང་། སྒྲོན་ཤིང་། སྟག་པ་ཤིང་། བེ་ལོ། སྦྱར་པ་བཅས་ཡིན།

3_3_2 ཕྱུགས་རྩྭ།

སྤྱི་ལོ1985ལོར་རྩྭའི་ཐོན་ཁུངས་ཀྱི་བརྟག་དཔྱད་བྱས་པ་ལྟར་ན། རྫོང་ཡོངས་ཀྱི་རང་བྱུང་རྩྭ་ར་རྒྱ་ཁྱོན་ནི་སྤྱི་ཆིང་ཁྲི28.52ཡོད་ལ། བེད་སྤྱོད་བཏང་ཆོག་པའི་རྩྭ་ར་རྒྱ་ཁྱོན་ནི24.79ཡོད། སྤྱིའི་ཐོན་འབབ་དེ་རྩྭའི་ཐོན་ཚད་ནི་སྤྱི་རྒྱ་ཁྲི75769.63ཡིན། ཁྱབ་ཚུལ་གཙོ་ཤོས་ནི་སྨི3300-4500བར་གྱི་རི་བོ་མཐོན་པོ་དང་མཐོ་ཐང་ས་རྒྱུད་དབུས་སུ་ཡིན། དེས་བརྟག་དཔྱད་གསལ་འབྱེད་སྤྱི་འབོར་གྱི81.97﹪ཡིན། ཟ་མི་རུང་བའི་རྩྭ་རིགས20ཡོད། 10.92﹪ཟིན་པ། དུག་རྩྭ་བཅས་རྩྭ་གནོད་རིགས13ཡོད་ལ7.1﹪ཟིན་པ་ཡིན། རྫོང་ཡོངས་ཀྱི་སྤང་སའི་སྔོ་ཁེབས་རྒྱ་ཁྱོན་ནི་སྤྱི་ཆིང275606.3ཡོད་ལ། དེའི་ནང་རི་མཐོན་པོའི་རྩྭ་ནི98228.8ཡོད།  

3_3_3 སྲོག་ཆགས།

འབྲོང་། གཉན། གནའ་བ། སྦྲེལ་སེར། ཤྭ་དམར། སྦྲེ། ཆུ་སྲམ། གསའ། བྱི་ལ་གཟིག གཙོད། ཤྭ་རྒྱ། ཁྲི་སྙན་ས་ལེ། ཤ་བ་ནོག་ལྡན། ཕག་རྒོད། དོམ་ཁྲ། དོམ་ནག དྲེད་མོང་སོགས་གཅན་གཟན་རི་དྭགས་རིགས31ཡོད་ལ་དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་སྲོག་ཆགས་སུ་གསའ་དང་གཟིག རྐྱང་། ཤ་སྐྱ། གླ་བ། གནའ་བ་སོགས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པའི་གཅན་གཟན་རི་དྭགས་རི་སྤྲེལ་དང་དོམ་ནག འཕར་བ། སྲམ། ཤྭ་བ་སེར་ཆེན་བཅས་ཡོད།བྱ་ཝང་། པེ་བྱ་མོ། གོང་མོ། ཐང་དཀར། བྱ་རྒོད། གླག་སྐེ་སེར། འུག་པ། པུ་ཤུད། ཁུག་བྱུག འཇོལ་མོ། ཅོ་ཀ ཕུག་རོན། ཁང་བྱེའུ། སྐྱ་ཀ ཟེར་མོ། སྲེག་ཆུང་། ངང་དཀར། ངང་བ། རྒྱ་མཚོའི་ཁུག་རྟ་བཅས་ཀྱི་འདབ་ཆགས་རིགས་དང་ཆུ་ནང་གི་ཉ་དང་རྩིགས་རྨིགས་ལ་སོགས་པའི་རིགས་མང་པོ་ཡོད།

