དངོས་ལུགས་དངོས་བཤེར་ཇི་ལྟར་ལེགས་པོར་བསྒྲུབ་དགོས།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-05 09:10ལ་འགྲུབ།

དངོས་ལུགས་དངོས་བཤེར་ཇི་ལྟར་ལེགས་པོར་བསྒྲུབ་དགོས།

དངོས་ལུགས་དངོས་བཤེར་ཇི་ལྟར་ལེགས་པོར་བསྒྲུབ་དགོས།
དངོས་ལུགས་དངོས་བཤེར་བསྒྲུབ་རྒྱུ་ནི་ལས་སླ་མོ་ཞིག་མིན་པར། དངོས་ལུགས་ཀྱི་དངོས་བཤེར་གང་ཞིག་སྒྲུབ་དགོས་རུང་། དངོས་བཤེར་གྱི་གཞི་འཛིན་སའི་དངོས་ལུགས་ཤེས་བྱ་གསལ་བོར་ཤེས་དགོས་པ་མ་ཟད། ལག་པ་འགུལ་དགོས་ལ། བསམ་བློའང་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་དོན་དངོས་ལ་བརྩི་འཇོག་བྱེད་པ་དང་གཟབ་ནན་གྱིས་བཀོལ་སྤྱོད་བྱེད་པ་དང་དབྱེ་ཞིབ་ཞིབ་མོ་བྱེད་དགོས།
1 ལག་པ་འགུལ་དགོས་ལ། བསམ་བློའང་གཏོང་དགོས་པ།

དངོས་ལུགས་ཀྱི་དངོས་བཤེར་བསྒྲུབ་རྒྱུ་ནི་ལས་སླ་མོ་ཞིག་མིན་པར། དེར་བསམ་བློ་གཏོང་དགོས།དངོས་བཤེར་སྒྲུབ་པའི་སྔོན་ལ་དངོས་བཤེར་གྱི་དམིགས་ཡུལ་གསལ་བོར་དགོས་ཏེ། ཤེས་མེད་པའི་ཆོས་ཉིད་ཅིག་ལ་འཚོལ་དཔྱད་བྱེད་དགོས་པ་ཡིན་ནམ་ཤེས་ཟིན་པའི་ཆོས་ཉིད་ཅིག་ར་སྤྲོད་བྱེད་དགོས་པ་ཡིན། ཡང་ན་དངོས་ལུགས་ཚད་ཅིག་འཇལ་དགོས་པ་ཡིན།

གཞན་ད་དུང་དངོས་བཤེར་གྱི་རིགས་པ་གསལ་བོར་ཤེས་དགོས། དངོས་ལུགས་ཀྱི་དངོས་བཤེར་རིགས་གང་ཞིག་སྒྲུབ་དགོས་རུང་། དངོས་བཤེར་གྱི་གཞི་འཛིན་སའི་དངོས་ལུགས་ཤེས་བྱ་གསལ་བོར་ཤེས་དགོས། གལ་ཏེ་དངོས་བཤེར་སྒྲུབས་སྐབས་ཇུས་འགོད་ངེས་ཅན་ཞིག་བྱེད་དགོས་ན། ལྷག་ཏུ་བསམ་བློ་གཏོང་དགོས།

