དྲུང་ཡིག་སྨོན་ལམ་རྒྱ་མཚོ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2017-08-01 09:18ལ་འགྲུབ།

དྲུང་ཡིག་སྨོན་ལམ་རྒྱ་མཚོ།

དེང་རབས་ཀྱི་ཡིག་རིས་པ་ཆེན་མོ་དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་ནི། ད་ལྟའི་བསང་ཆུ་རྫོང་འབོ་རའི་ལོ་ཡག་ཐང་ཞེས་པའི་གྲོང་སྡེ་རུ1928ལོར་སྐྱེས། ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་ལྷག་པར་དགུང་ལོ་བཅུ་གཅིག་པ1939ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོ་ཚུལ་ཁྲིམས་དང་། ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད། དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་བསྟེན་ཏེ་སློབ་གཉེར་མི་དམན་པ་བྱས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
1928-1989.12.12
འཁྲུངས་ཡུལ།
བསང་ཆུ་རྫོང་འབོ་རའི་ལོ་ཡག་ཐང་།
གྲུབ་མཐའ།
དགེ་ལུགས་པ།
བླ་མ་གཙོ་བོ།
དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོ་ཚུལ་ཁྲིམས་སོགས།
འཐུས་ཚབ་བརྩམས་ཆོས།
《ཐོན་མིའི་བོད་ཡིག་བཟོས་པའི་ལོ་རྒྱུས》 《བོད་ཡིག་གི་རྣམ་གཞག》སོགས།
1 ངོ་སྤྲོད།

