འདིར་སྡེ་བཞིའི་མངའ་ཐང་དགུང་ལ་མཉམ་པའི་གོང་བ་སྡེ་བས་བྲག་སེར་བཀྲ་ཤིས་ལྷ་སྒང་དུ་སྐྱེས་ལྷ་ཨ་མྱེས་བྲག་དཀར་གྱི་ལབ་ཙེ་བསྟད་པའི་ལོ་རྒྱུས་མདོར་བསྡུས་བྱེ་བྲག་ཏུ་བཤད་པ་ལ། སྦྱོར་བ། དངོས་གཞི། མཇུག་གི་ལས་རིམ་དང་གསུམ་མོ། །
དང་པོ་ནི། སྔོན་ཨ་རིག་སངས་རྒྱས་སྐྱབས་ཀྱི་རིང་ནས་བཟུང་བྲག་དཀར་འདི་ལ་དཀར་གསུམ་མངར་གསུམ་གྱིས་མཆོད་ཅིང་སྐྱིད་སྡུག་ལེགས་ཉེས་ཞུ་ས་དང་། ལྷག་པར་དུ་ཀླུ་ཚང་གིས་མི་རབས་ཚ་རྒྱུད་དུ་རང་གི་སྐྱེས་ལྷར་བཀུར་བ་དང་། བྲག་དཀར་རང་གི་རྫ་རྒྱུད་དུ་ཆེས་སྔ་མོ་ནས་ལབ་ཙེ་ཞིག་བསྟད་ཀྱང་ཡ་ང་བའི་ཆབ་སྲིད་ཀྱི་དུས་འགྱུར་ཁྲོད་རྨེག་མེད་དུ་བཏང་ཞིང་། ད་ལྟ་བསྟོད་བསམ་ཡང་རྒྱག་ཐག་རིང་བ་དང་ས་འགབ་བཙན་པ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་རྒྱུ་རྐྱེན་དུ་མ་འདུས་པ་ལས། གོང་བ་སུག་སྐོར་གཙོས་ཀླུ་ཚང་གི་ཆེ་རྒུ་རྣམས་གཅིག་ཏུ་བགྲོས་པས་ལབ་ཙེ་གནས་ཡུལ་སྤར་རྒྱུར་གྲོས་འཆམས་ཏེ། ངུར་སྨིག་འཆང་པའི་སེམས་དཔའ་ཆེན་པོ་ཆོས་རྗེ་རིན་པོ་ཆེ་དཔལ་བཟང་བོ་མཆོག་དང་། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལཱ་མོ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ལ་ལབ་ཙེ་གསར་བསྟོད་ཀྱི་གནས་ཡུལ་ལུང་དུ་བསྟན་དགོས་ཀྱི་གསོལ་བ་དུས་ཡུན་རིང་བོའི་བར་དུ་ཡང་ཡང་བཏབ་པའི་མཐར། ཁོང་རྣམ་གཉིས་ཐུགས་ཟག་པ་མེད་པའི་དགོངས་པ་གཅིག་འདྲེས་པའི་ཀློང་ནས་ལབ་ཙེའི་གནས་ཡུལ་འབལ་མང་རའི་མཚམས་ཀྱི་བྲག་སེར་བཀྲ་ཤིས་ལྷ་སྒང་དུ་ལེགས་པའི་བརྟག་འབྲས་བབས་སོ། ། དེ་རྗེས་ཁོང་རྣམ་གཉིས་ཀྱིས་ཐུགས་བཀོད་ཇི་ལྟར་གནང་བ་དེ་ལྟར་དུ་ལབ་ཙེ་གསར་བསྟོད་ཀྱི་སྦྱོར་པའི་ལས་རིམ་དངོས་སུ་འགོ་བརྩམས་སོ། །
