ཁོང་ནི1963ལོར་མདོ་སྨད་ཀླུ་ཆུའི་ཆ་རིས་སྡེ་བ་རུ་སྐྱེས་ཤིང་དགུང་ལོ་བརྒྱད་ཀྱི་སྟེང་ནས་ཤེས་རིག་གི་སྒོ་མོ་འགྲིམ་པའི་གོམ་པ་དང་པོ་ཡུལ་དེའི་ཆོས་འཁོར་སློབ་ཆུང་དུ་སྤོས་པ་དང་། དེ་ཟམ་ཚ་ཞང་ལྟེ་བའི་སློབ་ཆུང་དུ་སྤར་ནས་དགེ་དམ་པའི་ཞལ་གསུངས་ཚུལ་བཞིན་དུ་བརྩིས་ནས་སློབ་གཉེར་ལ་བརྩོན་པ་ལྷོད་མེད་བྱས། 1979ལོར་ནུབ་བྱང་མི་རིགས་སློབ་གླིང་གི་གྲ་སྒྲིག་འཛིན་གྲྭ་ནས་བཟུང་བོད་སྐད་ཡིག་གི་བསླབ་གཞི་བཙུགས་ཡོད་པར་བརྟེན་བོད་སྐད་ཡིག་རིག་གནས་ལ་ཐོབ་བསམ་བྱེད་པའི་མགོ་ཚུགས། 1985ལོའི་ཟླ་བདུན་པར་སྦྱངས་འབྲས་ཚད་ལྡན་གྱི་དཔང་ཡིག་དང་བཅས་སློབ་མཐར་ཕྱིན་པ་དང་། ལོ་དེར་སློབ་གླིང་དེ་གའི་ལོ་ཙཱ་བའི་ཞིབ་འཇུག་སྡེ་ཁག་ཏུ་རྒྱུགས་འཕྲོད་ནས་རྒྱ་བོད་ཡིག་སྒྱུར་གྱི་ཆེད་ལས་ཞིབ་འཇུག་ལ་་སློབ་གཉེར་མཐིལ་ཕྱིན་བྱས་ཏེ་ཁོང་གི་མཚན་སྙན་གྱི་རི་མོ་ཡང་ཕྱོགས་ཕྱོགས་སུ་རིམ་གྱིས་ཁྱབ་པར་གྱུར།
1979ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས། 1985ལོར་སློབ་གྲྭ་དེ་ག་ལས་སློབ་མཐར་ཕྱིན། 1990ལོའི་ལོ་འཇུག་ཏུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་ཆེན་རབ་བརྟན་རྒྱ་མཚོ་མཆོག་གི་དྲུང་ནས་རབ་ཏུ་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་ཟུར། མདོ་སྔགས་རིག་གནས་དང་བཅས་པར་དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་། གུང་ཐང་སྐུ་ཕྲེང་བདུན་པའི་ཡོངས་འཛིན་ཡོངས་ཀྱི་དགེ་བའི་བཤེས་གཉེན་འཇིགས་མེད་དཔལ་ལྡན་ཚང་། རྔ་བའི་གྲགས་པ་ཚང་། དགེ་བཤེས་བློ་བཟང་རྒྱ་མཚོ་ཚང་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་གཞུང་བཀའ་པོད་ལྔས་གཙོས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ཡ་མ་བྲལ་བ་བྱས།
1998ལོར་ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གིས་གདན་ཞུས་ལྟར་ཕེབས་ནས་ཞིབ་འཇུག་གི་ཕྱག་ལས་གནང་བ་དང་ཞོར་དུ་ཕྱོགས་ཡས་མས་ཀྱི་སེར་སྐྱ་མང་པོར་བོད་ཀྱི་ལོ་རྒྱུས་དང་བརྡ་སྤྲོད་སྙན་ངག་སོགས་ཀྱི་དཔེ་ཁྲིད་གནང་། 2006ལོའི་ཟླ་དགུ་པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ལས་གནས་སྤོས་ཤིང་དེ་གའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་ནས་སློབ་བུ་རྣམས་ལ་བོད་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་དཔེ་ཁྲིད་གནང་བཞིན་ཡོད།
ཁོང་གི་མཛད་པའི་གཞུང་ལུགས་སྐོར་གྱི་བརྩམས་ཆོས་ལ། 《ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་གདན་རབས་དཀར་ཆག》 《བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ》 《རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ》 《ཁྲི་ཆེན་རབ་བརྟན་རྒྱ་མཚོའི་རྣམ་ཐར》 《གཞུང་བཀའ་པོད་ལྔའི་སྤྱི་བཤད》སོགས་དང་། བསྒྱུར་རྩོམ་ལ《ཤེས་རིག་སྨྲ་བའི་བསྡུས་དོན》 《མི་ཚེ་མངོན་རྟོགས་མྱོང་གྲུབ》 《ནུབ་ཕྱོགས་ཀྱི་མཚན་ཉིད་སྨྲ་བ་གྲགས་ཅན》 《ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་གྲགས་ཅན》བཅས་ཡོད། གནའ་རྩོམ་གྱི་སྐོར་ལ《རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཕར་ཕྱིན་མཛོད་འདུལ་གྱི་བསྡུས་དོན་སོགས་བཞུགས་སོ》 《དགེ་བའི་བཤེས་གཉེན་ཆེན་མོ་དམུ་དགེ་ཐུབ་བསྟན་རྒྱ་མཚོ་སོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་བཞུགས་སོ》 《རྗེ་ཡབ་སྲས་གསུམ་གྱི་ཚད་གཞུང་ཉེར་མཁོ་དང་གུང་བློ་གྲོས་རྒྱ་མཚོའི་བསྡུས་གྲྭ་བཞུགས་སོ》སོགས་མང་དུ་ཡོད། 《གཞུང་བཀའ་པོད་ལྔའི་སྤྱི་བཤད》ལ་2000ལོར་བྱང་ཕྱོགས་ཀྱི་ཞིང་ཆེན་དང་ལྗོངས་བཅོ་ལྔའི་སྐབས་དྲུག་པའི་སྤྱི་ཚོགས་ཚན་རིག་ཕུལ་བྱུང་བྱ་དགའ་ཐོབ། 《ནང་པ་སངས་རྒྱས་པས་འདོད་པའི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་མདོར་བསྡུས》ལ་རྒྱལ་ཡོངས་སྐབས་ལྔ་བའི་བོད་ཡིག་དཔེ་དེབ་ཕུལ་བྱུང་ཨང་དང་པོའི་བྱ་དགའ་ཐོབ། 《བྱང་ཆུབ་ལོ་མ་དཔེ་ཚོགས》 ལ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་སྐབས་དྲུག་པའི་མི་རིགས་དཔེ་དེབ་ཀྱི་བྱ་དགའ་ཨང་གསུམ་པ་དང་། སྐབས་དྲུག་པའི་རྒྱལ་ཡོངས་བོད་ཡིག་ཕུལ་བྱུང་དཔེ་དེབ་ཀྱི་ཨང་གཉིས་པའི་བྱ་དགའ་ཐོབ། 《གནའ་དཔེ་གཅེས་བསྡུས་དཔེ་ཚོགས》ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་སྐབས་ལྔ་བའི་ཀྲུང་གོའི་མི་རིགས་དཔེ་དེབ་ཨང་གཉིས་པའི་བྱ་དགའ་ཐོབ།
ཆ་རིས་སྐལ་བཟང་ཐོགས་མེད་ནི་ད་ལྟ་ཀྲུང་གོ་ཏུན་ཧོང་རིག་ཚོགས་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་གཉེར་ཚོགས་པའི་ཚོགས་མི་དང་། རྒྱལ་ཡངས་སྤྱི་ཚོགས་ཚན་རིག་ཁང་གི་ལས་གཞིའི་ཐེབས་རྩའི་རིམ་པ་དང་པོའི་ཆེད་མཁས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་རིག་གཞུང་གདན་ཞུས་བློ་འདོན་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་གདན་ཞུས་ཞིབ་འཇུག་པ་ཆེན་མོ་སོགས་ཀྱི་འགན་བཞེས་བཞིན་གངས་ལྗོངས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཕྱག་ལས་གཉེར་མུས་སུ་ཡོད།