རྡོ་དཀར་ཉིན་སྲིབ།སྔ་མའི་པར་གཞི་དེ ཨ་སངས།  ནས 2017-08-01 11:36ལ་འགྲུབ།

རྡོ་དཀར་ཉིན་སྲིབ།

རྡོ་དཀར་ལུང་པ་ནི་བསང་ཆུ་རྫོང་གི་ཤར་ལྷོར་གནས་ཤིང་། དེང་སང་གི་སྣ་བུག་ཞང་ཁག་གི་ཁོངས་སུ་གཏོགས། རྡོ་དཀར་ལུང་པ་ནི་ཤར་རྔོག་ཚོ་བ་ལྔ་དང་། ལྷོ་འབོ་ར། ནུབ་བྱང་གཙོས་བཅས་ཡུལ་ཚོ་རྣམས་དང་འབྲེལ།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
བསང་ཆུ་རྫོང་གི་ཤར་ལྷོར་གནས།
དབྱེ་བ།
རྡོ་དཀར་ཉིན་སྡེ། རྡོ་དཀར་སྲིབ་སྡེ།
1 ངོ་སྤྲོད།

རྡོ་དཀར་ལུང་པ་ནི་བསང་ཆུ་རྫོང་གི་ཤར་ལྷོར་གནས་ཤིང་།  དེང་སང་གི་སྣ་བུག་ཞང་ཁག་གི་ཁོངས་སུ་གཏོགས།  རྡོ་དཀར་ལུང་པ་ནི་ཤར་རྔོག་ཚོ་བ་ལྔ་དང་།  ལྷོ་འབོ་ར།  ནུབ་བྱང་གཙོས་བཅས་ཡུལ་ཚོ་རྣམས་དང་འབྲེལ།  རུ་ཆུང་ནང་ཟེར་བའི་ལུང་ཕུག་ཏུ་བྲག་རྡོ་བལ་ལས་དཀར་པ་ཞིག་མཆིས་པས་ན་ཀུན་གྱིས་བྲག་བལ་དཀར་རམ་རྡོ་བལ་དཀར་ཞེས་མིང་བཏགས།  རིམ་གྱིས་ལུང་པ་དེའི་མིང་ས་མིང་དང་ཚོ་མིང་དུ་ཐོགས།  རྡོ་དཀར་ཚོ་བའི་མི་རྒྱུད་ཀྱི་གོང་མ་ནི་སྔ་ཕྱི་རིམ་པ་གཉིས་བྱས་ཏེ་ཡུལ་འདིར་འོང་སྟེ།  གཅིག་ནི།  རྔོག་མགོ་ཚ་དང་ཝ་ཚ་སྤུན་མཆེད་གཉིས་ཀྱིས་ཁྱིམ་གཞི་གྱེས་སྐབས་སྨད་ཕྱོགས་ཡུལ་འདིར་སྤོས་ཏེ་གཤིས་མྱིག་མདོ་རུ་ས་བཟུང་ནས་བསྡད།  གཅིག་ནི་ཀླུ་ཤོད་ཚོ་བའི་ཆོས་བན་དེ་ཕྱུག་གི་རྒྱུད་པ་ལས་གྱེས་ཤིང་རྗེས་ཞེས་བྱ་བའི་ཡུལ་དུ་འབྲོག་ས་བྱས་ཏེ་བསྡད།  རིམ་བཞིན་རྡོ་དཀར་རྔོག་གི་ཚོ་པ་དང་ཆོས་བན་དེ་ཕྱུག་གི་ཚོ་བ་གཉིས་སུ་གྱུར།  དེ་གཉིས་ལས་རྡོ་དཀར་སྡེ་བ་བཅུ་བཞི་བྱུང་།  དེ་ཡང་ཉིན་སྲིབ་གཉིས་སུ་དབྱེ།  མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་སུ་རྡོ་དཀར་ཚོ་བ་ནི་གཙོས་སྒོ་རྫོང་དཔོན་པོའི་མངའ་འོག་ཏུ་བསྡུས་པས་གཙོས་ཚོ་བ་ཉེར་གཅིག་གི་ནང་ཚན་དུ་གྱུར།  དུས་ནམ་ཞིག་ལ་དབུས་ཀྱི་འབྲས་སྤུངས་དགོན་པའི་བོད་པ་ཆོས་རྗེས་ས་གནས་དེར་དགོན་པ་བཏབ།  དགོན་པའི་ཉེ་ལོགས་ཀྱི་རིའི་དབྱིབས་མཆོད་རྟེན་བང་རིམ་དང་འདྲ་བར་གཟིགས་ཏེ་དགོན་པར་མཆོད་རྟེན་ཤར་དགོན་ཞེས་གསོལ།  སླར་དགོན་པ་འདི་རྡོ་དཀར་ཚོ་བའི་ཡུལ་ཁོངས་སུ་གནས་ཕྱིར་རྡོ་དཀར་དགོན་ཞེས་མིང་བསྒྱུར།  གོང་མ་ཆན་ལུང་སྐབས་སུ་སྒོ་རྫོང་དཔོན་པོའི་རྒྱུད་པ་རབ་འབྱམས་བསྟན་སྐྱོང་གིས་རྡོ་དཀར་སྲིབ་སྡེ་བདུན་ནི་དགོན་པའི་མཆོད་ཐེབས་སུ་དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཕུལ།  སྒོ་མང་གྲྭ་ཚང་གི་དགེ་འདུན་པ་བསྐོ་མངགས་ཀྱིས་རྡོ་དཀར་ཚོ་བར་དོ་དམ་བྱས།  ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་པོ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐུགས་སྦྱོང་མཛད་དུས་སྒོ་མང་གྲྭ་ཚང་གིས་རྡོ་དཀར་དགོན་དང་ས་ཞིང་ལྷ་སྡེ་བཅས་པ་ཀུན་མཁྱེན་ལ་ཕུལ་པས་ཀུན་མཁྱེན་གྱིས་སླར་སྒོ་མང་གྲྭ་ཚང་ལ་དངུལ་གྱི་སྦྱིན་ཚབ་བསྩལ།  རྡོ་དཀར་དགོན་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་སླར་སྒོ་མང་གྲྭ་ཚང་ལ་དངུལ་གྱི་སྦྱིན་ཚབ་བསྩལ།   རྡོ་དཀར་དགོན་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཏུ་གྱུར།  རྡོ་དཀར་ཚོ་བ་ནི་བླ་བྲང་གི་ལྷ་སྡེ་ཚོ་ཆེན་བརྒྱད་ཀྱི་ནང་ཚན་དུ་གྱུར་ཏོ། །

2 དབྱེ་བ།
2_1 རྡོ་དཀར་ཉིན་སྡེ།

དེར་སྒོ་མང་ས་སེར།  ཨ་ཏེ།  བྲག་ཐོ་ལུང་།  རྔོག་སྡེ།  འོག་སྲུང་།  གསེར་ཕོར་བཅས་ཉིན་སྡེ་བདུན་ཡོད།

2_2 རྡོ་དཀར་སྲིབ་སྡེ།

དེར་རྗེ་རོ་དང་།  རེབ་ཙ་མདོ།  སྒུ་རི་སྟེང་།  རྡོ་དཀར་རུ་ཆུང་།  ནང་ཙ།  དམེ་སྡེ།  གསེར་ཕོར་རུ་ཆུང་བཅས་སྲིབ་སྡེ་བདུན་ཡོད།