དངོས་བཤེར་དཔྱད་ཆས་ཀྱི་བྱ་བའི་རིགས་པའང་བསམ་བློ་བཏང་ནས་ཞིབ་འཇུག་བྱེད་དགོས། དཔེར་ན། “ཚེག་འགོད་དུ་བགྲང་ཆས་ཀྱི་འགྲོས་ཚད་འཇལ་བ”ཞེས་པའི་དངོས་བཤེར་དུ། སློབ་གྲོགས་ཚོས་ཐོག་དང་པོར་ཚེག་འགོད་དུས་བགྲང་ཆས་བཀོལ་བ་ཡིན་པས། བཀོལ་སྤྱོད་བྱེད་པའི་སྔོན་ལ་སློབ་དེབ་བམ་ཡང་ན་དགེ་རྒན་གྱིས་གྲ་སྒྲིག་བྱས་ཡོད་པའི་དངོས་བཤེར་དཔྱད་ཆས་ཀྱི་གསལ་བཤད་ཡི་གེར་ནན་ཏན་གྱིས་གློག་པ་དང་། བྱ་དངོས་དང་འབྲེལ་ནས་དེའི་གྲུབ་ཚུལ་དང་ཁག་སོ་སོའི་ནུས་པ། བེད་སྤྱོད་བྱེད་སྐབས་མཉམ་འཇོག་དགོས་པའི་དོན་ཚན་བཅས་གསལ་བོར་ཤེས་དགོས། དཔྱད་ཆས་གསར་བ་བེད་སྤྱོད་སྐབས་གོང་གི་གནད་དོན་དེ་དག་ཁོང་དུ་མ་ཆུད་པའི་སྔོན་ལ་བཀོལ་སྤྱོད་བྱེད་མི་ཆོག

དངོས་ལུགས་བསླབ་དེབ་ཏུ་སློབ་མའི་དངོས་བཤེར་ལ་བྱེ་བྲག་གི་བཀོལ་སྤྱོད་གོ་རིམ་བཀོད་མེད་པས། སློབ་གྲོགས་ཚོས་བཀོལ་སྤྱོད་མ་བྱས་པའི་གོང་དུ་ཐོག་མར་ཅི་ཞིག་སྒྲུབ་པ་དང་རྗེས་སུ་ཅི་ཞིག་སྒྲུབ་པའི་འཆར་གཞི་འགོད་དགོས། དགོས་གལ་ཡོད་དུས་གོ་རིམ་འབྲི་དགོས།

.jpg

དཔེ་རིས་དང་པོ། དེང་རབས་རིལ་རྡུལ་དངོས་ལུགས་རིག་པ་བས་སྤུས་རྡུལ་དང་མ་ནིང་རྡུལ་ནི་ཁཱར་ཁི་ལས་གྲུབ་ཅིང་། ཁཱར་ཁི་མི་མཐུན་པ་ཕོ་མོ་གློག་གང་རུང་ལྡན་པ་དང་གློག་ཁུར་ཚད་ནི་སྤུས་རྡུལ(ཡང་ན་གློག་རྡུལ)གྱི1/3ཡང་ན2/3ཡིན་པར་འདོད།

དངོས་བཤེར་བྱེད་པའི་སྐབས་སུ་གནད་དོན་ཅི་ཞིག་འབྱུང་སྲིད་པ་དང་རྒྱུ་རྐྱེན་ཅི་ཞིག་གིས་བྱུང་དུ་བཅུག་སྲིད་པ། ཇི་ལྟར་སྔོན་འགོག་བྱེད་པ།  གལ་ཏེ་གནད་དོན་བྱུང་ཚེ་ཇི་ལྟར་ཐག་གཅོད་པ་བཅས་ཀྱི་གནད་དོན་འདི་དག་ལའང་སྔ་མོ་ནས་བསམ་བློ་གཏོང་དགོས།

