ཏུའུ་གོ་ཀྲིན་ནི་བོད་རིགས་ཏེ། 1955ལོའི་ཟླ4པར་ཅོ་ནེ་རྫོང་དུ་སྐྱེས། ཁོང་གིས་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས་སྔ་ཕྱིར་སློབ་ཆུང་དང་སློབ་འབྲིང་། སློབ་གྲྭ་ཆེན་མོ་བཅས་རིམ་པར་འགྲིམས་ཤིང་། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་ལས་དོན་ས་ཚིགས་སུ་རྩྭ་ས་བདག་སྐྱོང་ཕྱོགས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་ལས་ཀ་གཉེར་བ་དང་། ཚན་རྩལ་ཞིབ་འཇུག་དང་ཁྱབ་གདལ་ཕྱོགས་ཀྱི་ལས་དོན་ཐད་ནས་རང་རྒྱལ་གྱི་བྱང་ཕྱོགས་རྩྭ་ཐང་གི་ཐོན་ཁུངས་ཞིབ་བཤེར་ལས་གཞིའི་ཀན་ལྷོ་ས་ཁུལ་གྱི་སྐྱེ་དངོས་རིགས་ལ་བརྟག་ཞིབ་བྱེད་པའི་འགན་ཁུར་བ་དང་། རྒྱལ་ཡོངས་ཀྱི་གནད་སའི་འབྲོག་ཁུལ་བཅོ་བརྒྱད་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་བསང་ཆུ་རྫོང་རྒན་གྱ་ཤང་གི་རྩྭ་ས་འཛུགས་སྐྲུན་ལས་གཞི་ལག་བསྟར་གྱི་འགན་ཡང་ཁུར་མྱོང་།
1985ལོའི་ཟླ7པར་ཀན་ལྷོའི་ཕྱུགས་རིགས་སློབ་གྲྭར་ལས་གནས་བསྒྱུར་ཏེ་རྩྭ་ཐང་གི་ཆེད་ལས་བསླབ་ཚན་འཛུགས་པའི་འགན་ཁུར་། ཀན་ལྷོ་རུ་བྱ་བ་སྒྲུབ་པའི་རིང་མིས་བཟོས་རྩྭ་ས་དང་རྩྭ་སའི་སྤང་ཤུན་གྱི་འགྱུར་བའི་ཕྱོགས་ལ་ཞིབ་འཇུག་བགྱིས་ཤིང་། ཞིབ་འཇུག་དཔྱད་རྩོམ་བཅུ་ལྷག་སྤེལ་བ་དེར་འབྲེལ་ཡོད་ཆེད་མཁས་པའི་གདེང་འཇོག་ཡག་པོ་ཐོབ།
1989ལོར་ལན་གྲུ་སློབ་གྲྭ་ཆེན་མོའི་སྐྱེ་ཁམས་རིག་པའི་འབུམ་རམས་པའི་བསླབ་ཚན་སློབ་གཉེར་བྱེད་པའི་རིང་ལ། མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་གྲང་ངར་ཆེ་བའི་ས་ཁུལ་གྱི་སྐྱེ་ཁམས་སྣ་མང་རང་བཞིན་རྒྱུན་འཁྱོངས་དང་དེའི་ཆགས་ཚུལ་ཕྱོགས་ལ་ཞིབ་འཇུག་དང་ཚོད་ལྟ་བྱས་པ་བརྒྱུད་གཞན་དྲིང་མི་འཇོག་པའི་གྲུབ་འབྲས་དགའ་འོས་པ་ཐོབ། 1992ལོར་ལན་གྲུ་སློབ་གྲྭ་ཆེན་མོའི་སྐྱེ་ཁམས་རིག་པའི་འབུམ་རམས་པའི་གོ་མིང་ཐོབ་པ་དང་། སློབ་མཐར་ཕྱིར་པ་ནས་ད་ལྟའི་བར་དུ་སློབ་གྲྭ་དེ་གར་དགེ་རྒན་གྱི་ལས་དོན་གཉེར། ད་ལྟ་ལན་གྲུ་སློབ་གྲྭ་ཆེན་མོའི་ཚེ་སྲོག་ཚན་རིག་སློབ་གླིང་གི་འབུམ་རམས་པ་དང་དགེ་རྒན་ཆེན་མོའི་ལས་ཀ་གནང་མུས།