4 ས་ཁམས་ཁོར་ཡུག
4_1 ས་གནས།

འབར་ཁམས་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་རྒྱུད་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་དབུས་སུ་གནས་ཡོད། ས་ཁམས་རིག་པའི་འཕྲེད་ཐིག་བྱང་མའི་ཏུའུ35′ནས 24′བར། འཕྲེད་ཐིག་ཤར་མའི་ཏུའུ17′ནས41′བར་ཡིན། ཤར་དུ་ཧུང་ཡོན་རྫོང་དང་ལིས་རྫོང་ཡིན་ལ། ལྷོ་རུ་ཆུ་ཆེན་རྫོང་དང་བཙན་ལྷ་རྫོང་། ནུབ་ཏུ་འཛམ་ཐང་རྫོང་ཡིན། བྱང་དུ་ཧུང་ཡོན་དང་རྔ་བ་རྫོང་ཡིན། ཁུལ་དང་རྫོང་སྲིད་གཞུང་བཅས་ཀྱི་གནས་ཡུལ་གཅིག་ཏེ་འབར་ཁམས་གྲོང་རྡལ་ཡིན། མཚོ་ངོས་ལས་མཐོ་ཚད་སྨི2600ཡིན་པ་དང་ཞིང་ཆེན་གྱི་གནས་ཡུལ་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ395ཡོད། གྲོང་ཁྱེར་སྤྱིའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ6633ཡོད།

4_2 ས་བབ།

འབར་ཁམས་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པའི་སི་ཁྲོན་གཤོང་ས་དང་། མཚོ་བོད་ས་མཐོའི་ཤར་རྒྱུད་དང་ཁྱུང་ལ་རི་བོ་རྩ་ནས་བྱང་རྒྱུད། ས་མཐོའི་གྲོག་རོང་ཁུལ་ཁོངས། ས་དབྱིབས་གྲུ་བཞི་ནང་མོའི་དབྱིབས་སུ་ལུགས་དང་། ས་བབ་ཉིད་ནུབ་ནས་བྱང་ཤར་ལྷོ་ནུབ་ཕྱོགས་སུ་རིམ་བཞིན་ཇེ་དམའ་རུ་སོང་བ་ཞིག་ཡིན། བྱང་དུ་གནས་པའི་ཤར་གྱི་འགྲོ་ཕྱོགས་ལ་ལུང་མིན་ཧྲན་དང་། བྱང་ནུབ་ཀྱི་འགྲོ་ཕྱོགས་ལ་ཕྱག་རུ་ཆུའི་གས་སྲུབས་ས་རྒྱུད་དང་དེ་བཞིན་ས་ཁུལ་ཟུང་ཆུ་ས་ཆ་བརྗེས་རེས་བྱས། ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་ལ། ས་རིམ་མང་ཆེ་བ་ནི་སུམ་བརྩེགས་ས་རྒྱུད་མིག་མངས་རྒྱག་རིས་བྱེད་པའི་ཐད་རྡོ་གཡམ་དང་ངོ་བོ་འགྱུར་བའི་བྲག་རྡོ་སོགས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5000ཡས་མས་ཀྱི་མངའ་ཁོངས་སུ་རི་བོ་མཐོ་ཤོས་དང་། མ་མཐའི་རོང་སའི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2300ཡས་མས་ཟིན་ཡོད། རི་བོ་རྒྱུན་མི་ཆད་པ་དང་། ལུང་རོང་མཐའི་ལ། འབར་ཁམས་ནི་སི་ཁྲོན་གྱི་ནུབ་བྱང་ས་མཐོའི་སྟེང་མ་ལྷོ་ངོས་སུ་གྲོག་རོང་དུ་མཐོ་ཐང་བཟུང་བའི་ཁང་སའི་རྒྱ་ཁྱོན་དེ65﹪ཙམ་དང་། རི་མཐོ་ཞིང་གྲོག་རོང་དོག་སར35﹪ཙམ་ཟིན་ཡོད།