2 དངོས་ཐོག་བདེན་འཚོལ་དང་དོན་དངོས་ལ་བརྩི་འཇོག་བྱེད་པ།

དངོས་བཤེར་བྱེད་སྐབས་ལྟ་ཞིབ་བྱས་པའི་སྣང་ཚུལ་དང་བཅལ་བའི་གཞི་འཛིན་གྲངས། ཐོབ་པའི་སྡོམ་ཚིག་བཅས་སྔོན་དཔག་དང་མི་མཐུན་པ་དང་། སློབ་གྲོགས་གཞན་དང་མི་མཐུན་པ། བསླབས་ཟིན་པའ་ཤེས་བྱ་དང་མི་མཐུན་པའི་གནས་ཚུལ་ཡང་འབྱུང་སྲིད། སྐབས་དེར་དངོས་ཐོག་བདེན་འཚོལ་དང་དོན་དངོས་ལ་བརྩི་འཇོག་བྱེད་རྒྱུ་ཤིན་ཏུ་གལ་ཆེ། གནས་ཚུལ་འདི་ལྟ་བུ་བྱུང་ཚེ། ཐོག་མར་དངོས་བཤེར་ཇུས་འགོད་བྱས་པར་གནད་དོན་ཡོད་མེད་དང་། བཀོལ་སྤྱོད་བྱས་པ་ནོར་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས། ཕྱོགས་གཅིག་ནས་བཤད་ན་གནད་དོན་འདི་ལྟ་བུ་བྱུང་ན་བཟང་ཆ་ཡོད་དེ། སློབ་སྦྱོང་ཁྲོད་ཀྱི་ཞན་ཆ་འཚོལ་བར་རོགས་བྱེད་ཐུབ་པ་མ་ཟད། ཐ་ན་ཤེས་རྟོགས་པ་གསར་བའང་འབྱུང་སྲིད།

ད་ལྟ་ཚང་མས་ཤེས་གསལ་ལྟར། དངོས་བཤེར་ལས་ལྟ་ཞིབ་བྱས་པའི་གློག་ཁུར་གྱི་ཆེས་ཆུང་བའི་འཇལ་བྱེད་ནི་སྤུས་རྡུལ(ཡང་ན་གློག་རྡུལ)གྱི་གློག་ཁུར་ཡིན། དེར་རྒྱུ་གློག་ཁུར་ཟེར། སྤྱི་ལོ1907ལོ~སྤྱི་ལོ1913ལོའི་བར་དུ་ཨ་མ་རི་ཁའི་དངོས་ལུགས་རིག་པ་བR.A.མི་ལི་ཁན་གྱིས་དངོས་བཤེར་ལ་བརྟེན་ནས་རྒྱུ་གློག་ཁུར་བཅལ་བ་རེད། ཡིན་ན་ཡང་གཞི་འཛིན་གྲངས་ཤིག་གིས་གསལ་སྟོན་བྱས་པ་ལྟར་ན། དངོས་བཤེར་བྱེད་སྐབས་ལྟ་ཞིབ་བྱས་པའི་གློག་ཁུར་ཚད་ནི་རྒྱུ་གློག་ཁུར་གྱི་སུམ་ཆའི་གཅིག་གི་གློག་ཁུར་ཡིན། ཁོ་ལ་དེ་ནི་ཚད་བཅལ་པ་ནོར་ཡོད་པའི་ཁུངས་ལུང་འདང་ངེས་ཤིག་མེད་པས། གཞི་འཛིན་གྲངས་དེ་ཇི་མ་ཇི་བཞིན་དུ་ཐོ་འགོད་བྱས་པ་རེད། ཉེ་བའི་ལོ་འགའི་རིང་། རིལ་རྡུལ་དངོས་ལུགས་རིག་པ་བ་རྣམས་ཀྱིས་སྤུས་རྡུལ་དང་མ་ནིང་རྡུལ་ནི་ཁཱར་ཁི་ཡིས་གྲུབ་ཅིང་། ཁཱར་ཁིའི་གློག་ཁུར་ཚད་དེ་རྒྱུ་གློག་ཁུར་གྱི་སུམ་ཆའི་གཅིག་གམ་ཡང་ན་སུམ་ཆའི་གཉིས་ཡིན་ཆོག་པར་འདོད། དེས་ན་མི་ལི་ཁན་གྱིས་སྔོན་ཆད་སྟེས་དབང་གིས་ཁཱར་ཁི་ཤེས་སོང་ཟེར་ན་ཆོག་གམ། དེར་ཁུངས་ལུང་འདང་ངེས་ཤིག་འདྲེན་དཀའ། ཁྱད་མཚར་བའི་ཟིན་ཐོ་འདི་དངོས་ལུགས་རིག་པ་བས་རྗེས་ཕྱོགས་སུ་གསལ་བཤད་བྱེད་དགོས་པ་ཞིག་ཏུ་འགྱུར།