དེ་ཡང་སྔོན་བྲག་སེར་གྱི་དབུ་རྩེར་རྙེ་སྐུ་གོང་མས་བཙུགས་པའི་དར་ཤིང་ཞིག་ཡོད་པ་དང་དེ་རྗེས་གོང་བ་སྡེ་བས་སྔོན་གྱི་དར་ཤིང་དེའི་རྒྱུན་བསྲིང་བའི་ཕྱིར་དུ་སྔ་ཕྱིར་དར་ཤིང་མང་པོ་བཙུགས་པ་དང་། སྔོན་སྐྱེས་བུ་དམ་དུ་མ་ཞིག་གནས་འདི་བརྒྱུད་ནས་ཕེབས་སྐབས། ཕ་གིའི་རི་གན་གྱི་མིང་ལ་ཅི་ཟེར། སུས་བདག་པོ་རྒྱག་གིན་ཡོད། རི་གན་ནི་མི་རི་འཕྱོར་ཉམས་ཆེ་བ། དབྱིབས་ལེགས་པ། ལྟ་ན་སྡུག་པ་ཞིག་འདུག་པ་དང་། རི་གན་གྱིས་དགོན་སྡེ་དངགྲྭ་བཙུན། མི་སྡེ་སོགས་གཞི་ཆེན་པོར་མགོན་སྐྱབས་བྱེད་པས། བདག་དམ་ལེགས་པོ་བྱས་ན་བཟང་། ཞེས་གསུང་ཕབ་པའི་ལོ་རྒྱུས་མང་དུ་སྣང་ཡང་འདིར་ཡིག་ཚོགས་ལ་འཇིགས་ཏེ་མ་བྲིས་སོ། །
དེ་ལྟ་བུའི་བྲག་སེར་བཀྲ་ཤིས་ལྷ་སྒང་འདི་ནི་སྤྱིར་ས་དབྱིབས་ཀྱི་ཐད་ནས་བཤད་ན་ཡང་། ཤར་དུ་གཉིས་འཐུང་འཕྲེད་དུ་ཉལ་འདྲའི་གླང་ཆེན་རྫ་རི་དང་དར་དཀར་གྱི་ཡོལ་བ་དགུང་དུ་བྲེས་འདྲའི་བྲག་དཀར་མཆེད་གསུམ། རྒྱུད་ཀྱི་ཐོག་ལྷ་རྩེ་གསུམ། སྒེའུ་ཡི་ལྷ་མོ་སྤུན་གསུམ་དང་། མོ་ཁྱོག་ཨ་མ་སྨུག་རི་མ། གཞན་ཡང་ན་ཆུང་སྤུན་གསུམ་དང་། ལྷ་ལྕམ་དྲེལ་དཀར་མ། བཀའ་གདམས་གླེགས་བམ་ལས། ས་རྩེ་བརྒྱད་ལུང་བ་ཕྱོགས་སུ་གྱེས། །ཀྱེ་འཁོར་ལོ་རྩིབས་བརྒྱད་ཕིབས་པ་འདྲ། ། ཞེས་ལུང་བསྟན་པའི་ནང་ཚན་བྱ་དར་དགོ་རྩེ། འབའ་ཡི་མཐོན་པོ་བཅུ་གསུམ་གྱི་ཡ་གྱལ་བཱ་ཡན་གཡུ་ཐོད་མཐོན་པོ། ལྷོ་ཕྱོགས་སུ་ངུར་སྨིག་ཆོས་གོས་འཆང་བའི་དགེ་སྦྱོང་གྲལ་དུ་འཁོད་འདྲའི་ངང་ཚང་གཡུ་སྒོང་དང་ཟི་མའི་དམག་དཔོན་མཐོན་པོ། ལྷ་ལྕམ་སྙན་མོ་གཡུ་རལ་ཅན། ནུབ་ཕྱོགས་ན་རྒྱལ་ཀུན་གསང་བའི་བདག་པོ་ལཱ་མོ་སྐུ་ཕྲེང་རིམ་བྱོན་གྱི་སྐྱེས་ལྷ་དང་མཐོན་པོ་བཅུ་གསུམ་གྱི་ནང་ཚན་ཁེ་རབ་དཔག་ཆེན་མཐོན་པོ་དང་ས་ཡི་ཚངས་པ་གདན་ལ་འཁོད་འདྲའི་བརྗིད་ལྡན་ཀྱེ་ཕུར་རྫ་རྒན། ལྷུང་ལྷུང་གཡུ་འབྲུག་སྔོན་མོའི་འགྲོས་ཀྱིས་གཡས་འཁྱིལ་དུ་འབབ་པའི་རྨ་ཀླུང་གསེར་ལྡན་ཕྱུག་མོ། བྱང་དུ་གསེར་སྦྱངས་ཐང་མར་བརྡལ་འདྲའི་མང་རའི་བྱེ་མའི་ཚུར་ངོས་སུ་མང་རའི་ཨ་མ་མཁའ་འགྲོ་མ་བརྒྱ་རྩ་བརྒྱད་དུ་གྲགས་པ། བྱང་སྟོད་དུ་སྒོ་མེའི་ཨ་མ་ཟོར་དགུ་མ་འགྱིང་ངེར་བརྗིད་པ། ཀྱ་ཚང་དཔའ་བོ་དགྲ་འདུལ་དང་ཁྱུང་ཐོད་འཕགས་པ་ཀླུ་སྒྲུབ་སོགས་རི་དང་རི་ཕྲན་ཚར་དུ་དངར་བའི་དབུས་ན་གཙོ་བོ་ལྟ་བུར་གནས་སོ། རི་འདི་ལ་བྲག་སེར་པོས་གཡོགས་པའི་ཆ་ནས་སྔོན་དུས་ནས་བྲག་སེར་ཞེས་རྗེས་གྲུབ་ཀྱི་མིང་སྙན་མོ་ཞིག་བཏགས་ཡོད་པ་དང་། རི་འདིའི་ཁ་དོག་དང་མིང་སོགས་ལས་ཀྱང་རི་འདི་བླ་སྤྲུལ་དང་གྲྭ་བཙུན་གྱི་བླ་རིར་ངེས་ཤིང་། ཡུལ་འདིར་བླ་ཆེན་དགུང་གྲངས་དགུ་བཅུ་བརྒལ་པ་དང་། བརྒྱད་ཅུར་སོན་པ་བཅས་བཞུགས་པ་འདི་ཡང་གཅིག་བྱས་ན་རི་འདིའི་ནུས་མཐུ་ཡིན་ཡང་སྲིད་དོ། ། དཔའ་མཁར་འདི་ཉིད་གསར་བསྟོད་ཀྱི་སྦྱོར་བ་བརྩམས་པ་ནས་བཟུང་། ལཱ་མོ་ཡོངས་འཛིན་རིན་པོ་ཆེ་དང་སྐུ་ཕྱོགས་རྙེ་ཚང་། འཇའ་མོ་ཚང་། ཀླུ་རྩེ་ཚང་། སྒར་བ(སྒ་རུ)ཚང་། སྔགས་འཆང་ཆོས་དཔལ་བཅས་དང་གཞན་ཀླུ་ཚང་དགོན་གྱི་དགེ་སློང་དུ་མས་ཐུགས་ཁར་ཆེ་བཞེས་ཀྱིས་གསུངས་བཀོད་གནང་བ་ལྟར་དད་ལྡན་སེར་སྐྱ་ཐུན་མོང་ནས་ཉིན་ཉི་ཤུའི་རིང་འབད་འབུངས་བྱས་མཐར་ལབ་ཙེ་གསར་བསྟོད་ཀྱི་ཉེར་བསྡོགས་རྣམས་ཡོངས་སུ་གྲུབ་སྟེ། ཐོག་མར་དཔའ་མཁར་གྱི་རྨང་གཞིའི་ཕོ་བྲང་བརྐོ་འབྲུའི་ཐད་ཀྱི་ལབ་རིམ་སོགས་ཀླུ་ཚོ་བཞིའི་མི་སྣ་ཁག་བགོས་ཀྱིས་བསྒྲུབས་ཏེ་ཕོ་བྲང་ཐུར་དུ་བརྐོ་ཚད་དང་རྩིག་གྱང་འབུར་དུ་ཐོན་ཚད་སོགས་ཚད་ལྡན་དང་སྤུས་ལེགས་སུ་བསྐྲུན་པ་དང་། དེ་རྗེས་འཇའ་མོ་སྤུལ་བའི་སྐུ་གཙོ་བྱས། དགེ་སློང་བཞི་སྡེ་ཞིག་གིས་བོད་ཟླ་ལྔ་བའི་ཚེས་ལྔ་ཉིན་ཏེ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་བྲག་སེར་བཀྲ་ཤིས་ལྷ་སྒང་གི་དབུ་རྩེར་ཕེབས་ཏེ་ས་གཟིགས་དང་རྗེ་བླ་མའི་ས་གསུམ་ན་འགྲན་ཟླ་མེད་པའི་ལེགས་བཤད་སྔགས་རིམ་ཆེན་མོའི་གཞུང་ལྟར་གྱི་ས་བརྟག་བསླངས་སྦྱང་གསུམ་སྔོན་དུ་བཏང་རྗེས།
