གཉའ་གོང་དཀོན་མཆོག་ཚེ་བརྟན།སྔ་མའི་པར་གཞི་དེ ཨ་རྡོ  ནས 2017-07-31 17:22ལ་འགྲུབ།

གཉའ་གོང་དཀོན་མཆོག་ཚེ་བརྟན།

གཉའ་གོང་དཀོན་མཆོག་ཚེ་བརྟན་ནམ་དཀོན་རེ་ཞེས་འབོད་པ་ཁོང་ནི1946ལོའི་ཟླ་དྲུག་པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱར་སྐྱེས་ཤིང་། 1974ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས། 1977ལོར་མཐར་ཕྱིན་པ་དང་སློབ་གླིང་རང་དུ་དགེ་རྒན་གྱི་ཕྱག་ལས་གཉེར།
གཞི་རྩའི་གནས་ཚུལ།

མིང་གཞན།
དཀོན་རེ།
སྐྱེས་ལོ།
1946.06
སྐྱེས་ཡུལ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
ལས་རིགས།
དགེ་རྒན་ཆེན་མོ།
མཐར་ཕྱིན་སློབ་གྲྭ།
ནུབ་བྱང་མི་རིགས་སློབ་ཆེན།
འཐུབ་ཚབ་བརྩམས་ཆོས།
《བསམ་ཡས་དགོན་པའི་རྡོ་རིང་གི་འགྲེལ་བ》 《ཏུང་ཧོང་གི་བོད་ཀྱི་གནའ་ཡིག་ལས་ཐུ་བྷོད་དུས་ཀྱི་ཁྲིམས་འཛུགས་སྒྲིག་སྲོལ་ཐོག་མར་གླེང》སོགས་ཡོད།
1 ངོ་སྤྲོད།

གཉའ་གོང་དཀོན་མཆོག་ཚེ་བརྟན་ནམ་དཀོན་རེ་ཞེས་འབོད་པ་ཁོང་ནི1946ལོའི་ཟླ་དྲུག་པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱར་སྐྱེས་ཤིང་། 1974ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས། 1977ལོར་མཐར་ཕྱིན་པ་དང་སློབ་གླིང་རང་དུ་དགེ་རྒན་གྱི་ཕྱག་ལས་གཉེར། དེ་གར་ཁོང་ཉིད་བོད་ཀྱི་མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གི་ཐེངས་དང་པོའི་བོད་ཀྱི་ཡིག་རྙིང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཡིན།

2 སློབ་གཉེར་གྱི་བརྒྱུད་རིམ།

1982ལོའི་ཟླ་བདུན་པར་ཞིབ་འཇུག་སློབ་མའི་འཛིན་གྲྭ་ལས་མཐར་ཕྱིན་རྗེས་ནུབ་བྱང་སློབ་ཆེན་ནས་བྱ་བའི་ལས་གནས་སུ་ཞུགས། རིམ་གྱིས་སློབ་གྲྭ་དེ་ནས་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་ཀྲུའུ་རིན། སློབ་གླིང་གི་ཏང་ཨུའུ་རྒྱུན་ཨུ་དང་། སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གླིང་གི་སློབ་གཙོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་སོགས་ཀྱི་འགན་རབ་དང་རིམ་པ་བཞེས། ད་ལྟ་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཞིབ་བཤེར་་ཚན་ཁག་གི་ཆེད་མཁས་པ་དང་། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་དང་ཚོགས་གཙོ་གཞོན་པ། ཞིང་ཆེན་མཐོ་རིམ་སློབ་གྲྭའི་དགེ་རྒན་རིམ་པའི་ཆེད་ལས་ལག་རྩལ་མཐོ་རིམ་ཐོབ་ཐང་ཞིབ་བཤེར་ཚོགས་པའི་ཚོགས་མི། ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གྲྭའི་བདག་དམ་ཞིབ་བཤེར་ཚན་ཁག་གི་མཐོ་རིམ་ཐོབ་ཐང་ཞིབ་བཤེར་ཚོགས་པའི་ཚོགས་མི། ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ་ཀྱི་གཙོ་སྒྲིག་པ། ལན་གྲུ་གྲོང་ཁྱེར་གྱི་ཐེངས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་ནན་མི་རིགས་སློབ་ཆེན་གྱི་སློབ་གཙ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བོད་ཀྱི་ཡིག་རྙིང་ཞིབ་འཇུག་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་ཕོགས་སྣོན་ཐོབ་པའི་ཆེད་མཁས་པའི་གྲས་ཀྱང་ཡིན།