སློབ་གྲོགས་ཚོས་དངོས་ལུགས་ཀྱི་ཆོས་ཉིད་མང་པོ་ཞིག་བསླབས་ཟིན་ཏེ། དཔེར་ན་ཤུགས་ཀྱི་མཉམ་འགྲོ་མཐའ་བཞི་དབྱིབས་ངེས་ལུགས་དང་ཉིའུ་ཏུན་གཏན་སྲོལ་གཉིས་པ་སོགས་ལྟ་བུ། ཆོས་ཉིད་དེ་དག་བལྟ་ཚོད་ཀྱིས་གནད་བསྡུས་ཤིང་ཞིབ་གཙིགས་ལྡན་པ་ཞིག་རེད། ཡིན་ན་ཡང་དངོས་བཤེར་གྱི་མཇུག་འབྲས་ནི་རྒྱུན་པར་མིའི་འདོད་བློ་དང་མི་མཐུན་ཞིང་ཐོབ་པའི་གཞི་འཛིན་གྲངས་ཀྱང་གཏན་སྲོལ་དུ་བརྗོད་པ་བཞིན་དེ་འདྲའི་འཐུས་ཚང་ཞིག་མིན། ཡིན་ན་ཡང་བློ་ཕམ་མི་རུང་ལ། ལྷག་པར་གཞི་འཛིན་གྲངས་གང་འདོད་དུ་བཟོ་བཅོས་བྱས་ནས་དཔེ་ཆར་བཀོད་པའི་སྡོམ་ཚིག་དང་འཚམ་པར་གཏན་ནས་བྱ་མི་རུང་། ཁྱད་པར་དེ་འདྲ་བྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན།  དེ་ནི་སློབ་འབྲིང་དངོས་ལུགས་དངོས་བཤེར་དཔྱད་ཆས་ཀྱི་ཞིབ་གཙིགས་ཚད་མི་མཐོ་བའི་རྐྱེན་ཡིན། འོན་ཀྱང་གཤམ་གྱི་ཚན་པ་འགའ་ལས་དེ་བས་ཀྱང་གཏིང་ཟབ་པའི་རྒྱུ་མཚན་བཤད་ཡོད།

དངོས་བཤེར་བརྒྱུད་ནས་འགྲོས་སྣོན་ཚད་དང་དངོས་གཟུགས་ལ་ཤུགས་ཐེབས་པའི་འབྲེལ་བར་འཚོལ་དཔྱད་བྱེད་སྐབས། ང་ཚོས་སྣང་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་གཞི་འཛིན་གྲངས་རགས་རིམ་གཞིར་བཟུང་ནས། འགྲོས་སྣོད་ཚད་དེ་དངོས་གཟུགས་ཀྱི་ཤུགས་ཐེབས་གནས་ཚུལ་དང་མཐུན་སྡུར་དུ་གྲུབ་པར་ཚོད་དཔག་བྱས་པ་ཡིན། འདི་ནི་ཚོད་དཔག་ཙམ་ཡིན་པས། དངོས་བཤེར་གྱི་སྟེང་ནས་ར་སྤྲོད་བྱེད་དགོས་པ་རེད། དེ་བས་ང་ཚོས་དངོས་གཟུགས་མི་མཐུན་པ་སྤྱད་ནས་དངོས་བཤེར་ཐེངས་དུ་མར་བསྒྲུབས། གལ་ཏེ་དངོས་བཤེར་ལས་ཐོབ་པའིa-Fཡི་དཔེ་རིས་དེ་དྲང་ཐིག་མིན་ན། ང་ཚོའི་ཚད་དཔག་དེ་ནོར་འདུག་པ་གསལ་བཤད་བྱེད་ཐུབ་པ་ཁོ་ཐག་ཡིན། ཡིན་ན་ཡང་ང་ཚོར་པར་རིས་སྟེང་གི་དྲང་ཐིག་འགའ་ཐོབ། དཔེ་རིས་དེ་དག་ང་ཚོའི་ཚོད་དཔག་དང་ཡོངས་སུ་མཐུན་པ་ཞིག་མིན་རུང་། དེ་དག་གིས་དེ་ལྟ་བུའི་ཚོད་དཔག་ཡང་དག་ཡིན་སྲིད་པ་གསལ་བོར་བསྟན་ཡོད། ཁྱོད་ཀྱིས་སློབ་འབྲིང་གི་དངོས་ལུགས་དངོས་བཤེར་དཔྱད་ཆས་ཀྱི་ཞིབ་གཙིགས་ཚད་མི་མཐོ་བས། དེ་བས་ཀྱང་བཟང་བའི་དཔྱད་ཆས་སྤྱད་ན་མ་ཚེག་བརྒྱུད་པའི་དྲང་ཐིག་ཅིག་འཐོབ་ཐུབ་པར་འདོད་སྲིད། ཡིན་ཡང་གལ་ཏེ་དེ་བས་ཀྱང་ལེགས་པའི་དཔྱད་ཆས་སྤྱོད་ན། ཚད་གཞི་དེ་བས་ཀྱང་མཐོན་པོའི་སྟེང་ནས་དྲང་ཐིག་དེར་ཞིབ་བཤེར་བྱེད་དགོས་ཤིང་། སྐབས་དེར་དྲང་ཐིག་དེ་སྔར་བཞིན་མ་ཚེག་མི་བརྒྱུད་པ་མཐོང་ཐུབ།