4_3 གནམ་གཤིས།

འབར་ཁམས་ཁོངས་ཚ་རྒྱུད་བར་མའི་ས་མཐོར་འཚམ་པའི་གནམ་གཤིས་དང་། སྐམ་ཆར་དུས་མངོན་གསལ་དོད་པོ་དང་། དུས་བཞིར་དབྱེ་གསལ་དང་། ས་ཁུལ་མང་ཆེ་བར་དབྱར་ཁ་མེད་པ་ཡིན་པ་དང་། ཉི་འོད་ཀྱིས་ཕྱུག་པ་དང་། གཉིས་ཀྱི་དྲོད་ཚད་ཧེ་བག་ཅུང་ཆེ་བ་དང་ཐན་པའི་དུས་ནི་རླུང་ཆེན་ལྡང་བའི་ཉིན་མང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད8℃ནས9℃བར་དང་། ལོ་རེར་ཆར་བ་འབབ་ཚད་ཧོ་སྨི7537ཡས་མས་ཡོད་པ་དང་། ཉི་འོད་དུས་ཚོད1500ཟིན་པ་དང་། བ་མོ་མེད་པའི་ལྟོས་མེད་ཉིན120ཙམ་ཟིན་གྱི་ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2014ལོའི་ཟླ་མཇུག་བར། འབར་ཁམས་གྲོང་ཁྱེར་གྱི་སྤྱིའི་མི་གྲངས་ཁྲི56166ཡོད་ལ། སྤྱིའི་མི་གྲངས་ཁྲོད་སྐྱེས་པའི་མི་གྲངས་ཁྲི28862ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི52.5%ཟིན་ཡོད། སྐྱེས་མའི་མི་གྲངས་ཁྲི27304ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི47.5﹪ཟིན་ཡོད། དེ་ཡང་བོད་རིགས་མི་གྲངས་ཁྲི43103ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི72.7﹪ཟིན་ཡོད། ཆའང་རིགས་མི་གྲངས1659ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི2.6﹪ཟིན་ཡོད། རྒྱ་རིགས་མི་གྲངས་ཁྲི1053ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི23.1﹪ཟིན་ཡོད། མི་རིགས་གཞན་པའི་མི་གྲངས959ཡོད་པ་དང་རྒྱུན་སྡོད་མི་གྲངས1.6﹪ཟིན་ཡོད།