1992ལོ་ནས་བཟུང་། ཁོང་གིས་མདོ་དབུས་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་རིག་པའི་རྨང་གཞི་དང་དེ་ཉིད་ཉེར་སྤྱོད་ཀྱི་རྨང་གཞི་ལ་ཞིབ་འཇུག་བྱེད་པའི་གོམ་ཁ་ལྷོད་མ་མྱོང་ཞིང་། སྔ་གཞུག་ཏུ《མཐོ་སྒང་གི་གྲང་བའི་ས་ཁུལ་གྱི་རྩྭ་སའི་རྒྱུན་མཐོང་གི་སྐྱེ་དངོས་སྐྱེ་འཕེལ་གྱི་གནས་ཚུལ་ཞིབ་འཇུག》 དང་། 《ཀྲུང་གོའི་གནད་སའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གསོ་ཐབས》 《ཀན་ལྷོའི་མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་གྱི་རྩྭ་ས་མུ་མཐུད་ནས་བེད་སྤྱོད་དང་སྔོན་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་བའི་ཐབས་ལམ་ཞིབ་འཇུག》 《མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་གྱི་རྩྭ་སའི་སྐྱེ་དངོས་ཀྱི་ས་བོན་གཞན་འགྱུར་གྱི་འཕེལ་འགྱུར་སྐྱེ་ཁམས་རིག་པར་ཞིབ་འཇུག》 《ཀན་ལྷོའི་གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་ནུས་མཐོའི་ཕྱུགས་ལས་སྐྱེ་ཁམས་ལས་གྲྭའི་ཚོད་ལྟ་དང་ལག་རྩལ་ཁྱབ་གདལ་གཏོང་བ》 《མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་རྩྭ་ས་བདག་དམ་ཐད་ཀྱི་རྩྭ་ས་བགོ་འགྲེམས་འཆར་གཞི》 《མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་གྲང་བའི་ས་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་ཞན་འགྱུར་བརྒྱུད་རིམ་དང་བདག་སྐྱོང་བྱེད་ཐབས》 《ཞའོ་ཀུའུ་རི་བོའི་ཆུ་གློག་ས་ཚིགས་ཀྱིPCEལས་གཞི་འཛུགས་སྐྲུན་གྱི་མི་རིགས་ཀྱི་ཚོར་སྐྱེན་རང་བཞིན》བཅས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་གི་ཐེབས་རྩའི་ལས་གཞི་དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་ཞིབ་འཇུག་ལས་གཞི་བརྒྱད་དང་། རྒྱལ་སྤྱིའི་མཉམ་ལས་ལས་གཞི་གཉིས་བཅས་ཀྱི་ལག་བསྟར་གྱི་གཙོ་འགན་ཁུར།
1999ལོ་ནས2002ལོའི་བར་དུ་ཀན་ལྷོའི་རྨ་ཆུ་རྫོང་དུ་ཞང་ཀང་ལའོ་ཧྲི་ཚོགས་པས་གཞོགས་འདེགས་བྱས་པའི་ཀན་ལྷོའི་མཐོ་སྒང་གི་གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་ནུས་མཐོའི་ཕྱུགས་ལས་ཀྱི་སྐྱེ་ཁམས་ལས་གཞིའི་དཔེ་སྟོན་དང་ལག་རྩལ་ཁྱབ་གདལ་ལས་གཞིའི་རྣམ་གྲངས་ཀྱི་གཙོ་འགན་ཁུར། ལས་གཞི་འདི་ནི་ལག་རྩལ་དང་བདག་སྐྱོང་དོ་དམ། སྤྱི་ཚོགས་སོགས་གཞི་གཅིག་ཏུ་འདྲེས་པའི་སྣ་འཛོམས་རང་བཞིན་གྱི་ལས་གཞི་ཞིག་ཡིན་པ་མ་ཟད། ས་གནས་སྲིད་གཞུང་གི་དཔོན་རིགས་དང་ཚན་རྩལ་མི་སྣ། ཚན་རྩལ་ཁྱབ་གདལ་མི་སྣ། འབྲོག་པ་མང་ཚོགས་བཅས་ཀྱིས་ཐུན་མོང་དུ་བདག་སྐྱོང་དོ་དམ་དང