སློབ་འབྲིང་སློབ་མས་དངོས་བཤེར་བསྒྲུབ་དགོས་དོན་ཅི།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-05 09:07ལ་འགྲུབ།

སློབ་འབྲིང་སློབ་མས་དངོས་བཤེར་བསྒྲུབ་དགོས་དོན་ཅི།

སློབ་འབྲིང་སློབ་མས་དངོས་བཤེར་བསྒྲུབ་དགོས་དོན་ཅི།
སློབ་གྲོགས་ཚོའི་ཤེས་བྱའི་རྨང་གཞི་ཅུང་ཞན་པའི་དབང་གིས། སློབ་འབྲིང་དངོས་བཤེར་ཀྱིས་དངོས་ལུགས་རིག་པ་འཕེལ་རྒྱས་གཏོང་དཀའ་མོད། འོན་ཀྱང་སློབ་འབྲིང་སློབ་མས་ད་དུང་དངོས་བཤེར་བསྒྲུབ་དགོས་པ་ནི་གཙོ་བོར་ཚན་རིག་གི་གོ་རིམ་བརྒྱུད་པ་དང་ཚན་རིག་གི་བྱེད་ཐབས་ཉམས་སུ་ལེན་པ། ཚན་རིག་གི་རིན་ཐང་ལྟ་ཚུལ་འཛུགས་པ། ཚན་རིག་ལ་དེ་བས་ཀྱང་དགའ་ཞེན་བྱེད་པ་དང་ཚན་རིག་བྱ་བཞག་ཁྲོད་ཀྱི་སྤྲོ་སྣང་ཉམས་སུ་ལེན་པ། ཚན་རིག་ཤེས་བྱ་སྦྱོང་བ་དང་བེད་སྤྱོད་ནུས་རྩལ་མཐོར་འདེགས་བྱེད་པར་དམིགས་པ་ཡིན།
1 ཚན་རིག་གི་གོ་རིམ་བརྒྱུད་པ་དང་ཚན་རིག་གི་བྱེད་ཐབས་ཉམས་སུ་ལེན་པ། ཚན་རིག་གི་རིན་ཐང་ལྟ་ཚུལ་འཛུགས་པ།

སློབ་གྲྭའི་དངོས་ལུགས་དངོས་བཤེར་ཅུང་སླ་མོད།  འོན་ཀྱང“ཁང་བྱེའུ་ཆུང་ཡང་ནང་ཁྲོད་ཆ་ཚང”ཞེས་པ་བཞིན། སློབ་མའི་དངོས་བཤེར་རིགས་སོ་སོར་ཚན་རིག་དངོས་བཤེར་གྱི་རྒྱུ་རྐྱེན་གཙོ་བོ་མང་ཤས་འདུས་ཡོད། དཔེར་ན། དངོས་ལུགས་བསླབ་དེབ་ཏུ་འཚོལ་དཔྱད་རང་བཞིན་གྱི་དངོས་བཤེར་མང་པོ་བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་གི་དྲི་བ་ནི་རྩོམ་སྒྲིག་པས་བཏོན་པ་ཡིན་རུང་། ཆ་འཇོག་པ་དང་དངོས་བཤེར་ཇུས་འགོད་བྱེད་པ། དངོས་བཤེར་སྒྲུབ་པ། གཞི་འཛིན་གྲངས་སྒྲིག་གཅོད་བྱེད་པ་སོགས་ཀྱི་བརྒྱུད་རིམ་ནི་གནས་ཚུལ་དངོས་ལ་གཞིགས་ནས། སློབ་མ་རང་ཉིད་ཀྱིས་བསྒྲུབ་དགོས་པ་དང་། སློབ་གྲོགས་ཚོས་དངོས་བཤེར་སྒྲུབ་པའི་གོ་རིམ་ཁྲོད་དུ་ཚན་རིག་གི་བྱེད་ཐབས་ཉམས་སུ་ལེན་དགོས་པའི་བླང་བྱ་བཏོན་ཡོད། ཚན་རིག་གི་བྱེད་ཐབས་བསླབས་ན། དངོས་ལུགས་སློབ་སྦྱོང་བྱེད་པར་ཕན་ཡོད་པ་མ་ཟད། ད་དུང་རྗེས་སུ་ཁྱབ་ཁོངས་གཞན་པའི་བྱ་དངོས་ངོས་འཛིན་པར་ཡང་ཕན་པ་ཆེན་པོ་ཡོད།