དེང་རབས་ཀྱི་ཡིག་རིས་པ་ཆེན་མོ་དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་ནི། ད་ལྟའི་བསང་ཆུ་རྫོང་འབོ་རའི་ལོ་ཡག་ཐང་ཞེས་པའི་གྲོང་སྡེ་རུ1928ལོར་སྐྱེས། ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་ལྷག་པར་དགུང་ལོ་བཅུ་གཅིག་པ1939ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོ་ཚུལ་ཁྲིམས་དང་། ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད། དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་བསྟེན་ཏེ་སློབ་གཉེར་མི་དམན་པ་བྱས། ནང་སྒོས་སུ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ཡུན་རིང་དུ་བསྟེན་ཏེ་ཆོས་སྤྱོད་དང་། སུམ་རྟགས། སྙན་ངག སྒྲ་གཞུང་། ཚད་མ་སོགས་ཐུན་མོང་རིག་གནས་ཁག་ལ་གསན་སྦྱོང་རྡོ་རུས་ཐུག་པ་མཛད་པའི་ཞོར་དུ་ཀུན་མཁྱེན་སྐུ་ཕྲེང་གཉིས་པའི་སྐུ་རིང་ནས་དར་འཕེལ་བྱུང་ཞིང་དཔང་ལོ་ཆེན་པོ་ནས་བརྒྱུད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡི་གེའི་ཁྲིད་རྒྱུན་ཁྱུང་བོ་གཡུ་ཁྲིའི་ཕྱག་བྲིས་ཀྱི་རི་མོའི་བཀྲག་མདངས་མ་ཉམས་པ་དབུ་ཅན་གྱི་ཡིག་གཟུགས་དང་། གཙང་གི་འབྲི་རྒྱུན་དབུ་མེད་འབྲུ་ཆེན་བྲིས་རྙིང་། ལཉྫ། ཝརྟུ་བཅས་ཀྱི་ཐིག་དང་ཕྱག་ལེན་ལ་འབྱོངས་པར་བསླབས་ཤིང་། དེ་མིན་ཀུན་མཁྱེན་སྐུ་ཕྲེང་ལྔ་པ་མཆོག་དབུས་སུ་ཞབས་སོར་འཁོད་ནས། 1950ལོར་ཕྱིར་གདན་ས་རང་ལ་ཆིབས་ཀྱི་ཁ་ལོ་བསྒྱུར་སྐབས། སྐུ་རྗེས་སུ་པོ་ཏ་ལའི་རིག་གནས་སློབ་གྲྭར་ལོ་བདུན་ལ་ཡི་གེར་སྦྱངས་བརྩོན་མཐར་ཕྱིན་ཏེ་བྲིས་གཟུགས་རྩེར་ཐོན་ཅིང་ཆེས་ལེགས་བྱ་དགའ་ཐོབ། ཀུན་མཁྱེན་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གི་སྐུ་ཉེ། རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ཞུ་བ་མདོ་སྨད་དུ་གདན་འདྲེན་ཞུས་ཤིང་། བཀྲ་ཤིས་འཁྱིལ་གྱི་ཐུབ་བསྟན་ཕོ་བྲང་དུ་གྲྭ་བཙུན་སློབ་གྲྭ་གསར་བཙུགས་ཀྱི་ཡིག་གཟུགས་དགེ་རྒན་དུ་བསྐོས་པ་ཁོང་གི་མདུན་ནས1942ལོའི་ཧོར་ཟླདང་པོ་ནས1947ལོའི་བར་ལོ་ངོ་ལྔའི་ཡུན་ལ་དགའ་ལྡན་ཡིག་གསར་ཞེས་པ་སྟེ། དེང་སང་མདོ་སྨད་ཁུལ་དུ་པོད(བོད)བྲིས་དང་། དབུས་བྲིས་བྲིས་རྙིང་ཞེས་པར་འབོད་པ། ཡུལ་དབུས་སུ་དར་རྒྱས་བྱུང་བའི་དབུ་མེད་ཀྱི་གཟུགས་རིས། སུག་རིང་དང་སུག་ཐུང་། འབྲུ་ཚ་དང་ཚེགས་ཆུང་། རྒྱུག་བྲིས་དང་འཁྱུགས་བྲིས། ལཉྫ། ཝརྟུ། ཡིག་གསར་དང་ཧོར་ཡིག་སོགས་རྩེ་སློབ་གྲྭའི་ཕྱག་ལེན་ཇི་བཞིན་གོ་རིམ་ལ་མཛོལ་བར་ལེགས་པར་སྦྱངས་ཏེ། 1944ལོར་ཀུན་མཁྱེན་སྐུ་ཕྲེང་ལྔ་པ་མཆོག་ལ་སློབ་གྲྭ་བ་རྣམས་ནས་ལན་ཝར་གཟབ་བཤར་ཧོར་ཡིག་སོགས་སྦྱངས་འབྲས་ཡིག་ཚད་གཟིགས་འབུལ་ཞུས་པར། ཁོང་ཉིད་ཡིག་རིས་ཨང་དང་པོ་ཐོན་པར་ཀུན་མཁྱེན་མཆོག་གིས་འཇམ་དར་སྤོས་ཁྲེ་གསུམ་དང་། སྲུང་མདུད། ཤིང་ཐོག་སོགས་ཀྱི་གསོལ་རས་བསྩལ་ནས་གཞོན་ན་དོན་གཉེར་ཅན་དྲུག་ཅུ་ལྷག་གི་ཚོགས་ལས་གཟེངས་སུ་ཐོན་ནས་མཁས་པའི་གྲགས་པ་རིམ་གྱིས་འབར། 1953ལོ་ནས་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་བཀའ་གསུང་བཞིན་བླ་བྲང་ཡིག་ཚང་གི་དྲུང་ཡིག་ཆེན་མོའི་ཁུར་ཡོངས་སུ་བཞེས་ཏེ་དྲུང་ཡིག་སྨོན་ལམ་ཞེས་པའི་མཚན་སྙན་འབར། 1953ལོ་ནས་འཇམ་དབྱངས་བློ་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས1958ལོའི་བར་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་དོན་བསྒྲུབས་པ་དང་། 1978ལོར་བྱ་བའི་ལས་གནས་སླར་གསོས་ཏེ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་གོང་རིམ་ཀྱི་བཀའ་ལྟར་ཁྲིན་ཏུའུ་སོགས་སུ་ཕེབས་ཏེ་རྒྱ་བོད་ཀྱི་མཁས་ཆེན་དུ་མ་དང་ལྷན་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་ཁ་སྐོང་དང་ཞུ་དག་ཐ་མའི་གཏན་འབེབས་ཀྱི་ལས་དོན་སོགས་རྩོམ་སྒྲིག་གི་བྱ་བར་ལོ་ངོ་གསུམ་རིང་ཕྱག་ལས་སུ་ཞུགས་ཏེ། ཐ་སྙད་འཚོལ་སྒྲིག་དང་རྩ་བའི་ཐ་སྙད་འགྲེལ་བཤད་དང་བཅས་འགན་བཞེས་པའི་གྲས་སུ་ཞུགས། ཁྱད་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཡང་དག་པའི་ལམ་ཕྱོགས་དང་སྲིད་ཇུས་ཀྱིས་ནག་ཉེས་འགེལ་གྱི་རྙོག་ཟིང་དྲང་བཅོས་བྱས་ནས། 1980ལོར་དཀར་འདོན་ཐོབ་ཅིང་ལོ་དེའི་ལོ་མཇུག་ནས་བཟུང་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཁུལ་མི་རིགས་སློབ་གྲྭ(ད་ལྟའི་ཁུལ་བོད་རིགས་སྣ་འཛོམས་ཆེད་གཉེར་སློབ་གྲྭ)ཡི་སློབ་གཙོ་གཞོན་པ་དང་མཚན་འཛིན་སློབ་གཙོ་བཅས་ཀྱི་འགན་རིམ་པར་བཞེས་ཏེ། རང་ཅག་བོད་མི་རིགས་ཀྱི་རིག་གནས་སློབ་གསོ་ལ་ཐུགས་ཞེན་ཟབ་མོའི་སྒོ་ནས་ཤེས་རིག་ཡར་རྒྱས་དང་མི་རིགས་སློབ་གསོའི་བྱ་གཞག་གི་དོན་དུ་སློབ་བུ་རབ་དང་རིམ་པ་བརྩེ་གཟིགས་ཟོལ་མེད་ཀྱིས་བསྐྱངས་ཏེ་སུམ་རྟགས་དག་གསུམ་དང་། ཡིག་གཟུགས་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་བར་གསེང་དུ་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་གི་གྲྭ་རིགས་དང་། སློབ་གྲྭ་བ་ཆེ་འབྲིང་ཆུང་གསུམ་དང་ལས་བྱེད་པ་བཅས་བོད་ཡིག་སློབ་མཁན་དུ་མ་ལ་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་ཁྲིད་ཅིང་། སློབ་གྲྭའི་ཕྱི་ནང་དུ་རིག་གནས་རྐང་འཛིན་པར་གྱུར་པ་མང་པོ་སྐྱེད་སྲིང་བྱས་ཏེ་མ་རིག་པའི་མུན་པ་བསལ་བའི་བློ་གྲོས་ཀྱི་སྣང་བ་གང་ལ་ཅི་འདོད་དུ་བསྩལ།