་། ལྟ་སྐུལ། དཔྱད་སྡུར་བྱེད་པའི་ལས་གཞིའི་རྣམ་གྲངས་ཤིག་ཡིན། ལས་གཞི་འདི་ལག་བསྟར་བྱས་རྗེས། ཞན་འགྱུར་རྩྭ་ས་མུའུ་འབུམ་ལྔ་ཡི་རྩྭའི་ཐོན་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བ་དང་རྩྭ་ཐང་གི་སྤང་ཤུན་ལ་སླར་གསོ་བྱུང་བས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་དགའ་འོས་པ་ཐོབ།
རྒྱལ་ཁབ་དང་མི་རིགས་ལ་དྲིན་ལན་གསབ་པའི་ཀུན་སློང་གི་རྟིང་སྐུལ་འོག ཁོང་གི་ཞིབ་འཇུག་གི་ལས་ཀ་དེ་གཏན་ནས་སྙོམས་ལས་སུ་ཤོར་མ་མྱོང་བར། སྔར་མུས་སུ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ཕྱོགས་ལ་ཉིན་མཚན་དབྱེར་མེད་དུ་བརྩོན་བཞིན་ཡོད་པ་དང་། མཐོ་སྒང་གི་གྲང་བའི་ས་ཁུལ་གྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་། སྐྱེ་དངོས་ཀྱི་ས་བོན་ཁྱབ་འབྱེད་སོགས་སྐོར་གྱི་དཔྱད་རྩོམ་སྟེ། 《མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་གྲང་ངར་ཆེ་བའི་རྩྭ་ཐང་གི་སྐྱེ་དངོས་རིགས་ལྔ་བཅུ་ལྷག་གི་ས་བོན་གྱི་མྱུ་གུ་འབུས་པའི་ཁྱད་ཆོས་ཞིབ་འཇུག》དང་། 《སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་གི་ནུས་པའི་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་གི་ཞིབ་འཇུག》 《མཐོ་སྒང་གི་གྲང་ངར་ཆེ་བའི་རྩུ་སའི་སྐྱེ་དངོས་སྣ་མང་རང་བཞིན་དང་འཚོ་བཅུད་ཀྱི་འབྲེལ་བ》 《མཐོ་སྒང་གི་གྲང་ངར་ཆེ་བའི་བརླན་སའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་བྱ་ཐབས》 《མཐོ་སྒང་གི་གྲང་ངར་ཆེ་བའི་རྩྭ་སའི་སྐྱེ་དངོས་སྣ་མང་གི་ཚད་དང་ཐོན་སྐྱེད་ནུས་ཤུགས་བར་གྱི་འབྲེལ་བ་ཞིབ་འཇུག》སོགས་དཔྱད་རྩོམ་ལྔ་ཅུ་ལྷག་སྤེལ་བ་དང་། དེ་དག་ལས་དཔྱད་རྩོམ་ཁ་ཤས་ལ་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་མྱོང་། ད་ལྟ་ཁོང་གིས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་གནད་སའི་ཞིབ་འཇུག་འཆར་འགོད་ལས་གཞི་སྟེ། མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་གྲང་ངར་ཆེ་བའི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་བརྒྱུད་རིམ་དང་དེའི་བསྒྱུར་བཅོས་བྱ་ཐབས་ལ་ཞིབ་འཇུག་བྱེད་པའི་གཙོ་འགན་ཁུར་ཡོད་པ་དང་། དེར་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་བཟང་པོ་བླངས་ཡོད།