རྙེ་དགོན་གཞུང་ནས་བླ་སྤྲུལ་དང་གྲྭ་བཙུན་ཡོངས་ཀྱི་སྤྱི་སྐལ་དུ་ཤིང་རྒྱུ་ཤུག་པ་དང་གསོམ་དཀར་ལས་བྱས་པའི་སྲོག་ཤིང་དང་སྤྱི་མདའ་རིན་ཐང་བྲལ་བ་གཉིས་ཕུལ་པ་དང་། དེ་མིན་བཀྲ་ཤིས་པར་བྱེད་པའི་ཡན་ལག་ཏུ་ཕོངས་སེལ་སྒྲོལ་མའི་བུམ་གཏེར་དང་ས་བདག་སྙིང་གཏེར། ས་ལྷའི་བུམ་གཏེར། ཀླུ་དབང་རྒྱལ་པོའི་བུམ་གཏེར་སོགས་གཏེར་བུམ་དགུ་དང་། གཞུང་ལྟར་བསྒྲུབས་པའི་གནོད་སྦྱིན་འཁོར་ལོ། ཚོགས་བདག་འཁོར་ལོ། གནམ་འཁོར་དང་བཅས་པ་དང་། ཆོས་རྗེ་བླ་མ་རིན་པོ་ཆེ་དང་རྙེ་ཚང་རྣམ་གཉིས་ཀྱི་རྟེན་འདུས་རིལ་བུ་སྣ་མང་། རྒྱལ་པ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་དང་དབུ་ཞྭ་ཚལ་བུ། དབུ་སྐྲ། སྐྱེས་ཆེན་གཞན་པའི་རྟེན་འདུས་སྣ་ཚོགས། རྙེ་སྤྲུལ་སྐུ་རིམ་བྱོན་གྱི་ན་བཟའ་རྟེན་འདུས་རིལ་བུ། དབུ་སྐྲའི་ཆུན་པོ། ལཱ་མོ་ཡོངས་འཛིན་རིན་པོ་ཆེའི་ཕྱག་ཏུ་ཡོད་པའི་རྟེན་འདུས་དང་རྫས་བྱིན་ཆེན་ལོ་རྒྱུས་དང་ལྡན་པ་མང་པོ་གནངས་པས་ལབ་ཙེའི་ནང་བསྟན་སྙིང་བོར་སྲིད་པ་གསུམ་ན་རིན་ཐང་བྲལ་བའི་ངོ་མཚར་བྱིན་རྫས་མང་པོ་འདུས་ཤིང་ཚོགས་པར་གྱུར་ཏོ། ། དཔའ་མཁར་ནང་རྟེན་དུ་གོང་པ་སྡེ་བས་སྦྱིན་བདག་བྱས་པའི་རྟ་གསུམ་དང་། རྟ་གཟུངས་ཚར་གསུམ། གསེར་ཐང་ཆུ་ཤེལ་གྱི་མཐའ་རྒྱན་ཅན་དང་། ངོས་ལེབ་གཅིག་བཅས་ནང་བཞུགས་དང་། མཚལ་དཔར་གྱི་ཤོག་འབུམ། འཕགས་མཆོག་ཐུགས་རྗེ་ཆེན་པོ། རིག་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། གདུགས་དཀར། སེང་གདོང་མ། ཀླུ་དབང་རྒྱལ་པོ། ལོ་གྱོན་མ་བཅས་ཀྱི་ཤོག་འབུམ་དང་། སཱ་ཙྪ་འབུམ་ཐེར་བཅུ་གསུམ། མ་རུ་ཙྱེེ་བྱེ་བའི་རྡེའུ་འབུམ་དང་འོག་ཏུ་དགྲ་