5_2 མི་རིགས།

འབར་ཁམས་གྲོང་ཁྱེར་ནི་བོད་རིགས་གཙོ་བྱས་པའི་རྒྱལ་རོང་བ་ཞིག་ཡིན། སྤྱི་ལོ1938ལོའི་རྗེས་སུ་ཧུའེ་རིགས་དང་རྒྱ་རིགས་འབར་ཁམས་མངའ་ཁོངས་སུ་སྤོས་ནས་གཞིས་ཆགས། སྤྱི་ལོ1950ལོར། བོད་རིགས་མི་གྲངས21140ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི89.17﹪ཟིན་པ། ཧུའེ་རིགས་མི་གྲངས600ཡོད། དེས་སྤྱིའི་མི་གྲངས་ཀྱི2.53﹪ཟིན། རྒྱ་རིགས་མི་གྲངས་ནི1960ཡིན། དེས་སྤྱིའི་མི་གྲངས་ཀྱི8.27﹪ཟིན། སྤྱི་ལོ1956-1960ལོ་བར་དུ། ནགས་བཟོའི་ཁེ་ལས་བཙུགས་པ་དང་ཁུལ་རིམ་པའི་ལས་ཁུངས་གནས་སྤོས་ནས། རྒྱ་རིགས་ཀྱི་མི་གྲངས23124བར་འཕར། དེས་སྤྱིའི་མི་གྲངས་ཀྱི51.81﹪ཟིན། སྤྱི་ལོ1962ལོར། ལས་བཟོའི་དཔུང་ཁག་སྡུད་སྒྲིལ་ཁུ་བསྡུ་བྱས་ནས། རྒྱ་རིགས་མི་གྲངས17096བར་ཉུང་དུ་སོང་ཡོད། དེས་སྤྱིའི་མི་གྲངས་ཀྱི41.99ཟིན། བོད་རིགས་མི་གྲངས23500ཡིན། དེས་སྤྱིའི་མི་གྲངས་ཀྱི57.71﹪ཟིན། སྤྱི་ལོ1978ལོའི་རྗེས། ནགས་ཚལ་བཟོ་ལས་ཁེ་ལས་ཀྱི་ལས་སྒོ་བསྒྱུར་བ་དང་ལས་བྱེད་པའི་ནང་སྤོར་བ་དང་། མི་རིགས་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་པ་རེད། སྤྱི་ལོ1990ལོ་ཟླ7པའི་ཚེས1ཉིན། མི་གྲངས་ཡོངས་ཞིབ་བཤེར་བྱས་པས། བོད་རིགས་མི་གྲངས3553ཡོད། དེས་སྤྱིའི་མི་གྲངས62.51﹪ཟིན། ཆའང་རིགས་མི་གྲངས་ནི1075ཡོད། དེས་སྤྱིའི་མི་གྲངས་ཀྱི1.88﹪ཟིན། ཧུའེ་རིགས་མི་གྲངས622 ཡོད། དེས་སྤྱིའི་མི་གྲངས་ཀྱི1.08﹪ཟིན། མི་རིགས་གཞན་པའི་མི་གྲངས་ནི130ཡིན་ལ། དེས་སྤྱིའི་མི་གྲངས་ཀྱི0.23﹪ཟིན། རྒྱ་རིགས་མི་གྲངས19671ཡོད། དེས་སྤྱིའི་མི་གྲངས་ཀྱི34.31﹪ཟིན་པ་ཡིན།  སྤྱི་ལོ2005ལོར། བོད་རིགས་མི་གྲངས་ནི38324ཡོད། དེས་སྤྱིའི་མི་གྲངས་ཀྱི71.79﹪ཟིན། ཆའང་རིགས་མི་གྲངས1335ཡོད། དེས་སྤྱིའི་མི་གྲངས2.50﹪ཟིན། རྒྱ་རིགས་མི་གྲངས13042ཡོད། དེས་སྤྱིའི་མི་གྲངས24.43﹪ཟིན། ཧུའེ་རིགས་མི་གྲངས574ཡོད། དེས་སྤྱིའི་མི་གྲངས་ཀྱི1.0﹪ཟིན། མི་རིགས་གཞན་པའི་མི་གྲངས་ནི107ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི0.02﹪ཟིན། སྤྱི་ལོ2012ལོ་འབར་ཁམས་མངའ་ཁོངས་སུ་གནས་ཤིང་། དེར་བོད་རིགས་དང་། ཆའང་རིགས། ཧུའེ་རིགས་དང་རྒྱ་རིགས་སོགས་མི་རིགས15སྡོད་མི་ཡོད་ལ། དེའི་ནང་བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི63﹪ཟིན་པ་དང་། རྒྱ་རིགས་ཀྱིས34﹪ཟིན་ཡོད། མི་རིགས་གཞན་གྱིས3﹪ཟིན་པ་རེད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

རྒྱལ་ལམ317གཞུང་ལམ་ནི་འབར་ཁམས་གྲོང་ཁྱེར་གྱི་ཁོངས་སུ་འབྲེལ་ཡོད་ལ། ཁྲེང་ཏུའུ་ནས་འབར་ཁམས་གྲོང་ཁྱེར་བར་གཞུང་ལམ་བར་ཐག་སྤྱི་ལེ350ཡས་མས་ཡོད་པ་རེད། སྤྱི་ལོ2004ལོར་སྤོ་དཀར་ལའི་ཕུག་ལམ་བསྐྲུན་ནས་སྤྱི་ལོ2005ལོར་དངོས་སུ་ཤར་གཏོང་ཐུབ་པ་ཡིན། དགུན་དུས་ཁ་དང་དར་ཆགས་པའི་སྤོ་དཀར་ལའི་གཞུང་ལམ་བརྒལ་བའི་བར་ཐག་སྤྱི་ལེ45ཇེ་ཐུང་དུ་གཏོང་བ་ཡིན། ཧུང་ཡོན་རྫོང་གི་ལྷ་རྒྱལ་གླིང་ནས་འབར་ཁམས་བར་དང་། བྲག་བར་ནས་འབྲོང་རྫོང་ཡུལ་ཚོའི་མངའ་ཁོངས་སུ་བར་ཐག་སྤྱི་ལེ137ཡོད། བཙན་ལྷ་རྫོང་དང་འབར་ཁམས་གྲོང་ཁྱེར་ཀྱི་གཞུང་ལམ་བར་ཐག་སྤྱི་ལེ143ཡོད་ལ།འབར་ཁམས་གྲོང་ཁྱེར་ནས་ཆུ་ཆེན་རྫོང་གི་གཞུང་ལམ་བར་ཐག་སྤྱི་ལེ89ཡོད་པ་དང་། འཛམ་ཐང་རྫོང་ལ་བར་ཐག་སྤྱི་ལེ200ཡོད།

