པདྨ་དབང་ཕྱུག་གི་མིང་གཞན་ལ་དབྱང་ཧྥུ་ཞིན་ཟེར། ཅོ་ནེ་དཔོན་པོའི་ཁྱིམ་རྒྱུད་དུ་སྐྱེས། 1937ལོར་ཅོ་ནེ་དཔོན་པོ་རབས་ཉི་ཤུ་པའི་འགན་ཕྲག་དུ་བཞེས། 1943ལོའི་ཟླ་དགུ་པར་ཐའོ་རྨིན་ལུའུ་བདེ་སྲུང་དམག་སྤྱིའི་དམག་དཔོན་དུ་བསྐོས། 1947ལོའི་ཟླ་བརྒྱད་པར་ཅང་ཅེ་ཧྲི་དང་ཐུག་འཕྲད་མཛད་པ་དང་། ཟླ་བཅུ་གཅིག་པར་ནན་ཅིན་སྐམ་དམག་སློབ་གྲྭར་ཞུགས། 1949ལོའི་དཔྱིད་ཀར་གོ་མིན་ཏང་ནན་ཅིན་སྐམ་དམག་སློབ་གྲྭ་ཆེན་མོའི་དམག་དཔོན་འཛིན་གྲྭ་ནས་མཐར་ཕྱིན་པ་དང་དམག་སྤྱི་ཆུང་བའི་ཐོབ་ཐང་བསྩལ། 1947ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། དམག་དཔུང་གི་སྣེ་ཁྲིད་དེ་ཅོ་ནེ་རྫོང་དུ་ཞི་བའི་འོས་ལངས་བྱས་ཤིང་། ཅོ་ནེའི་དམངས་དམག་དམག་སྤྱི་ཁང་གི་དམག་སྤྱིའི་འགན་ཁུར་བའི་ཞོར་དུ་ཅོ་ནེ་རྫོང་གི་རྫོང་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས། ཁོང་ནི་ཅོ་ནེ་དཔོན་པོའི་ཁྱིམ་རྒྱུད་ཀྱི་མཐའ་མཇུག་གི་སྲིད་སྐྱོང་བ་ཡིན་ལ། ཡུན་རིང་གི་གསར་བརྗེ་ལོ་རྒྱུས་ཁྲོད་དུ་ངོ་མཚར་བའི་བྱུང་བ་བརྗོད་ཀྱིས་མི་ལང་བ་ཞིག་བསྐྲུན་ཡོད། 2000ལོར་པེ་ཅིང་དུ་གཤེགས།
1950ལོར་རྨེ་རུ་རྫོང་གི་སྲིད་གཞུང་མེད་པར་བྱས་ཏེ་ཅོ་ནེ་ཀན་སུའུ་ཞིང་ཆེན་ལ་གཏོགས་པའི་བོད་རིགས་རང་སྐྱོང་ཆུས་བཙུགས་པ་དང་། པདྨ་དབང་ཕྱུག་གིས་རང་སྐྱོང་ཆུས་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར། 1953ལོ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་དང་། ཀན་ལྷོ་ཡན་ལག་དམག་ཁུལ་གྱི་དམག་སྤྱི་གཞོན་པ། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་མི་རིགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་ཁུར། 1955ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་གྱི་གོ་མིང་ཐོབ། 1956ལོའི་ཟླ་བཅུ་གཉིས་པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། དུས་དེ་ནས་བཟུང་ཁོང་གི་མི་ཚེ་གང་པོ་ཏང་གི་ལས་དོན་ཐད་དུ་ཕུལ། 1958ལོར་ཀན་ལྷོ་རུ་གསར་བརྗེར་ངོ་རྒོལ་བྱེད་པའི་དྲག་པོའི་ཟིང་ཆ་བསླངས་པས་ཁོང་གིས་རང་ཉིད་ཀྱི་ཉེན་ཁར་མི་འཛེམ་པར་ཟིང་ཆ་ཆེ་བའི་ས་ཆར་ཟབ་ཞུགས་བྱས་ཏེ་བསམ་བློ་དྲིལ་བསྒྲགས་དང་ཆབ་སྲིད་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ཏེ་ཟིང་ཆ་ཞི་འཇགས་སུ་གཏོང་བར་བྱས་རྗེས་མི་དམན་པ་བཞག 1960ལོར་ཀན་སུའུ་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར། 1963ལོར་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཨུ་ཡོན་དུ་བདམས།