སློབ་གྲོགས་ཚོས་དམའ་འབྲིང་གི་ཚན་རིག་བསླབ་ཚན་གྱི་ཚན་རིག་འཚོལ་དཔྱད་ད་དུང་ཡིད་ལ་བཟུང་ཡོད་ངེས་རེད། སྐབས་འགར་ཚང་མས་སྤོབས་པ་ཆེན་པོའི་སྒོ་ནས་ཆ་འཇོག་ཅིག་ལ་རྩོད་གླེང་དྲག་པོ་བྱེད་ཅིང་། ཚང་མས་རང་ཉིད་ལ་གནས་ལུགས་ཡོད་ཚུལ་བཤད། སྐབས་དེར་དགེ་རྒན་གྱིས་ཤན་མི་འབྱེད་པར། “ང་ཚོས་དངོས་བཤེར་འདི་བསྒྲུབས་ཏེ་སུའི་བཤད་ཚུལ་འགྲིག་པར་བལྟ”ཞེས་བཤད། དེ་ནས་ཚང་མས་སེམས་ལྷོད་ལ་བབས་ནས་དངོས་བཤེར་ཇུས་འགོད་བྱེད་པ་དང་དངོས་བཤེར་སྒྲུབ་པ། དབྱེ་ཞིབ་བྱས་ནས་དངོས་བཤེར་མཇུག་འབྲས་ཀྱིས་བཤད་ཚུལ་གང་ཞིག་ལ་རམ་འདེགས་བྱེད་ཐུབ་པར་བལྟས། དེ་ལྟར་ཐེངས་མང་པོ་བརྒྱུད་རྗེས་ཡང་དག་ཡིན་མིན་བརྡར་ཤ་གཅོད་སྐབས་གཙོ་བོ་སུ“དབང་ཤེད་ཆེ་བ”དང་སུས་བཤད་པ“གནས་ལུགས་ཙམ”ཡོད་པར་མི་བལྟ་བར། སུའི་བཤད་ཚུལ་དོན་དངོས་དང་མཐུན་པར་ལྟ་བའི་གོམས་སྲོལ་ཞིག་སློབ་གྲོགས་ཚོར་ཆགས་པ་རེད། འདི་ནི“རིན་ཐང་ལྟ་ཚུལ”ཞིག་ཡིན་ལ། ཚན་རིག་ཞིབ་འཇུག་བྱེད་པར་གལ་འགངས་ཆེ་བ་མ་ཟད། ད་དུང་མི་ཚུལ་ལྡན་ཞིག་ཏུ་འགྱུར་བའི་རྩ་དོན་ཞིག་ཀྱང་ཡིན།

དངོས་ལུགས་བསླབ་ཏུ་ཚོར་འདྲེན་ཆས་དང་རྩིས་འཁོར་གྱིས་བསྒྲུབ་དགོས་པའི་དངོས་ལུགས་དངོས་བཤེར་ངོ་སྤྲོད་བྱས་ཟིན། གལ་ཏེ་ཁྱོད་ཀྱིས་ནན་ཏན་སྒོས་བསྒྲུབས་པ་དང་དེའི་སྤྱོད་ཐབས་བྱང་ཆུབ་ན། དེ་དག་ནི་རྟོགས་དཀའ་བ་ཞིག་མིན། དེང་རབས་སྤྱི་ཚོགས་ཤིག་ཡིན་ལ། མ་འོངས་པར་ཁྱོད་རང་འགྲིམ་འགྲུལ་ཉེན་རྟོགས་པ་ཞིག་ལས་བྱེད་མི་སྣ་ཞིག་ཏུ་གྱུར་ནས། རྩིས་འཁོར་སྤྱད་ནས་མཁོ་མཁན་ལ་སྡོམ་རྩིས་རྒྱག་ཀྱང་སྲིད། ཁྱོད་རང་ཉིད་ཀྱི་བྱ་བར་དངོས་སུ་ཞུགས་ཚེ། ཁོར་ཡུག་ལ་དེ་འདྲ་ཆ་རྒྱུས་མེད་པ་ཞིག་མིན་པའི་ཚོར་སྣང་སྟེར་སྲིད། རྒྱུ་མཚན་ནི་སློབ་འབྲིང་སྐབས་ཀྱི་དངོས་ལུགས་དངོས་བཤེར་ཁང་དུ་དེ་ལྟར་བསྒྲུབས་པའི་རྐྱེན་ཡིན།

དེར་བརྟེན། སློབ་གྲོགས་ཚོའི་དངོས་བཤེར་མཇུག་འབྲས་ཀྱི་བཟང་ངན་ནི་དངོས་གནས་གལ་ཆེ་མོད། འོན་ཀྱང་དངོས་བཤེར་གྱི་གོ་རིམ་བརྒྱུད་དེ། སྤྱད་པའི་བྱེད་ཐབས་ཉམས་སུ་ལེན་པ་དང་ཚན་རིག་གི་རིན་ཐང་ལྟ་ཚུལ་གྱི་བག་ཆགས་བཟང་བོ་བཞག་པ། ལག་རྩལ་ཅན་དུ་གྱུར་པའི་ཁོར་ཡུག་ལ་རྒྱུས་ལོན་བྱེད་པ་བཅས་ནི་དངོས་བཤེར་གྱི་མཇུག་འབྲས་ལས་ཀྱང་ཧ་ཅང་གལ་ཆེན་ཡིན།