བྲུབ་རྒྱས་པ། མཁའ་ཁྱབ་ཀྱི་སེམས་ཅན་རྣམས་བཞི་རྩ་བཞིའི་ནད་ལས་གྲོལ་བའི་རྟེན་འབྲེལ་དུ་སྨན་རྫས་ཚད་ལྡན་དང་། སྣོད་བཅུད་ཀྱི་ཕྱྭ་གཡང་བརྟན་བྱེད་དུ་གཟུངས་སྔགས་དུ་མ་དང་། དཀར་གསུམ་མངར་གསུམ་དང་བཟང་དྲུག་སྨན་སྣ་གཙོས་འབྲི་མར་སོགས་ལས་གྲུབ་པའི་ཞུན་ཐུད་ཆེ་ཆུང་དུ་མ། མདོ་སྔགས་བསྟན་པའི་སྲོག་ཤིང་ལཱ་མོ་ཡོངས་འཛིན་རིན་པོ་ཆེའི་ཐུགས་བཀོད་ལྟར། སྲོག་ཤིང་གི་ཡི་གེ་གཟུངས་འབུམ་ཤེལ་དཀར་མེ་ལོང་གཞིར་བྱས་ཏེ། གོང་པའི་དགེ་བཤེས་བསོད་ནམས་ཡེ་ཤེས་ཀྱིས་ལེགས་པར་བཞེངས་བྲིས་མཛད་ཅིང་། གནས་བརྟན་འདུལ་འཛིན་གཞོན་པ་ལཱ་མོའི་གོང་ས་སྐུ་ཕྲེང་དགུ་པའི་སྐུའི་ཞང་པོ་གོང་པའི་བསམ་འགྲུབ་རྒྱལ་གཉིས་གཙོས་ཁོངས་མི་རྣམས་ལས་ཡུལ་སྟེང་དུས་ཚོད་སྐར་ཆ་ཙམ་ཡང་འབྲལ་བ་མེད་པར་གནས་ཤིང་། ལབ་ཙེའི་ནང་རྟེན་དུ་བླ་སྤྲུལ་སྤྱིའི་སྐུ་སྐལ་དུ་ལྷ་མདའ་རིང་ཚད་སྤྱི་ཁྲི་དགུ་ཅན་གཅིག་དང་། སྡེ་བཞིའི་མངའ་ཐང་དར་ལ་དྲགས་པའི་ཐར་ཤུལ་ཚོ་གསུམ་དང་ནང་སྒོས་སུ་ཀླུ་ཚང་ཚོ་བཞིའི་སྡེ་སྐལ་དང་ལབ་ཙེ་ལ་དགོངས་ངེས་ཀྱི་རྫས་མཆོག་རིགས་སྣ་ཚོགས་དང་། གོང་བ་སྡེ་བའི་དུད་ཁྱིམ་རེ་ནས་རིང་ཚད་སྨི་དྲུག་ཅན་གྱི་གསོམ་ཤིང་གི་མདའ་རིང་རེ་རེ་སྟེ་ཁྱོན་བསྡོམས་མདའ་མོ་བརྒྱ་དང་ཉི་ཤུ། མདུང་བཅུ་གསུམ། རལ་གྲི་བཅུ་གསུམ། དགྲ་སྟ་བཞི། ཁ་ཌཱ་བཞི། གཞུ་བཞི། དེ་མིན་འཁོར་ལོ་དང་ཞགས་པ། འུར་ཐོག་སོགས་རང་བྱུང་མཚོན་ཆ་དགུ་དང་། ལྷ་ཐོ་རྩིག་ཚུལ་གྱི་ཆོ་ག་ལས། སྤྲོ་ན་རྩེ་གསུམ་དགྲ་སྟེ་མེ་མདའ་སོགས་ཀྱང་བྱའོ། ། ཞེས་གསུངས་པ་ལྟར་མེ་མདའ་དགུ་ཐོ་མཚན་བྲིས་པའི་དར་དཀར་བཏགས་པའི་མདའ་བཟང་བོ། བྱ་གཟུགས། དར་ལྕོག་རྩེ་མོར་དགོད་རྒྱུའི་གདུགས་ཟ་ར་ཚག་ཟླ་ཉི་ཏོག་དང་བཅས་པ་སྟེ། མདོར་ན་ལབ་ཙེ་བརྩིག་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་གཅིག་ཀྱང་མ་ཚང་མེད་པར་ཚོགས་པར་བྱས་སོ། །