མདོར་བསྡུས་ན། དངོས་ལུགས་རིག་པའི་ཆོས་ཉིད་དེ་དངོས་བཤེར་འགའི་སྟེང་ནས་ཕྱོགས་བསྡུས་བྱས་པ་ཞིག་མིན་ལ། དེ་དག་ཡང་དག་ཡིན་པའི་རྒྱུ་མཚན་ནི། དེ་དག་ལས་ཐོབ་པའི་སྡོམ་ཚིག་ཧ་ཅང་མང་པོ་དོན་དངོས་དང་གཅིག་མཐུན་ཡིན་པའི་རྐྱེན་ཡིན། དེ་ལྟར་ཡིན་རུང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དེར་དོགས་སེམས་འཛིན་དགོས་ཏེ། གནས་ཚུལ་གསར་བ་ལ་ལའི་འོག་ཏུ། ང་ཚོར་རྒྱུད་འབྱམས་སུ་སོང་ཡོད་པའི་ཆོས་ཉིད་ཚུགས་མི་ཐུབ་པའི་གནས་ཚུལ་འབྱུང་ཡང་སྲིད།

.jpg

ཀ་པ། ཚོད་དཔག་བྱས་པའིa-Fདཔེ་རིས།                    ཁ་པ། དངོས་བཤེར་གྱི་གཞི་འཛིན་གྲངས་གཞིར་བཟུང་ནས་བཀོད་པའི་དཔེ་རིས།

དཔེ་རིས་གཉིས་པ།    འགྲོས་སྣོན་ཚད་དང་དངོས་གཟུགས་ལ་ཤུགས་ཐེབས་པའི་འབྲེལ་བའི་དཔེ་རིས།


དེ་ལྟ་བུའི་གོ་རྟོགས་བྱུང་ཚེ། གཞི་འཛིན་གྲངས་དེ་དཔེ་ཆ་དང་མི་མཐུན་པ་ལ་ཡིད་སྐྱོ་དགོས་དོན་མེད་ཅིང་། ཐོ་འགོད་བཅོས་ནས་དཔེ་ཆ་དང་བསྟུན་ཅི་ཐུབ་བྱེད་དགོས་དོན་ཡང་གཏན་ནས་མེད། དེ་ལྟ་བུའི་ཁྱད་པར་གསར་རྟོགས་འབྱུང་སྲིད་པའམ་ཡང་ན་མ་མཐའ་ཡང་རང་གི་ནོར་འཁྲུལ་ལ་ཞིབ་བཤེར་བྱེད་ཐུབ། ང་ཚོའི་འགན་ཁུར་ནི་གཞི་འཛིན་གྲངས་དངོས་ཇི་མ་ཇི་བཞིན་དུ་འགོད་རྒྱུ་དེ་ཡིན།