1966ལོར་རིག་གསར་མགོ་བརྩམས་རྗེས། ཁོང་ལ་མ་ཉེས་ཁ་གཡོགས་ཐེབས་ཏེ་གོ་གནས་རང་སོར་བཞག་ནས་ཞིབ་བཤེར་བྱས། 1969ལོའི་ཟླ12པ་ནས1973ལོའི་ཟླ2པའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པའི་འགན་ཁུར་བ་དང་། དེའི་རིང་ལ་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་གྲྭའི་རྒྱུན་ལྡན་གྱི་སློབ་ཁྲིད་སྒྲིག་ལམ་སླར་གསོ་བྱེད་པར་ནུས་པ་ཡོད་དགུ་བཏོན། 1981ལོར་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བདམས་ཤིང་ཞོར་དུ་མི་རིགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་མ་ཟད། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མིའི་འགན་ཁུར། 1983ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པ་དང་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་བ་མ་ཟད་ཏང་ཙུའུ་ཁོངས་མིའི་འགན་ཡང་ཁུར། 1993ལོར་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བློ་འདྲི་བའི་འགན་ཁུར།
བློ་མཐུན་པདྨ་དབང་ཕྱུག་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་། གཉིས་པ། གསུམ་པའི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པ་དང་དགུ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀན་སུའུ་ཞིང་ཆེན་གྱི་སྐབས་དང་པོ་དང་གཉིས་པ། གསུམ་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི། ཀན་སུའུ་ཞིང་ཆེན་སྐབས་དང་པོ་དང་གཉིས་པ། མི་དམངས་ཨུ་ཡོན་ལྷན་ཁང་གསུམ་པའི་ཨུ་ཡོན་དང་། ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།
ཁོང་ནི་མི་རིགས་ཀྱི་སྔོན་ཐོན་མི་སྣ་ཡིན་ཞིང་། ཀན་སུའུ་ཞིང་ཆེན་གྱི་བོད་རིགས་མང་ཚོགས་ཁྲོད་མཚན་སྙན་ཧ་ཅང་རྒྱས། ཁོང་གིས་ནམ་ཡིན་ཡང་རང་ཉིད་ཀྱི་དམིགས་བསལ་ཐོབ་ཐང་དང་མཚན་སྙན་གྲགས་ལ་བརྟེན་ནས་རྒྱ་ཆེའི་བོད་རིགས་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་། ཚང་མས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་ལ་ཧུར་ཐག་གིས་སྲུང་སྐྱོབ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་བཏོན། ཁོང་གིས་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་རྒྱུའི་ལས་དོན་དེ་གཙིགས་སུ་བཟུང་སྟེ། དཀའ་ཁག་ལ་མ་འཛེམས་པར་འབྲོག་ཁུལ་དུ་ཟབ་ཞུགས་བྱས་ཏེ་མི་རིགས་སློབ་གསོའི་བྱ་བར་རྟོབ་ཞིབ་མཛད་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་ནུས་པ་གང་ཡོད་བཏོན།
ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུ་ཨུའི་ཁང་དུ་འགོ་ཁྲིད་ཀྱི་འགན་འཁུར་སྐབས། ཁོང་རྒྱུན་དུ་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། མི་རིགས་ཆོས་ལུགས་སོགས་ཐད་ཀྱི་གནད་དོན་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་བགྱིས་ཤིང་། དམངས་ཀྱི་བསམ་ཚུལ་དང་གྲོས་གཞི་མང་པོ་བཏོན་པ་དང་། རང་ཞིང་གི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་དང་ཁྲིམས་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྒོས་སུ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཡང་ཐོན་ཡོང་བའི་ཕྱོགས་སུ་བྱས་རྗེས་གལ་ཆེན་བཞག་ཡོད།