དངོས་གཞིའི་ལས་རིམ་ལ། རྒྱལ་ཀུན་སྙིང་རྗེ་རང་གཟུགས་ལཱ་མོ་ཡོངས་འཛིན་རིན་པོ་ཆེ་དགུང་གྲངས་དགུ་བཅུ་བརྒལ་བ་དང་། སྙིགས་དུས་ཀྱི་འཕགས་པ་ཉེ་བར་འཁོར་གཉིས་པ་ཆོས་རྗེ་རྡོ་རྗེ་འཆང་དགུང་གྲངས་བརྒྱད་ཅུ་བརྒལ་བ་རྣམ་གཉིས་དང་། གཞན་ཡང་རྙེ་སྤྲུལ་སྐུ་དང་འཇའ་མོ་ཚང་། ཀླུ་རྩེ་ཚང་། ཧོར་ལྡོང་ཚང་། སྒར་བ(སྒ་རུ)ཚང་བཅས་ཀྱི་ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ཆུ་གཏེར་ལན་བརྒྱར་བསྲུབས་པའི་སྙིང་བོར་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ལབ་ཙེ་བསྟོད་རྒྱུ་གཏན་ཁེལ་བྱས་ཤིང་། དེ་ཉིན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་དམ་རྙེ་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་ཕུན་ཚོགས་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་དང་། རྗེ་དེ་ཉིད་ཀྱི་ཡོངས་འཛིན་དགེ་བཤེས་ཡེ་ཤེས་ཟླ་བ་དང་། ལཱ་མོ་སྐུ་ཕྲེང་དགུ་བའི་ཡོངས་འཛིན་དགེ་བཤེས་འཇམ་དབྱངས་ཐུབ་བསྟན། གཞན་པའི་གྲྭ་བཙུན་དགེ་སློང་དཀོན་མཆོག་དང་སྦྱིན་པ། བློ་བཟང་སོགས་དང་།
སྦྲ་ནག་སྡེ་བ་བཅུ་བདུན་ནམ་ཀླུའི་ཚོ་བ་བཞིའི་སྤྱི་དཔོན་ཚེ་ཐར་འབུམ་དང་དཔོན་ཕྲུག་ཚེ་བརྟན། ལབ་ཙེ་འདིའི་སྔ་ཕྱིའི་ལས་ཀའི་འགན་གཙོ་སྔགས་འཆང་ཆོས་དཔལ་དང་འགན་གཙོ་གཞོན་པ་གོང་བའི་བསམ་འགྲུབ་རྒྱལ་སོགས་རྙེ་དགོན་བཤད་སྒྲུབ་དགེ་འཕེལ་གླིང་དང་བདུད་ཀླུ་ཚང་གི་ཆེ་རྒུ་རྣམས་དང་གཞན་པའི་སེར་སྐྱ་དུ་མ་བྲག་སེར་བཀྲ་ཤིས་ལྷ་སྒང་དུ་འདུས་ཏེ། གོང་གསལ་གྱི་རྟེན་རྫས་རྣམས་རང་རང་གི་གོ་སར་བཞུགས་སུ་གསོལ་ཅིང་དར་ལྕོག་དང་མདའ་གཞུ་སོགས་ཀྱིས་མཛེས་ཤིང་བརྗིད་བག་ཅན་དུ་བྱས་ལ། ཇི་ལྟར་འོས་པའི་ཕྱོགས་སུ་བསང་ཁྲི་བརྩིགས་པའི་སྟེང་དུ་ལྷ་བསང་