2 ཚན་རིག་ལ་དེ་བས་ཀྱང་དགའ་ཞེན་བྱེད་པ་དང་ཚན་རིག་བྱ་བཞག་ཁྲོད་ཀྱི་སྤྲོ་སྣང་ཉམས་སུ་ལེན་པ།

དངོས་ལུགས་རིག་པ་ནི་མི་ལ་ལས་བཤད་པ་ལྟར་དེ་འདྲའི་སྤྲོ་བ་མེད་པ་ཞིག་གཏན་ནས་མིན། སློབ་གྲོགས་ཕལ་ཆེ་བ་དངོས་བཤེར་སྒྲུབ་པར་དགའ་བ་རེད། དངོས་བཤེར་སྒྲུབ་སྐབས་དཔྱད་ཆས་ངོ་མཚར་ཅན་ལ་འཕྲད་སྲིད་པ་དང་། སྣང་ཚུལ་ཡ་མཚན་ཅན་ཡང་མཐོང་ཐུབ། འདི་དག་དངོས་གནས་སྤྲོ་སྣང་ལྡན་པ་ཞིག་ཡིན་མོད། འོན་ཀྱང་ཇུས་འགོད་ཡང་དག་བྱེད་པ་དང་། གཟབ་ནན་གྱིས་བཀོལ་སྤྱོད་བྱེད་པ། རྩིས་ཞིབ་མོ་རྒྱག་པ་དང་དབྱེ་ཞིབ་ནན་མོ་བྱས་མཐར། ཐོབ་པའི་མཇུག་འབྲས་ཀྱིས་སྔར་གྱི་ཚོད་དཔག་ར་སྤྲོད་བྱས་པའམ་ཡང་ན་བློ་སྐྱེད་གསར་བ་ཐོབ་ཏུ་བཅུག   སྤྲོ་སྣང་དང་བདེ་སྐྱིད་ཀྱི་ཚོར་སྣང་འདི་ལྟ་བུ་རང་ཉིད་དངོས་སུ་བརྒྱུད་ནས་ད་གཟོད་ཉམས་ལེན་བྱེད་ཐུབ།

3 ཚན་རིག་ཤེས་བྱ་སྦྱོང་བ་དང་བེད་སྤྱོད་ནུས་རྩལ་མཐོར་འདེགས་བྱེད་པ།

དངོས་བཤེར་སྒྲུབ་ན་བསླབས་པའི་ཚན་རིག་ཤེས་བྱ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་དགོས་པ་མ་ཟད། ད་དུང་བཀོལ་སྤྱོད་ནུས་རྩལ་མང་པོར་སྦྱང་དགོས་ཏེ། གཅུས་གཟེར་ཇི་ལྟར་གཅུ་བ་དང་སྐུད་སྣེ་ཇི་ལྟར་མཐུད་པ། གློག་འཇལ་ཆས་ཇི་ལྟར་སྙོམས་སྒྲིག་བྱེད་པ། འཁྱམ་རྟགས་འཁར་ཁྲེའི་གྲངས་ཀ་ཇི་ལྟར་བརྩི་བ། མ་འོངས་པར་ཁྱོད་ཀྱི་ལས་རིགས་ཐད་ལ་འདི་ལྟ་བུའི་བྱེ་བྲག་གི་ནུས་རྩལ་མི་དགོས་མོད། འོན་ཀྱང་ལོ་འགའི་རིང་ལ་དངོས་ལུགས་ཀྱི་དངོས་བཤེར་བསྒྲུབ་རྗེས། ཁྱོད་ཀྱིས་མ་གཞིར་ནུས་རྩད་དེ་དག་ཀྱང་ཡ་མཚན་དགོས་དོན་ཅི་ཡང་མེད་པ་རྟོགས་ཐུབ། ཁྱོད་ཀྱིས་འཚོ་བ་དང་བྱ་བ་ལས་ནུས་རྩལ་གསར་བ་ཞིག་སྦྱོང་བ་བྱེད་དགོས་ཚེ། སྔར་མེད་ཀྱི་སྤོབས་པ་ཞིག་རང་རྒྱུད་ལ་སྐྱེ་སྲིད། དེ་ལས་གཞན་ད་དུང་ཁྱོད་ཀྱིས་བཀོལ་སྤྱོད་བྱེད་ཚུལ་ཤེས་པ་མི་གཞན་ལས་མགྱོགས་ངེས་རེད། དངོས་ལུགས་དངོས་བཤེར་གྱིས་ཁྱོད་རང་བློ་གསལ་ཞིང་ལག་བདེ་བ་ཞིག་ཏུ་གཏོང་སྲིད་དོ།། 


བརྡ་འགྲེལ་གདོང་འཛར།

དངོས་ལུགས་རིག་པ། དངོས་བཤེར།