3 གཟབ་ནན་གྱིས་བཀོལ་སྤྱོད་བྱེད་པ་དང་དབྱེ་ཞིབ་ཞིབ་མོ་བྱེད་དགོས་པ།

བཀོལ་སྤྱོད་བྱེད་པའི་ཁྲོད་དུ་བདེ་འཇགས་ལ་དོ་སྣང་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས།

ཐོག་མར། ལུས་ཁམས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། གློག་སྤྱོད་པའི་དཔྱད་ཆས་མཐའ་དག་སྟེ། དཔེར་ན་ཚེག་འགོད་དུས་བགྲང་ཆས་ལྟ་བུ་སྤྱོད་སྐབས་གློག་ཁུངས་སྒྲིག་གཅོད་བྱེད་པར་སེམས་ཆུང་བྱེད་དགོས། དམའ་འབྲིང་སྐབས་སུ་བསླབས་པའི་བདེ་འཇགས་ཀྱིས་གློག་སྤྱོད་པའི་རྒྱུན་ཤེས་དེ་སྐབས་འདིར་བེད་སྤྱོད་བྱས་ཆོག འགྲོས་མཐོའི་ངང་འཁོར་སྐྱོད་བྱེད་པ་དང་འབར་གས་འབྱུང་སྲིད་པ། གཤེར་གཟུགས་ཕྱིར་འཕྱུར་སྲིད་པའི་གནས་བབ་ཏུ་རབ་ཡིན་ན་མིག་སྲུང་མིག་ཤེལ་གྱོན་ཏེ་མིག་ལ་སྲུང་སྐྱོབ་བྱེད་དགོས།

གཞན་ད་དུང་དཔྱད་ཆས་ལ་སྐྱོན་མི་འབྱུང་བར་ཁག་ཐེག་བྱེད་དགོས། དཔྱད་ཆས་རིགས་སོ་སོ་བླང་བྱ་ལྟར་སྤྱོད་དགོས་ཤིང་། ཆ་རྒྱུས་མེད་པའི་དཔྱད་ཆས་སྤྱོད་སྐབས་ཐོག་མར་དེའི་སྤྱོད་གནད་གསལ་བོར་ཤེས་དགོས་པ་དང་། གསལ་བཤད་ཡི་གེར་བརྟེན་ནས་དཔྱད་ཆས་དེའི་རིགས་པ་དང་སྤྱོད་སྟངས་ལ་རྒྱུས་ལོན་བྱ་དགོས།

བདེ་འཇགས་ཁག་ཐེག་བྱེད་པའི་རྩ་དོན་གལ་ཆེན་ཞིག་ནི། བྱ་བ་སྒྲུབ་པའི་སྔོན་ལ་འབྱུང་སྲིད་པའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཡོད་ཚད་ཅི་ཐུབ་ཀྱིས་སྔོན་དཔག་བྱེད་དགོས་ཏེ། ལུས་པོ་གཡས་གཡོན་དུ་འཁོར་སྐབས་དཔྱད་ཆས་ལ་ཐོགས་ཏེ་སར་ལྷུང་མིན་དང་། ཚ་སྣོན་བྱེད་སྐབས་སྲེག་ཕོར་ནང་གི་གཤེར་གཟུགས་ཕྱིར་འཕྱུར་མིན། འཁོར་ལོ་ཆུང་བའི་ཐོག་གི་ལྗིད་དངོས་དེ་འཐེན་ནས་སར་ལྷུང་བའི་སྔོན་ལ་འཁོར་ལོ་ཆུང་བ་སར་འདྲུད་མིན།  གནས་ཚུལ་ཡོད་ཚད་སྐབས་འདིར་འགོད་མི་ཐུབ་ལ། དངོས་བཤེར་སྒྲུབ་པའི་སྔོན་ལའང་འབྱུང་སྲིད་པའི་གནས་ཚུལ་ཡོད་ཚད་སྔོན་དཔག་བྱེད་མི་ཐུབ། ཡིན་ཡང་བཀོལ་སྤྱོད་བྱེད་པའི་སྔོན་ལ་བདེ་འཇགས་ཞིབ་བཤེར་བྱེད་པའི་གོམས་སྲོལ་ཞིག་ཆགས་ཚེ། རྗེས་ཕྱོགས་ཀྱི་བྱ་བ་དང་འཚོ་བ་རུ་ཕན་པ་ཆེན་པོ་ཡོད།