7 དཔལ་འབྱོར།

སྤྱི་ལོ2014ལོར་འབར་ཁམས་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་ཁྲི200253ཡིན་པ་དང་། སྤྱི་ལོ2013ལོ་ལས5.3﹪འཕར་ཡོད། དེའི་ནང་ཐོན་ལས་ཨང་དང་པོའི་འཕར་ཚད་སྒོར་ཁྲི21502དང5.2﹪འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཚད་སྒོར་ཁྲི31165དང0.6﹪འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཚད་སྒོར་ཁྲི147586དང6.3﹪འཕར་ཡོད། སྤྱི་ལོ2015ལོར། འབར་ཁམས་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར22.1ཡིན་པ་དང་། ལོ་སྔོན་མ་ལས9.4﹪འཕར་ཡོད། ཐོན་ལས་ལྟར་བརྩིས་ན། ཐོན་ལས་དང་པོའི་འཕར་ཚད་སྒོར་དུང་ཕྱུར2.32དང4.3﹪འཕར་ཡོད་པ་དང་། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར3.18དང3.9﹪འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར16.6དང11.3﹪འཕར་ཡོད།

8 སྤྱི་ཚོགས།
8_1 རིག་གནས་ལས་དོན།

ཉེ་བའི་ལོ་ཤས་རིང་འབར་ཁམས་གྲོང་ཁྱེར་གྱིས་ཤུགས་ཆེན་པོས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ནས། རིག་གནས་ཀྱི་ལས་སྟེགས་བསྐྲུན་པ་དང་རིག་གནས་བྱེད་སྒོ་སྤེལ་བ། རྒྱུན་ཆད་མེད་པར་མང་ཚོགས་ཀྱི་རིག་གནས་གཡུལ་ས་འཛུགས་སྐྱོང་གི་གཏོང་དངུལ་བསྣན་པས། དཔེ་མཛོད་ཁང་གཅིག་དང་རིག་གནས་ཕོ་བྲང1དང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྣ་འཛོམས་རིག་གནས་ཁང13ཡོད།  ཞིང་ཁྱིམ་དཔེ་མཛོད་ཁང་ཆིག105ཡོད་པ་དང་། དགོན་པའི་དཔེ་མཛོད་ཁང66སོགས་བསྐྲུན་ནས།  མངའ་ཁོངས་ཡོངས་སུ་ཁེབས་པ་དང་སྒྲིག་ཆས་ཕལ་ཆེར་ཆ་ཚང་བའི་རྫོང་དང་ཡུལ་ཚོ།  གྲོང་སྡེ་རིམ་གསུམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཕལ་ཆེར་བསྐྲུན་ཟིན། གཡུལ་ས་བསྐྲུན་ཚར་རྗེས། ད་དུང“ལེགས་བསྒྱུར”བྱ་དགོས་པས། མིག་སྔར་གྲོང་ཁྱེར་ཡོངས་སུ་རྒྱལ་རོང་སྐོར་བྲོ་དང་མི་རིགས་ཞབས་བྲོ་སོགས་ཀྱི་མང་ཚོགས་རིག་གནས་དཔུང་སྡེ་གསུམ་ཡོད་པས།  གཞི་རིམ་གྱི་རིག་གནས་བྱེད་སྒོའི་གསོན་ཉམས་སྤེལ་ཞིང་སྤེལ་བཞིན་ཡོད།དུས་རབས་ལ“རིག་རྩལ་གྱ་ནོམ་པ”དགོས་པས། རིག་གནས་ལས་དོན་དར་རྒྱས་ཆེན་པོ་བྱུང་བའི་དུས་རབས་ཆེན་པོ་འདི་རུ།  