1987ལོར་སྐུ་ངལ་ལ་མ་འཛེམས་པར་སློབ་གྲྭ་རང་གི་བོད་སྐད་ཡིག་གི་བསླབ་དེབ་གསར་སྒྲིག་གི་བྱ་བར་ཐོག་མཐའ་བར་གསུམ་དུ་སྤྱི་དང་གཙོ་ཕྱོགས་ཀྱི་འགན་ཕྲག་ཏུ་བཞེས་ཏེ། དེབ་བཅུ་གཉིས་ཀྱི་བདག་ཉིད་ཅན་རྩོམ་སྒྲིག་མཛད་ནས་ཡིག་འབྲི་ཁྲི120ཟིན་པ་དེར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད། དུང་དཀར་བློ་བཟང་འཕྲིན་ལས་སོགས་མཁས་མཆོག་དུ་མས་བསྔགས་བརྗོད་གནང་མྱོང་།

ཁོང་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱི་དོན་ཁུར་དུ་བཞེས་མཁན་ཞིག་དང་བརྩོན་པ་ལྷུར་བཞེས་གནང་མཁན་ཞིག་ཡིན་པ་མ་ཟད།མཁས་པའི་སྒྲོབ་ཉམས་དང་གཡོ་སྒྱུའི་ཚུལ་འཆོས་སྤུ་ཙམ་མང་མེད་པར་ཐུགས་རྒྱུད་རབ་ཏུ་བཟང་ཞིང་གཞན་ཕན་གྱི་དགོངས་པ་རྒྱ་ཆེན་པོས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་དང་། མི་རིགས་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་སློབ་སྟོན་མཛད་པར་དཀའ་ངལ་ཞུམ་མེད་ཀྱིས་ཐུགས་སྟོབས་ཡོད་ཚད་འདོན་མཁན་ཞིག་ཡིན་པས། ཞིང་ཆེན་དང་ཁུལ་རིམ་པའི་གཟེངས་བསྟོད་ཐེངས་མང་ཐོབ། 1988ལོར་རྒྱལ་ཡོངས་རི་མོ་ཡིག་གཟུགས་གསར་པ་འདེམས་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཡིག་གཟུགས་ལེགས་པ་ཨང་དང་པོའི་ལག་འཁྱེར་དང་དངོས་པོའི་བྱ་དགའ་ཐོབ་པ་དང་མཐོ་རིམ་འཆད་ཁྲིད་དགེ་རྒན་གྱི་མིང་ཐོབ།

2 བརྩམས་ཆོས།

ཕྱག་ལས་གནང་ནས་བགྲང་བྱ་བཅུ་ལ་ཉེ་བའི་རིང་ལ། ཁོང་གིས་ང་ཚོར་བཞག་པའི་བརྩམས་ཆོས་གཙོ་བོ་ནི《ཐོན་མིའི་བོད་ཡིག་བཟོས་པའི་ལོ་རྒྱུས》དང་། 《བོད་ཡིག་གི་རྣམ་གཞག》 《བོད་ཡིག་དབུ་ཅན་འབྲི་ཚུལ》 《བོད་ཀྱི་ཡིག་སྐུར་རྣམ་གཞག་སྐོར》སོགས་ཉེར་མཁོའི་རིགས་མང་པོ་བཞུགས་ལ། ཁུལ་སྲིད་གྲོས་ཀྱི《ཀན་ལྷོའི་རིག་གནས་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས》ཞེས་པའི་ཁོངས་སུ《བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་གནད་འདྲིལ》ཞེས་པ་ཞིག་བརྩམས་ཤིང་། རྐང་ཚའི་དགོན་སོགས་དགོན་པ་བཅུ་ཕྲག་ལྷག་གི་ལོ་རྒྱུས་མདོར་བསྡུས་ཚིག་ཉུང་དོན་འདུས་མང་པོ་རྩོམ་སྒྲིག་གནང་ཡོད།