གཟབ་ནན་གྱིས་བཀོལ་སྤྱོད་བྱེད་དགོས། ཞིབ་ཚགས་མིན་པའི་བྱ་སྤྱོད་གང་རུང་ཞིག་གིས་བློ་སེམས་གཅིག་སྒྲིམ་གྱིས་གྲ་སྒྲིག་བྱས་པའི་དངོས་བཤེར་དེར་ཕམ་ཁ་འབྱུང་དུ་འཇུག་སྲིད། དངོས་བཤེར་སྒྲིབ་རིམ་རེ་རེ་མཇུག་རྫོགས་རྗེས་དེར་གདེང་ཚོད་བྱེད་དགོས་ཏེ། དཔེར་ན་སྔོན་གྱི་བཀོལ་སྤྱོད་ཕྱིར་དྲན་བྱས་ཏེ་གནད་དོན་ཡོད་མེད་དང་། ཧེ་བག་ཅི་ཞིག་འབྱུང་སྲིད་པ་སོགས་ཀྱི་ཐད་ལ་བསམ་བློ་གཏོང་དགོས། དངོས་བཤེར་བསྒྲུབས་ཚར་རྗེས་གཞི་འཛིན་གྲངས་ལ་དབྱེ་ཞིབ་ནན་མོས་བྱས་ཏེ། དེ་ལས་སྡོམ་ཚིག་ཕྱོགས་སྡོམ་བྱེད་དགོས། ཕྱོགས་འདིའི་ཐད་ནས་བཤད་ན། དངོས་བཤེར་མི་མཐུན་པའི་བར་དུ་ཁྱད་པར་ཧ་ཅང་ཆེ་བས། བྱེ་བྲག་གི་གནད་དོན་དང་འབྲེལ་ནས་དབྱེ་ཞིབ་བྱེད་དགོས།

དངོས་བཤེར་བསྒྲུབས་རྗེས་དངོས་བཤེར་སྙན་ཞུ་ནན་ཏན་གྱིས་བྲིས་ཏེ། རང་ཉིད་ཀྱི་གྲུབ་འབྲས་དང་ལྟ་ཚུལ་བརྗོད་དགོས། མི་གཞན་ལ་རང་ཉིད་ཀྱི་གྲུབ་འབྲས་བརྗེ་རེས་བྱ་རྒྱུ་ནི་དེང་རབས་ཚན་རིག་ཞིབ་འཇུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རང་ཉིད་ཀྱི་དངོས་བཤེར་གྲུབ་འབྲས་དེ་མི་གཞན་ལ་བཤད་དེ།  གཞན་གྱི་སྐྱོན་བརྗོད་དང་དོགས་འདྲི་ལ་ཉན་པ་དང་ཆབས་ཅིག   གཞན་གྱི་གྲུབ་འབྲས་ལས་རང་ཉིད་ཀྱི་བློ་སྒོ་འབྱེད་དུ་འཇུག་དགོས། བརྒྱུད་རིམ་དེ་རུ་དངོས་བཤེར་སྙན་ཞུ་ནི་སྨྱན་རྫས་ཧ་ཅང་བཟང་པོ་ཞིག་ཡིན་ནོ།།


བརྡ་འགྲེལ་གདོང་འཛར།

དངོས་ལུགས་རིག་པ། དངོས་བཤེར