གྲོང་ཁྱེར་དེའི་རིག་རྩལ་ལས་ཀ་བ་རྣམས་ཀྱིས་ཁོ་ཚོའི་འགན་ཁུར་བའི་སྤྲོ་སེམས་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས། རིག་རྩལ་གྱ་ནོམ་པ་གཅིག་རྗེས་གཉིས་མཐུད་དུ་བརྩམས་ཡོད། 《གངས་ལྗོངས་ཀྱི་རྒྱལ་ཁག་རྒྱལ་རབས》ཞེས་པའི་གནས་ཚུལ་དངོས་མཚོན་རྩོམ་རིག་དང《བསིལ་རླུང་ནང་བཞིན་གྱི་བརྩེ་དུང་ཁྱེད་ལ་བཅངས》ཞེས་པའི་བརྩམས་སྒྲུང་སོགས་ཀྱི་རྩོམ་ཡིག་གཉིས་ལ་རྔ་བ་ཁུལ་སྐབས་བཅུ་གསུམ་པའི་བསམ་པའི་དཔལ་ཡོན་གྱི“ལས་གྲྭ་གཅིག་པུ་ལྔའི”རྩོམ་རིག་ཕུལ་བྱུང་བའི་བྱ་དགའ་ཐོབ།  《སྙན་ཞིང་འཇེབས་པའི་རླུང་དྲིལ་གྱི་སྒྲ》ཞེས་པའི་རོལ་དབྱངས་ལ་རྔ་བ་ཁུལ་གྱི“ཕ་ཡུལ་ལ་བཅངས་པའི་བརྩེ་དུང”མང་ཚོགས་ཆེས་དགའ་བའི་གླུ་དབྱངས་སུ་བདམས། 《སྙན་ཞིང་འཇེབས་པའི་རླུང་དྲིལ་གྱི་སྒྲ》ཞེས་པའི་གློག་བརྙན་ཐུང་ངུ་ལ་ཁྲེང་ཏུའུ་གློག་བརྙན་ཐུང་ངུའི་དུས་ཆེན་གྱི“གསེར་བྱེའི་བྱ་དགའ”ཡི་ཆེས་བཟང་བའི་གྲོང་ཁྱེར་སྒྲོག་སྤེལ་གྱི་བྱ་དགའ་ཐོབ། གྲོང་ཁྱེར་དེས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཤུལ་བཞག་ཕུལ་བྱུང་བ་སྔོག་འདོན་བྱས་པ་དང་། རིག་རྫས་གནའ་ཤུལ་སྲུང་སྐྱོང་བྱེད་ཤུགས་བསྣན་པ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་རྫས་སྲུང་སྐྱོང་སྡེ་ཁག་གི་སྲུང་སྐྱོང་ལས་ཀ་ལེགས་པོར་སྤེལ་བ། ཅོག་ཙེ་རྒྱལ་ཁང་དང་རྫོང་འགག་ཆུ་ཕོའི་མཁར་ཚོགས། ད་ཚང་དགོན་པ། བྲག་གྱང་བྲག་ཕུག་ལྡེབས་རིས་སོགས་ཀྱི་གཙོ་གནད་རིག་རྫས་སྲུང་སྐྱོང་བྱེད་པའི་འཆར་གཞི་བཀོད། ན་ནིང་ལོའི་ལོ་མཇུག་གི་བར་དུ་གྲོང་ཁྱེར་དེས་པར་ལེན་འགྲན་བསྡུར་ཐེངས་གསུམ་སྤེལ་ནས།  འདྲ་པར་ཆེས་བཟང་པ200བདམས་པ་དང་། འབར་ཁམས་ཀྱི་པར་དེབ་གསུམ་ཡོངས་གྲགས་སུ་བསྒྲགས། སྤོ་བདེ་བའི་རིག་རྫས474ལ་ཡོངས་བཤེར་ཐོ་འགོད་བྱས། འབར་ཁམས་གྲོང་ཁྱེར་གྱི་རྒྱལ་རོང་སྐོར་བྲོའི་དུས་ཆེན་ཐེངས་བཞི་འཚོགས་པར་མ་ཟད། ད་དུང“མི་ཁྲི་ཡིས་ཁྲོམ་སྐོར་ནས་སྐོར་བྲོ་འཁྲབ་པའི”ཧྲང་ཧའེ་འཛམ་གླིང་ཆེན་པོའི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་བསྐྲུན་པ་དང་། སི་ཁྲོན་ཞིང་ཆེན་གྱི“དམངས་ཁྲོད་སྒྱུ་རྩལ(ཁྱད་ལྡན )རིག་གནས་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ།

