རྡོར་ཕྲུགསྔ་མའི་པར་གཞི་དེ ཨ་རྡོ  ནས 2017-07-31 16:28ལ་འགྲུབ།

རྡོར་ཕྲུག

བོད་ཀྱི་དེང་རབས་སློབ་གསོ་བ་དང་རྩོམ་པ་པོ་གྲགས་ཅན་ཁ་གྱའི་ཀླུ་ཚང་རྡོ་རྗེ་རིན་ཆེན་ནམ་རྡོར་ཕྲུག་ནི་གཙོས་གྲོང་ཁྱེར་ཁ་གྱ་སྟོད་རི་རྒྱལ་འོ་བརྟན་སྡེ་ཁྲོད་དུ1957ལོར་སྐྱེས། ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་། ལྷག་པར་དུ་ལོ་ན་བཅུ་བདུན་སྟེང་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭར་འགྲིམ་པའི་སྐལ་བ་ལྡན། སྔ་རྗེས་སུ་བསེ་ཚང་བློ་བཟང་དཔལ་ལྡན་དང་སློབ་དཔོན་སྨོན་ལམ་རྒྱ་མཚོ་དང་སློབ་དཔོན་ཆེན་མོ་ཤེས་རབ་ཡར་འཕེལ་སོགས་བསྟེན་ཏེ་རིག་པའི་གནས་དག་ལ་ཐོས་བསམ་གང་ལེགས་བྱས།
གཞི་རྩའི་གནས་ཚུལ།

འཁྲུངས་ལོ།
1957ལོ
འཁྲུངས་ཡུལ།
ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་རི་རྒྱལ་འོ་བརྟན་སྡེ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
མི་རིགས།
ལས་རིགས།
དགེ་རྒན།
མཐར་ཕྱིན་སློབ་གྲྭ།
ནུབ་བྱང་མི་རིགས་སློབ་གླིང་།
འཐུས་ཚབ་བརྩམས་ཆོས།
《ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་དཀར་ཆག་ལས་ཀན་སུའུ་གླེགས་བམ》སོགས།
1 ངོ་སྤྲོད།

བོད་ཀྱི་དེང་རབས་སློབ་གསོ་བ་དང་རྩོམ་པ་པོ་གྲགས་ཅན་ཁ་གྱའི་ཀླུ་ཚང་རྡོ་རྗེ་རིན་ཆེན་ནམ་རྡོར་ཕྲུག་ནི་གཙོས་གྲོང་ཁྱེར་ཁ་གྱ་སྟོད་རི་རྒྱལ་འོ་བརྟན་སྡེ་ཁྲོད་དུ1957ལོར་སྐྱེས། ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་། ལྷག་པར་དུ་ལོ་ན་བཅུ་བདུན་སྟེང་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭར་འགྲིམ་པའི་སྐལ་བ་ལྡན། སྔ་རྗེས་སུ་བསེ་ཚང་བློ་བཟང་དཔལ་ལྡན་དང་སློབ་དཔོན་སྨོན་ལམ་རྒྱ་མཚོ་དང་སློབ་དཔོན་ཆེན་མོ་ཤེས་རབ་ཡར་འཕེལ་སོགས་བསྟེན་ཏེ་རིག་པའི་གནས་དག་ལ་ཐོས་བསམ་གང་ལེགས་བྱས། ནང་སྒོས་སུ་སྨོན་ལམ་རྒྱ་མཚོ་མཆོག་ཡུན་རིང་དུ་བསྟེན་ཏེ་སུམ་རྟགས་དག་གསུམ་དང་། སྙན་ངག སྐར་རྩིས། རྩོམ་རིག ལོ་རྒྱུས། བསྡུས་གྲྭ་སོགས་ཐུན་མོང་གི་རིག་གནས་ཁག་ལ་གསན་སྦྱོང་རྡོ་རུས་ཐུག་པ་བྱས། 1976ལོར་གཡུར་ཟའི་འབྲས་བུ་ཐོབ་པ་དང་བཅས་སློབ་མཐར་ཕྱིན་པ་དང་མཉམ་དུ་གཞོན་ནུ་དོན་གཉེར་ཅན་དུ་མའི་ཚོགས་ལས་གཟེངས་སུ་ཐོན་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་དང་ལོ་ཙཱའི་ཕྱག་ལས་སྒྲུབ་པར་ཕེབས།

