དགེ་རྒན་ཆེན་མོ་དཔལ་ཆེན་རྒྱལ་ནི1962ལོར་ཀན་ལྷོ་ཁུལ་ཐེ་བོ་རྫོང་བྱ་འབབ་ཞང་སྟོད་གཙང་སྡེ་བ་ཞེས་བྱ་བའི་ཞིང་ཁྱིམ་ཞིག་ཏུ་སྐྱེས། ཕ་མ་བཟང་པོའི་དྲིན་གྱིས་ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་འགྲིམས་ནས་རྒྱ་བོད་ཡིག་རིགས་སྦྱངས། 1986ལོའི་ཟླ7པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་བོད་སྐད་ཡིག་རྩོམ་རིག་དངོས་གཞིའི་ཆེད་ལས་སུ་རྒྱུགས་འཕྲོད། 1990ལོའི་ཟླ་བདུན་པར་སློབ་མཐར་ཕྱིན། 1990ལོའི་ཟླ་དགུ་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བརྡ་སྤྲོད་རིག་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། 1993ལོའི་ཟླ་བདུན་པར་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གར་དགེ་རྒན་གྱི་འགན་ཁུར། 1997ལོའི་ཟླ་དགུ་པ་ནས1998ལོའི་ཟླ་བརྒྱད་པའི་བར་པེ་ཅིང་སློབ་གྲྭ་ཆེན་མོར་ལོ་གཅིག་གི་རིང་ལ་སྐད་བརྡ་རིག་པའི་གཞུང་ལུགས་སྐོར་ལ་ཟབ་སྦྱོང་བྱས། 2001ལོ་ནས2004ལོའི་བར་ལན་གྲུ་སློབ་གྲྭ་ཆེན་མོའི་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་སུ་འབུམ་རམས་པའི་སློབ་གནས་ཐོབ། 2006ལོ་ནས2009ལོའི་བར། ནུབ་བྱང་སློབ་གྲྭ་ཆེན་མོའི་ནུབ་བྱང་གྲངས་ཉུང་མི་རིགས་སློབ་གསོ་གོང་འཕེལ་ཞིབ་འཇུག་ལྟེ་གནས་སུ་འབུམ་རམས་པ་ཕྱི་ཚར་གྱི་སློབ་གནས་ཐོབ། 2008ལོའི་ཟླ་བརྒྱད་པར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་མཚན་གནས་ཐོབ། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་གླིང་གཙོ་གཞོན་པ་དང་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཀྱི་འགན་ཁུར་བ་མ་ཟད། རྒྱལ་ཁབ་པར་སྐྲུན་ཐེབས་རྩ་ཚོགས་པའི་ཆེད་ལས་མཁས་པ་ང་། ཀན་སུའུ་ཞིང་ཆེན་སློབ་གསོ་ཐེབས་རྩ་ཚོགས་པའི་ཆེད་ལས་མཁས་པ། སྐད་གཉིས་སློབ་གསོའི་ཆེད་ལས་མཁས་པ། མི་རིགས་སློབ་གསོའི་ཆེད་ལས་མཁས་པ་སོགས་སུ་བདམས་ཡོད།
ཁོང་གིས་ཞིབ་འཇུག་སློབ་མ་རྣམས་ལ་བོད་ཀྱི་སྐད་བརྡ་རིག་པ་དང་། སྤྱི་ཚོགས་སྐད་བརྡ་རིག་པ། བོད་ཀྱི་དམངས་སྲོལ་རིག་པ་སློབ་ཁྲིད་དང་། དངོས་གཞིའི་སློབ་མར་མི་རིགས་རིག་པ་དང་། བོད་ཀྱི་སྐར་རྩིས་རིག་པ། སློབ་གསོ་རིག་པ། ཆོས་ལུགས་རིག་པ། སྐད་བརྡ་རིག་པ་སོགས་སློབ་ཁྲིད་བྱས་དང་བྱེད་བཞིན་མཆིས།
བྱ་དགའ་ཐོབ་པའི་སྐོར་ལ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་རྩིས་གཞུང་བརྟག་ཐབས་ཤེས་རབ་རལ་གྲི》ལ་ཀན་སུའུ་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་དང་པོ་ཐོབ། 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སློབ་ཁྲིད་འཛུགས་སྐྲུན》ལ་ཀན་སུའུ་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་དང་པོ་ཐོབ། 