8_2 སྨན་བཅོས་ལས་དོན།

སྤྱི་ལོ2014ལོའི་ལོ་མཇུག་བར། འབར་ཁམས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས108(གྲོང་ཚོའི་འཕྲོད་བསྟེན་ཁང85)ཡོད་པ་དང་། དེའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང17ཡོད།  བུད་མེད་གྱི་ལུས་ཁམས་བདེ་སྲུང་ས་ཚིགས2ཡོད་པ་དང་། ལྟེ་གནས་ཀྱི་ཁྲག་རྒྱུན་སྤྲོད་ལེན་ས་ཚིགས1ཡོད། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས2ཡོད་པ་དང་། ལས་རྟགས་ཡོད་པའི་སྨན་པ་དཀའ་བཅུ་པ་མི274ཡོད་ལ། ལས་གཉེར་བྱེད་པའི་རོགས་མཁན་སྨན་པ་དཀའ་བཅུ་པ27ཡོད། ནད་གཡོག་པ་མི198ཡོད། ནད་པ་ཉལ་ས644ཡོད།

8_3 སློབ་གསོའི་ལས་དོན།

སྤྱི་ལོ2014ལོའི་ལོ་མཇུག་བར། འབར་ཁམས་གྲོང་ཁྱེར་དུ་འབྲིང་རིམ་ལས་རིགས་འཕྲོད་བསྟེན་སློབ་གྲྭ1ཡོད་ལ།  དེའི་ནང་ཆེད་ལས་དགེ་རྒན59ཡོད་པ་དང་། བཅའ་སྡོད་སློབ་མ725ཡོད། སློབ་ཆུང་སློབ་གྲྭ18ཡོད། དེའི་ནང་ཆེད་ལས་དགེ་རྒན430ཡོད་པ་དང་། བཅའ་སྡོད་སློབ་ཆུང་སློབ་མའི་མི་གྲངས3456ཡོད། འབྲིང་རིམ་དང་མཐོ་རིམ་སློབ་གྲྭ6ཡོད་ལ། (ལོ་དགུའི་བསྟུད་འབྲེལ་ལམ་ལུགས་ཀྱི་སློབ་གྲྭ2)ཡོད།  དེའི་ནང་ཆེད་ལས་དགེ་རྒན380ཡོད། བཅའ་སྡོད་སློབ་མའི་མི་གྲངས3884ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1ཡོད་ལ།དེའི་ནང་ཆེད་ལས་དགེ་རྒན10ཡོད་པ་དང་། བཅའ་སྡོད་སློབ་མའི་མི་གྲངས10ཡོད། བྱིས་སྐྱོང་ཁང35ཡོད་པ་དང་། དེའི་ནང་ཆེད་ལས་དགེ་རྒན89ཡོད་ལ། བྱིས་པའི་མི་གྲངས1724ཡོད།