སྐབས་དེར་ཁོང་ཉིད་ཕྱག་ལས་སྣེ་མང་གིས་བྲེལ་ཡང་ལས་བཅོལ་ཁུར་དུ་བླངས་ནས《མདོ་སྨད་ཆོས་འབྱུང》དང་། 《བཀའ་ཆེམས་ཀ་ཁོལ་མ》 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 《ཅོ་ནེའི་བསྟན་འགྱུར་དཀར་ཆག》 《གྲུབ་མཐའ་རིན་ཆེན་ཕྲེང་བ》 《བོད་རྒྱ་ཚིག་མཛོད་ཆེན་མོ》 ཀུན་མཁྱེན་སྐུ་རབས་གཉིས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། གུང་ཐང་བསྟན་པའི་སྒྲོན་མེ་བཅས་ཀྱི་རྣམ་ཐར་སོགས་དཔེ་རྒྱུན་དཀོན་པོ་མང་པོ་ལྕགས་པར་དུ་འདེབས་པའི་རྩོམ་སྒྲིག་དང་ཞུ་ཆེན་གྱི་འགན་བཞེས་ནས་གཞུང་དེ་དག་གི་རྩོམ་པ་པོ་དང་ཞུ་དག་མཛད་ཚུལ་མཚམས་སྦྱོར་མཛད།

1985ལོར་ནུབ་བྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། དེ་རུ་བོད་རྒྱའི་སློབ་དཔོན་བཀའ་དྲིན་ཅན་ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན། བསམ་འགྲུབ་རྒྱ་མཚོ། རྡོ་རྗེ་རྒྱལ་པོ། མཁྱེན་རབ་འོད་གསལ། གཟན་དཀར་བ་ཐུབ་བསྟན་ཉི་མ། བསོད་ནམས་སྟོབས་རྒྱས། ཀྲང་དབྱི་ཞིན། ཧོང་རྨིན་ཞིན། དོར་ཞི་གདོང་དྲུག་སྙེམས་བློ། དཔའ་རིས་སངས་རྒྱས་སོགས་བསྟེན་ནས་བོད་རྒྱའི་རྩོམ་རིག་གི་གཞུང་ལ་སྦྱངས་ཤིང་། སྐབས་དེ་ནས་བཟུང་། ཇི་སྐད་དུ། གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ཆོས་ཀུན་མེད་པ་ཡིན། ། བརྩོན་འགྲུས་ལྡན་ན་ཆོས་རྣམས་ཀུན། ། རང་གི་ལག་ན་གནས་དང་མཚུངས། ། ཞེས་གསུངས་པ་ལྟར་སྒྱིད་ལུག་པའི་ལེ་ལོ་དང་། བྱ་བ་ངན་ཞེན་གྱི་ལེ་ལོ། བདག་ཉིད་བརྙས་པའི་ལེ་ལོ་སོགས་འཕྲལ་ཡུན་གྱི་བདེ་དགེ་ལེགས་ཚོགས་མ་ལུས་འབྱུང་བའི་གེགས་སུ་གྱུར་པའི་ལེ་ལོ་རྣམ་གསུམ་རིང་དུ་སྤངས་ནས། ཡོན་ཏན་མ་ལུས་རྗེས་སུ་འགྲོ་བའི་གུས་རྟག་གི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས། བོད་ཀྱི་རིག་གནས་བཅུའི་སྤྱི་ཁོག་དང་ལེགས་སྦྱར་གྱི་སྒྲ་གཞུང་། ཚད་མ་རིག་པ། བཟོ་རིག་པ། གནམ་རིག་སྐར་རྩིས། སྙན་ངག་ལ་སོགས་ཤེས་པར་བྱ་བའི་གནས་ལ་བག་ཆགས་ཙམ་མ་ཡིན་པར་སྦྱང་བ་གནད་སྨིན་དུ་གནང་ཞིང་། བོད་ཀྱི་རྩོམ་རིག་རྣམ་གཞག་ཅེས་བྱ་བ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་རབ་འབྱམས་པའི་དམ་བཅའི་དཔྱད་རྩོམ་དུ་བྲིས། དེར་གསར་འགོད་པས་ཆེད་དུ་བསྟན་བཅོས་འདི་འདྲ་འབྲི་འདུན་ཇི་ལྟར་བསྐྱེད་པ་དང་མཐུན་རྐྱེན་གང་ལ་བརྟེན་པ་ཡིན་ཞེས་པའི་དྲི་བ་བཏོན་པར། ཁོང་ཉིད་ཀྱིས་ཡིད་སྤྲོ་བའི་ངང་གསུང་རྒྱུད། དེ་ནི་ཁོ་བོ་དང་ཐོག་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་བོད་ཡིག་གི་རྩོམ་སྒྲིག་བྱ་བ་བྱེད་བཞིན་པ་ན། 《མདོ་སྨད་ཆོས་འབྱུང》དང་། 《ཐུའུ་བཀྭན་གྲུབ་མཐའ》 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》སོགས་ལེགས་སྒྲིག་དང་དཔེ་སྐྲུན་བགྱིད་སྐབས་གནའ་དཔེ་ལེགས་སྒྲིག་ལ་ཉེར་མཁོའི་ཆེད་གཞུང་ཞིག་མཇལ་དུ་མི་སྣང་བའི་དཀའ་ཁག་གིས་སོམ་ཉིའི་འུ་ལ་ཐུག་པ་ན། མི་རིགས་ཀྱི་རིག་གནས་དང་སྒོས་སུ་བོད་ཀྱི་རིག་གནས། སློབ་གསོ། དཔེ་སྐྲུན་ལ་ལྷག་བསམ་དུང་ལྟར་དཀར་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ། ཡིག་གཟུགས་ཀྱི་ཆ་ལ་ཁྱུང་བོ་གཡུ་ཁྲིར་ཡང་ཅོ་འདྲི་བར་རིགས་པའི་གདེང་བརྙེས་པ། ཞུས་དག་གི་ལས་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་སྨོན་ལམ་རྒྱ་མཚོའི་ཞལ་སྔ་ནས་ཁྱོད་ལོ་ན་གཞོན་པ་དང་རྒྱ་ཡིག་ཤེས་པ། ལྷག་པར་དེང་རབས་ཀྱི་གནའ་དཔེ་ལེགས་སྒྲིག་གི་རིག་པ་གསར་པའི་གདམས་ངག་རྒྱ་ཡིག་གི་ལམ་ནས་སྦྱོང་བ་ལ་དཀའ་ཁག་མི་འདུག་པས། གནའ་དཔེ་ལེགས་སྒྲིག་ལ་ཉེར་མཁོ་ཞིག་འབྲི་ཐུབ་པ་བྱུང་ན་ངེད་ཀྱིས་ཀྱང་རོགས་རམ་ཅི་ལྕོགས་བྱ་ངེས་ཞེས་གསུངས་པ་ལ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་ལེགས་སྒྲིག་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་དཔའ་རིས་པ་ནོར་བུ་ཀུན་འགྲུབ་ལགས་ཀྱིས་རམ་བཏེགས་ཏེ་ཁོང་གིས་གསུངས་པ་ལྟར་ངེད་ཅག་གིས་ཀྱང་རྒྱབ་སྐྱོར་བྱེད་ངེས་པས་དང་དུ་ལེན་རོགས་ཞེས་བསྐུལ་ངོར། ཁོ་བོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་གྲས་སུ་ཡོད་སྒང་མཐར་ཕྱིན་དམ་བཅའི་རྒྱུགས་རྩོམ་དང་འབྲེལ་ཏེ་འདྲི་འདུན་སྐྱེས་པ་ཡིན་ཞེས་བརྗོད།