ཆེན་པོ་བཏང་ཞིང་། བླ་སྤྲུལ་གྲྭ་བཙུན་རྣམ་པས་སྐྱབས་སེམས་སྔོན་དུ་བཏང་པའི་སྒོ་ནས་བསང་ཆོག་སྣ་ཚོགས་རོལ་མོ་དབྱངས་དང་བཅས་ལྷང་ལྷང་གསུངས་ཏེ་ལྷ་ཆེན་ཨ་མྱེས་བྲག་དཀར་ལ་ཇི་ལྟར་འདོད་པའི་དོན་གསོལ་བ་དང་ལས་བཞིའི་འཕྲིན་ལས་བཅོལ་བར་མཛད་དེ་དངོས་གཞིའི་ཆོག་ཉམས་སུ་བསྟར་རོ། །
གསུམ་པ་མཇུག་གི་རིམ་པ་ནི། བླ་སྤྲུལ་དང་གྲྭ་བཙུན། སྔགས་འཆང་རྣམས་ཀྱིས་ལབ་ཙེའི་བསྟོད་ཆོག་གི་གཞུང་དང་མཐུན་པར་རབ་གནས་དང་། འདོད་གསོལ། གཡང་འགུག་སོགས་ཀུན་གྱི་དང་བ་འདྲེན་ནུས་སུ་བྱས་རྗེས། སེར་སྐྱའི་ཚོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པའི་ཚིག་བརྗོད་ཅིང་མེ་ཏོག་གཏོར་བཞིན་དུ་དཔལ་མཁར་ལ་གཡས་སྐོར་ལན་དུ་མར་བརྒྱབ་པ་དང་། ཀི་བསཱོ་དང་ལྷ་རྒྱལ་གྱི་འབོད་སྒྲས་འབའ་མང་རའི་སྤྱི་སྒང་གི་རི་ཀླུང་རྣམས་ཀྱང་ཤིག་ཤིག་ཏུ་གཡོ་བར་བྱས་ལ། བྲག་ཅ་ནས་བྲག་ཅ་བརྒྱུད་དེ་ལྷང་ལྷང་དུ་འཁོར་བར་གྱུར་ཏོ། ། ཉིན་དེར་སྔ་དྲོ་ཆར་བ་ཟམ་ཟིམ་དུ་བབས་ཤིང་རེ་ཞིག་ནས་གནམ་ངོ་དྭངས་ཏེ་ཉི་འོད་འཕྲོས་པ་དང་། ནམ་མཁའ་ལ་འཇའ་ཚོན་བལྟ་བས་མི་ངོམ་པ་མང་པོ་འཁྲིགས་ཤིང་། སྤྲིན་དཀར་ཆུན་པོ་རྣམས་དུམ་བུ་དུམ་བུར་ས་དང་བར་སྣང་ནམ་མཁའི་ཁྱོན་གང་སར་དལ་དལ་གྱིས་རྒྱུ་བ་སོགས་ཡུལ་འདིའི་ཆོས་སྐྱོང་དང་གཞི་བདག ལྷག་པར་དུ་སྐྱེས་ལྷ་ཨ་མྱེས་བྲག་དཀར་ཐུགས་རབ་ཏུ་དགྱེས་པའི་རྟགས་དང་མཚན་མ་འདིར་འདུས་སྐྱེ་བོ་ཐམས་ཅན་ལ་མཐུན་སྣང་དུ་བྱུང་བར་གྱུར་ཏོ། །
གོང་གསལ་ལབ་ཙེའི་རྩེ་མོར་དགོད་རྒྱུའི་སྲིད་པའི་མཁན་བྱ་དང་གདུགས་ཟ་ར་ཚག་ཉི་ཟླ་སྐར་གསུམ་ཏོག་དང་བཅས་པ་ནི། ཚེ་བསོད་སྟོབས་འབྱོར་གྱིས་སྙེམས་པའི་གོང་པའི་དགེ་སློང་བློ་བཟང་ཡེ་ཤེས་ཀྱིས་རང་གི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ལྟར་སྦྱིན་བདག་བགྱིས་པའོ། །