8_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2014ལོའི་ལོ་མཇུག་གི་བར་དུ་འབར་ཁམས་གྲོང་ཁྱེར་གྱི་རྒན་གསོའི་ཉེན་སེལ་འགན་སྲུང་དུ་ཞུགས་པའི་མི49981ཏུ་བསླེབས། (དེའི་ནང་ཁུལ་རིམ་ལས་ཁུངས་ཀྱི་མི24441ཡོད)དེ་ལས་གྲོང་རྡལ་དང་གྲོང་གསེབ་སྡོད་དམངས་ཀྱི་མི20493རྒན་གསོའི་ཉེན་སེལ་འགན་སྲུང་དུ་ཞུགས་ཡོད། གྲོང་རྡལ་གྱི་སྨན་བཅོས་འགན་སྲུང་དུ་ཞུགས་པའི་མི51367ཡོད། (དེའི་ནང་ཁུལ་རིམ་ལས་ཁུངས་ཀྱི་མི39264ཡོད) རྣམ་གསར་གྱི་གྲོང་གསེབ་མཉམ་ལས་སྨན་བཅོས་འགན་སྲུང་དུ་ཞུགས་པའི་མི31610ཡོད་པས་འགན་སྲུང་དུ་ཞུགས་ཚད་བརྒྱ་ཆ99.7ལ་བསླེབས། ལས་ཤོར་ཉེན་སེལ་འགན་སྲུང་དུ་ཞུགས་པའི་མི7665རུ་བསླེབས། (དེའི་ནང་ཁུལ་རིམ་ལས་ཁུངས་ཀྱི་མི5488ཡོད)སྤྱི་ལོ2014ལོར་འབར་ཁམས་གྲོང་རྡལ་དུ་ལས་ཞུགས་མི་སྣ581གསར་དུ་བསྣན་པ་དང་། གྲོང་རྡལ་དུ་ལས་ཞུགས་ལས་གནས5120དང་སྤྱི་ཕན་རང་བཞིན་གྱི་ལས་གནས217འདོན་སྤྲོད་བྱས་པ།  གྲོང་རྡལ་དུ་ལས་ཤོས་ཐོ་འགོད་པ་བརྒྱ་ཆ3.51ཙམ་ཡིན།  སྤྱི་ལོ2014ལོར་མི3952གྲོང་རྡལ་གྱི་མ་མཐའི་འཚོ་རྟེན་དུ་བཞག་པ་དང་མི11447གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་དུ་བཞག

9 མཛེས་ལྗོངས་གྲགས་ཅན།

འབར་ཁམས་གྲོང་ཁྱེར་གྱི་མཛེས་ལྗོངས་གྲགས་ཅན་ལ། སོ་མང་གྲོག་རོང་དོག་པོ་མཛེས་ཤིང་སྲིད་རིང་བའི་སྤོ་དཀར་ལའི་རི་རྩེའི་ལྷ་འབར་ལམ་མདོ་ནས་འབར་ཁམས་གྲོང་ཁྱེར་གྱི་བྲག་བར་ཡུལ་ཚོའི་མཛའ་ཀྱོ་གྲོང་སྡེའི་བར་དུ་བརྐྱངས་ཡོད། སྤྱིའི་རིང་སྤྱི་ལེ91ཡོད། མཚམས་གནས་དགོན་ནི་གཡུ་འབྲུག་ཡུལ་ཚོའི་རི་སྒོ་བཞུགས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3300ཡོད། དུས་རབས13པའི་ནང་བཞེངས་པ་ཡིན། ད་ལྟ་ལོ700ཙམ་གྱི་ལོ་རྒྱུས་ཡོད། མཁན་ཆེན་ངག་དབང་གྲགས་པས་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་རྗེས་མ་ད་ཚང་དགོན་པ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3520ཡིན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ200ཡོད་ལ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ100ཡོད། རྫོང་འགག་གྲོང་རྡལ་ལ་ཡོད་ཆུ་ཕོ་མཁར་རྫོང་སོགས་མཛེས་ལྗོངས་གྲགས་ཅན་ཡོད་དོ། །

10 ཆོས་སྡེ་གྲགས་ཅན།

འབར་ཁམས་གྲོང་ཁྱེར་གྱི་ཆོས་སྡེ་གྲགས་ཅན་མང་བོ་ཡོད་པ་ལས་རྒྱལ་རོང་ཁྱི་སོ་གནས་རི་དང་ཁ་བ་རྟ་གཞི་བདག བེེ་རོ་བྲག་ཕུག་དང་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་། མཚམས་གནས་དགོན་པ་དང་ད་ཚང་དགོན་པ་བཅས་ནི་གྲགས་ཆེ་བ་དང་། འབར་ཁམས་ཡུལ་ཚོ་རུ་གྲུབ་མཐའ་མང་པོ་ཡོད་པའི་འབར་ཁམས་དགོན་པ་རི་བོ་དགེ་ལྡན་པ་དང་ཇོ་ནང་བ་ཛ་འགོ་དགོན་པ། རྙིང་མ་བ་བྱ་རོང་དགོན་པ། ས་སྐྱ་བ་སྦས་གཏེར་དགོན་པ་དང་བཀའ་བརྒྱུད་པ་ལྷ་ཚེ་དགོན་པ། བོན་གྱི་གཡུང་དྲུང་དགོན་པ་ལ་སོགས་ཡོད་དོ། །