2 བྱ་བའི་བརྒྱུད་རིམ།

1988ལོར་སློབ་མཐར་ཕྱིན་ནས་བོད་སྐད་ཡིག་དང་རྩོམ་རིག་གི་རབ་འབྱམས་པའི་ཐོབ་ཐང་བླངས། ལོ་དེར་གཙོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་བྱ་བ་བགོས་ཤིང་། སྔ་གཞུག་ཏུ་སློབ་གྲྭའི་རིག་གཞུང་དུས་དེབ་རྩོམ་སྒྲིག་ཁང་དང་། སློབ་དོན་ཁྲུའུ། བོད་རིག་པའི་ཞིབ་འཇུག་ཁང་། ཚན་དཔྱོད་ཁྲུའུ་སོགས་སུ་ཕྱག་ལས་གནང། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་རྒྱལ་ཡོངས་ཀྱི་མི་རིགས་གནའ་རྩོམ་གཞུང་ལུགས་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནུབ་བྱང་དགེ་འོས་སློབ་ཆེན་གདན་ཞུས་དགེ་རྒན་ཆེན་མོ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་མི། ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཚན་དཔྱོད་དོ་དམ་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་མི། ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་དུས་དེབ་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་མི་སོགས་ཀྱི་མཚན་གནས་བཞེས་ཡོད། ཁོང་ནི་སློབ་གྲྭའི་བོད་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན་ཆེན་མོ་ཡིན་ཞིང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་གནའ་རབས་རྩོམ་རིག་ཡིན། 2003ལོ་ནས་བཟུང་ནུབ་བྱང་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས།