དེ་མིན་ད་དུང་ཕྱག་ལས་སྣེ་མང་གིས་བྲེལ་ཡངས་ལས་བཅོལ་ཁུར་བཞེས་མཛད་ནས《མདོ་སྨད་ཆོས་འབྱུང》དང་། 《བཀའ་ཆེམས་ཀ་ཁོལ་མ》 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 《ཅོ་ནེའི་བསྟན་འགྱུར་དཀར་ཆག》ཀུན་མཁྱེན་སྐུ་རབས་གཉིས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། གུང་ཐང་བསྟན་པའི་སྒྲོན་མེ་བཅས་ཀྱི་རྣམ་ཐར་སོགས་རྒྱུན་འཆད་ལ་ཉེ་བའི་དཔེ་དཀོན་མང་པོ་ལྕགས་པར་དུ་འདེབས་པར་བསྐུལ་ཅིང་ཞུ་ཆེན་གྱི་འགན་བཞེས་པ་མ་ཟད་གཞུང་དེ་དག་རྩོམ་པ་པོ་མཚམས་སྦྱོར་མཛད། འདི་ལས་གླེགས་བམ་ཁ་ཤས་ཤིག་ལ་བྱང་ཁུལ་གྱི་ཞིང་ཆེན་བཅོ་ལྔའི་དཔེ་ཚོགས་དཔྱད་བསྡུར་ཁྲོད་དུ་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཐོབ། ཁྱད་པར་དུ1982ལོར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་བོད་ཡིག་དུས་ཐུབ་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་དུ་སྤྱན་དྲངས་ཏེ། དེ་གའི་རྩོམ་སྒྱུར་ཅུས་ཀྱིས་བསྐུལ་བའི་ངོར། དུས་ཚོད་ཐུང་ངུའི་ནང་ཡི་གེའི་མ་ཕྱི《ཡིག་གཟུགས་བློ་གསལ་སྤྱི་ནོར》ཞེས་པ་བརྩམས། ཡིག་གཟུགས་འདིའི་ཐིག་རྩ་དང་ལག་ལེན་གྱི་ཐད་ལ《ཁྱུང་བོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས》དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི《ཤེས་བྱ་ཀུན་ཁྱབ》སོགས་ལ་ཁུངས་གཏུགས་ཡོད་མོད། གཙོ་ཆེར་ཁྲིད་རྒྱུན་བཞིན་དང་སྡེ་སྲིད་ཆེན་མོས《གཡའ་སེལ》དུ་འཁོད་པའི་ཐིག་འགྲེལ་ལ་བསྟུན་པ་ཡིན་ཞེས་སློབ་དཔོན་སྐུ་དྲིན་ཅན་གང་གི་ཞལ་ལས་ཐོས་སོ། གཞན་དུ་བླ་བྲང་དགོན་པའི་གསུང་རབ་པར་ཁང་གི་ཡིག་གཟུགས་བརྗེ་བ་དང་། སྔགས་ཡིག་གི་ཡིག་འབྲུ་གསར་སྣོན་མཛད་དེ་དེང་སང་རྒྱལ་ཡོངས་སུ་བོད་ཡིག་གི་པར་ཁང་རྣམས་ལས་པར་ཁང་ཚང་ཤོས་སུ་གྱུར་པར་མཛད་པ་བཅས་ཀྱི་བོད་ཀྱི་རིག་གནས་ཉམས་གསོ་དང་འཕེལ་རྒྱས་ས་སྐུ་དྲིན་ཤིན་ཏུ་ཆེ།

གཞན་ཡང་སྲིད་གྲོས་ཀན་སུའུ་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། སྲིད་གྲོས་ཀན་ལྷོ་ཁུལ་གྱི་ཀྲུའུ་ཞི་གཞོན་པ། ཁུལ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་མཚན་འཛིན་སློབ་གཙོ། ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས། དགུང་ལོ་རེ་གཉིས་ཕེབས་པ1989ལོའི་ཟླ12པའི་ཚེས12ཉིན་ལ་སྐུ་གཤེགས།


བརྡ་འགྲེལ་གདོང་འཛར།

མི་སྣ། དྲུང་ཡིག ནང་བསྟན་རིག་པ་བ།