2005ལོའི་ཟླ12པར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ན་གཞོན་དགེ་རྒན་ཤེས་ལྡན་པའི་བྱ་དགའ་ཐོབ་ཅིང་། 2005ལོའི་ཟླ12པར་ཀན་སུའུ་ཞིང་ཆེན་གྱི་ན་གཞོན་དགེ་རྒན་ཤེས་ལྡན་པའི་བྱ་དགའ་ཐོབ། 2006ལོའི་ཟླ10པར་སྐབས་དྲུག་པའི་འགྲན་རྩོད་བུམ་པའི་ཀན་སུའུ་ཞིང་ཆེན་སློབ་ཆེན་པའི་སློབ་སློབ་ཕྱིའི་རིག་གཞུང་ཚན་རྩལ་བརྩམས་ཆོས་འགྲན་བསྡུར་ལས་འཁྲིད་སྟོན་དགེ་རྒན་ཕུལ་བྱུང་ཅན་གྱི་མཚན་སྙན་ཐོབ། 2007ལོའི་ཟླ11པར་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཕུལ་བྱུང་དགེ་རྒན་བཅུ་ཞེས་པའི་མཚན་སྙན་གནང་།
ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཆེད་རྩོམ་སྐོར་ལ། 2000ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས《ཉེར་མཁོའི་རྩིས་ཀྱི་རྣམ་བཞག་པད་དཀར་ཆུན་པོ》ཞེས་པ་པར་དུ་སྐྲུན་ཅིང་། 2009ལོར་མི་རིགས་དཔེ་སྐྲུན་ཁང་གིས《འབྲུག་དཀར་གཙང་པོ་འབབ་རྒྱུན་ཀྱི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་སྐོར་གྱི་ཞིབ་འཇུག》པར་དུ་བསྐྲུན། 2012ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས《བོད་ཀྱི་སྲོལ་རྒྱུན་སློབ་གསོའི་འཕེལ་རྒྱས་ཞིབ་འཇུག》པར་དུ་བསྐྲུན། གཙོ་སྒྲིག་བྱས་པའི་དེབ་ལ2008ལོར་མི་རིགས་དཔེ་སྐྲུན་ཁང་གི་པར་དུ་བསྐྲུན་པའི《བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》སོགས་ཡོད། ཞིབ་འཇུག་གི་ལས་གཞི་མཇུག་བསྒྲིལ་བའི་ཐད་ལ། 2008ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་སྤེལ་བའི《དེང་སྐབས་ནུབ་བྱང་ས་ཁུལ་གྱི་མི་རིགས་འབྲེལ་བའི་ཞིབ་འཇུག》དང་། 2006ལོར་ཁོང་གིས་གཙོ་འགན་ཁུར་ཏེ་སྤེལ་བའི་སློབ་གྲྭ་རིམ་པའི་ལས་གཞི《འབྲུག་དཀར་གཙང་པོའི་འབབ་རྒྱུད་ཀྱི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་སྐོར་གྱི་ཞིབ་འཇུག》 2011ལོར་ཁོང་གིས་གཙོ་འགན་ཁུར་ཏེ་སྤེལ་བའི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་སློབ་ཁྲིད་བསྒྱུར་བཅོས་དང་སྤུས་ཚད་འཛུགས་སྐྲུན་གྱི་ལས་གཞི《ཀྲུང་གོ་གྲངས་ཉུང་མི་རིགས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བོད་རྒྱ་སྐད་གཉིས་སློབ་གསོའི་སློབ་ཁྲིད་བསྒྱུར་བཅོས་ཞིབ་འཇུག》སོགས་ཡོད། ཞིབ་འཇུག་བྱེད་བཞིན་པའི་ལས་གཞི་ལ། 2008ལོར་ཁོང་གིས་གཙོ་འགན་ཁུར་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་སྤྱི་བཏང་གི་ལས་གཞི《བོད་ཀྱི་སྲོལ་རྒྱུན་གནམ་རིག་སྐར་རྩིས་རིག་གནས་ཀྱི་ཞིབ་འཇུག》དང་། 2012ལོར་གཙོ་འགན་ཁུར་ཏེ་སྤེལ་བའི་སློབ་གྲྭ་རིམ་པའི་ཕྱི་རོལ་རྟོག་ཞིབ་ལས་གཞི《ཀན་ལྷོ་ཁུལ་གྱི་བོད་རིག་སློབ་གྲྭ་འབྲིང་ཆུང་གི་བོད་རྒྱའི་སྐད་གཉིས་སློབ་གསོའི་ད་ལྟའི་གནས་བབ་དང་སློབ་གསོའི་རྣམ་པའི་ཞིབ་འཇུག》སོགས་ཡོད།