རྒན་རྡོར་ཕྲུག་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱི་དོན་ཁུར་དུ་བཞེས་མཁན་ཞིག་དང་བརྩོན་པ་ལྷུར་བཞེས་གནང་མཁན་ཞིག་ཡིན་པ་མ་ཟད། མཁས་པའི་སྒྲོབ་ཉམས་དང་གཡོ་སྒྱུའི་ཚུལ་འཆོས་སྤུ་ཙམ་ཡང་མེད་པར་ཐུགས་རྒྱུད་རབ་ཏུ་བཟང་ཞིང་གཞན་ཕན་གྱི་དགོངས་པ་རྒྱ་ཆེན་པོས་མི་རིགས་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་སློབ་སྟོན་མཛད་པར་ངལ་བ་འཛེམ་མེད་ཀྱིས་ནུས་ཤུགས་ཡོད་ཚད་འདོན་མཁན་ཞིག་ཡིན་པས། ཞིང་ཆེན་དང་ཁུལ་རིམ་པའི་གཟེངས་བསྟོད་ཐེངས་མང་ཐོབ་མྱོང་།

1992དང1997ལོར་སྔ་ཕྱིར་ཀན་སུའུ་ཞིང་ཆེན་གྱི་གྲུབ་འབྲས་གཟེངས་ཐོན་ཅན་གྱི་ན་གཞོན་དགེ་རྒན་གྱི་མཚན་སྙན་ཐོབ། 1998ལོར་སློབ་གྲྭའི་ཐེངས་དང་པོའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་རྐང་འཛིན་དགེ་རྒན་ལ་བདམས་པ་དང་། 2000ལོར་སློབ་གྲྭའི་རིག་གཞུང་སྣེ་འཁྲིད་པར་བདམས།

3 བརྩམས་ཆོས།

ཁོང་གིས་སྔ་ཕྱིར《མདོ་སྨད་ཆོས་འབྱུང》དང་། 《བླ་བྲང་དགོན་པའི་གདན་རབས》 《བོད་ཀྱི་རྩོམ་རིག་རྣམ་གཞག》 《ས་སྐྱ་གོང་མ་རྣམ་ལྔའི་གསུང་རྩོམ་ཕྱོགས་བསྒྲིགས(1-4)》སོགས་གནའ་དཔེ་གྲགས་ཅན་དུ་མ་རྩོམ་སྒྲིག་བྱས་ཤིང་། 《ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་དཀར་ཆག་ལས་ཀན་སུའུ་གླེགས་བམ》ཞེས་བྱ་བ་གསར་རྩོམ་མཛད། 《ཨ་བློ་སྐུ་མཆེད་ཀྱི་རྣམ་ཐར》དང་། 《བླ་བྲང་གདན་རབས་ལྷའི་རྔ་བོ་ཆེ》 《རྨོངས་དད་སེལ་བའི་གཏམ་རྒྱུད》བཅས་སོ་སོ་རྒྱ་ཡིག་དང་བོད་ཡིག་ཏུ་བསྒྱུར་བས་བོད་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་གཏོང་བའི་ཐད་ལ་ལག་རྗེས་མི་དམན་པ་བཞག ད་དུང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་མི་ཉུང་བ་ཞིག་གི་སྟེང་དུ་རིན་ཐང་ལྡན་པའི་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་ཅིང་དཔྱད་རྩོམ་རེ་གཉིས་ལ་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་ཞིབ་འཇུག་མཁན་ཚོའི་བསྔགས་བརྗོད་དང་གདེང་འཇོག་ལེགས་པོ་ཐོབ།

2007ལོར་ཁོང་གིས་སྣ་ཁྲིད་དེ་ཡར་ཞུ་བྱས་པའི《བོད་ཀྱི་དུས་རབས་རིམ་བྱུང་གི་གནའ་དཔེ་གཅེས་བསྡུས་ཀྱི་གློག་རྡུལ་ཡིག་མཛོད་སྒྲིག་བཟོ་དང་དེའི་ཞིབ་འཇུག》ཅེས་པར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཐེབས་རྩའི་ནུབ་རྒྱུད་ཚན་རིག་ཞིབ་འཇུག་ལས་གཞིའི་ཆོག་མཆན་ཐོབ། 2012ལོའི་ཟླ10པར་ལས་གཞི་འདིར་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། རྨང་གཞི་དེའི་སྟེང་ནས་ཉེ་ཆར་བོད་ཡིག་གི་བཀའ་བསྟན་འགྱུར་ཞེས་པའི་པར་གཞི་སྣ་བཅུ་གྲངས་ཀྱི་གློག་རྡུལ་ཡིག་མཛོད་སྒྲིག་བཟོ་དང་དེའི་ཞིབ་འཇུག་ཅེས་པ་རྩ་འཛུགས་དང་ཡར་ཞུ་བྱས་ཏེ། 2013ལོའི་སློབ་གསོ་པུའུ་ཡི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་གཞི་གལ་ཆེན་གྱི་གྲས་སུ་བཞག་པ་རེད།