དཔྱད་རྩོམ་གྱི་སྐོར་ལ། 《གེ་སར་སྒྲུང་ལས་བྱིས་པའི་རྩོམ་རིག་ལ་ཐོག་མར་དཔྱད་པ》ཞེས་པ་དང་། 《ཨ་མདོ་བོད་ཁུལ་གྱི་སྐད་གཉིས་སློབ་ཁྲིད་ཀྱི་ད་ལྟའི་གནས་བབ་དང་འཕེལ་རྒྱས་སྐོར་ལ་ཐོག་མར་དཔྱད་པ》 《བོད་ཀྱི་སྐར་རྩིས་དང་རིག་གནས་གཞན་དག་བར་གྱི་འབྲེལ་བའི་སྐོར་ལ་དཔྱད་པ》 《བོད་ཀྱི་སྲོལ་རྒྱུན་སྐྱེ་ཁམས་རིག་གནས་སློབ་གསོའི་སྐོར་གྱི་ཞིབ་འཇུག》 《བོད་ཀྱི་ཁྱིམ་ཚང་སློབ་གསོའི་སྐོར་ལ་ཐོག་མར་དཔྱད་པ》 《འབྲུག་དཀར་གཙང་པོའི་འབབ་རྒྱུད་ཀྱི་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་རིག་གནས》 《བོད་རིག་གནས་ཀྱི་རྒྱུ་གསུམ་ཕུང་གཅིག་གྲུབ་ལུགས》 《བོད་རྒྱའི་གནམ་རིག་སྐར་རྩིས་ལས་དུས་ཚིགས་ཉེར་བཞི་རྩི་ཚུལ་དང་བཀོལ་སྤྱོད》སོགས་སྐར་རྩིས་ཀྱི་སྐོར་དང་། ལོ་རྒྱུས་ཀྱི་སྐོར། ནང་ཆོས་ཀྱི་སྐོར། བོད་ཀྱི་སྐད་ཡིག་གི་སྐོར་སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་སུམ་ཅུ་ལྷག་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་དུས་དེབ་ཏུ་སྤེལ། 《ཉེར་མཁོའི་རྩིས་ཀྱི་རྣམ་གཞག་པད་དཀར་ཆུན་པོ》དང་། 《བོད་ཀྱི་རྩིས་གཞུང་བརྟག་ཐབས་ཤེས་རབ་རལ་གྲི》སོགས་རྩིས་གཞུང་གི་དེབ་གཉིས་དང་། 《འབྲུག་དཀར་གཙང་པོ་འབབ་རྒྱུད་ཀྱི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་སྐོར་གྱི་ཞིབ་འཇུག》 《བོད་བརྒྱུད་ནང་བསྟན་གྱིས་བོད་སོག་རིག་གནས་འབྲེལ་བར་ཐེབས་པའི་ཤུགས་རྐྱེན》ཞེས་པ《ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》2003ལོའི་འདོན་ཐེངས་ལྔ་པར་བཀོད། 《བོད་ཀྱི་ཁྱིམ་ཚང་སློབ་གསོའི་སྐོར་ལ་ཐོག་མར་དཔྱད་པ》ཞེས་པའི་དཔྱད་རྩོམ་དེ2009ལོར《དེང་རབས་སློབ་གསོ་དང་རིག་གནས》གླེགས་བམ་གསུམ་པའི་འདོན་ཐེངས་དྲུག་པར་བཀོད་ཅིང་། སློབ་གསོ་མིའི་རིགས་རིག་པའི་ཐབས་ལ་བརྟེན་ནབ་བོད་ཀྱི་སྲོལ་རྒྱུན་ཁྱིམ་ཚང་སློབ་གསོ་ལས་ཐོན་སྐྱེད་ནུས་རྩལ་སློབ་གསོ་དང་། ཡ་རབས་ཀུན་སྤྱོད་སློབ་གསོ། གོམས་སྲོལ་སློབ་གསོ། ལོ་རྒྱུས་སློབ་གསོ། མཛེས་དཔྱོད། ལུས་རྩལ་སློབ་གསོ་བཅས་ལ་དབྱེ་ཞིབ་བྱས།
དཔྱད་རྩོམ《འབྱོར་འབྲིང་སྤྱི་ཚོགས་དང་བོད་ཁུལ་གྱི་སྐྱེ་ཁམས་རིག་གནས》ཞེས་པ་དེ2006ལོར《ཀན་སུའུ་སྤྱི་ཚོགས་ཚན་རིག》དུས་དེབ་ཏུ་བཀོད། 2012ལོར《འབྲུག་དཀར་གཙང་པོ་འབབ་རྒྱུད་ཀྱི་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་རིག་གནས》ཞེས་པ་དང2012ལོར《བོད་ཀྱི་རིག་གནས་ཀྱི་རྒྱུ་གསུམ་ཕུང་གཅིག་གྲུབ་ལུགས》2011ལོར《བོད་རྒྱའི་གནམ་རིག་སྐར་རྩིས་ལས་དུས་ཚིགས་ཉེར་བཞི་རྩི་ཚུལ་དང་བཀོལ་སྤྱོད》ཅེས་པ་དེ་སྐབས་དང་པོའི་ཀྲུང་གོ་སློབ་གསོ་མིའི་རིགས་རིག་པའི་རིག་གཞུང་ཞིབ་འཇུག་ཞིབ་བསྡུར་ཚོགས་འདུ་ཡི་དཔྱད་རྩོམ་ཕྱོགས་བསྒྲིགས་སུ་བཀོད་ཡོད་དོ། །