ཁོང་ལ་ཆུང་དུས་ནས་བཟུང་ཤེས་རིག་སྦྱོང་བའི་འདུན་པ་དྲག་པོ་ཡོད་པས། ལོ་ཚོད་ཆུང་བའི་དུས་ནས་ཁོང་ཨ་མྱེས་ཀྱི་རྗེས་སུ་འབྲངས་ཏེ་བོད་ཡིག་སློབ་སྦྱོང་བྱེད་མགོ་བརྩམས། བཅིངས་འགྲོལ་རྗེས་སུ་རང་གི་ཕ་ཡུལ་རྒན་གྱ་ཡུལ་ཚོ་ནས་སློབ་ཆུང་ཐོག་མར་ཚུགས་ཐུབ་པ་བྱུང་བས་མིག་རྒྱང་རིང་བའི་ཕ་མ་གཉིས་ཀྱིས་ཁོང་སློབ་གྲྭར་ཞུགས་པའི་གོ་སྐབས་བསྐྲུན་པ་རེད། དེ་ནས་བཟུང་ཁོང་གི་སློབ་སྦྱོང་གི་ལམ་བུ་ཡང་དག་པའི་ཁ་ཕྱོགས་སུ་བསྒྱུར་ཏེ། སློབ་གྲྭ་དེ་ནས་རྒྱའི་སྐད་ཡིག གྲངས་རིག སྤྱི་ཚོགས་སློབ་ཚན་སོགས་རིག་ཚན་གཞན་པར་སློབ་སྦྱོང་བྱས། དུས་དེ་ནས་ཁོང་གི་ཕུགས་བསམ་གྱི་གཤོག་པ་རྒྱས་ཏེ་ད་ལྟའི་འོད་འཚེར་བའི་གྲུབ་འབྲས་ཀྱི་རྨང་བརྟན་པོ་བཏིང་། ལོ་བཅུ་གསུམ་སྟེང་ཁོང་ཕ་ཡུལ་དང་ཁ་བྲལ་ཏེ་ནུབ་བྱང་མི་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་ཏེ་སློབ་གྲྭ་དེ་ག་ནས་ཉིན་དཀར་ངལ་རྩོལ་ལ་ཞུགས་ཤིང་། མཚན་མོར་རིག་གནས་སློབ་སྦྱོང་བྱས་ནས་དུས་འདའ་བར་བྱས་པས་རྒྱ་བོད་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཚུགས་པས། ཁོང་ཉིད་ནི་ལོ་རབས་བདུན་ཅུ་པའི་མདོ་དབུས་མཐོ་སྒང་གི་རྟོགས་སད་པ་སྔ་གྲས་སུ་གྱུར་ཅིང་། བྱིས་དུས་ནས་རིག་གནས་སྦྱངས་ཏེ་མི་ཚེའི་མདུན་ལྗོངས་ཡང་དག་པ་ཞིག་བསྐྲུན་པའི་སྤོབས་སེམས་ཅན་ཞིག་ཡིན།

ཁོང་དང་ཐོག་བསང་ཆུ་རྫོང་གི་བྱ་བའི་ལས་གནས་སུ་ཞུགས་ཏེ་བོད་རྒྱའི་ལོ་ཙཱ་དང་བོད་སྐད་རྒྱང་སྒྲོག་བྱ་བར་ཞུགས་པ་དང་། རྫོང་རྩ་འཛུགས་པུའུ་སོགས་སུ་བྱ་བའི་འགན་དུ་མ་བཞེས་རིང་ས་གནས་མང་ཚོགས་ཀྱི་རེ་ལྟོས་དང་སྤྱི་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ། ཡིན་ནའང་། རིག་གནས་ལ་དུངས་པའི་ལྷད་མེད་ཀྱི་བརྩེ་ཞེན་དྲག་པོས་ཁོའི་ཡིད་མ་ཚིམས་པར་སློབ་ཆེན་དུ་ཞུགས།

3 བྱ་བའི་བརྒྱུད་རིམ།

ལོ་རབས་བདུན་ཅུ་པ་ནས་ལོ་རབས་བརྒྱད་ཅུ་པའི་བར་ཁོང་གསར་རྩོམ་གྱི་ལམ་ལ་ཞུགས་ཏེ་གཞོན་དུས་ཀྱི་ལང་ཚོ་དང་དུས་རབས་ཀྱི་ལྟ་ཚུལ། སྤྱི་ཚོགས་ཀྱི་འཕོ་འགྱུར་སོགས་བརྗོད་བྱ་སྣ་ཚོགས་ཀྱིས་གཏམས་པའི་རྩོམ་རིག་གསར་པའི་སྣང་བརྙན་སྣ་ཚོགས་འབྲི་བཞིན་བྱས། ཐོག་མའི་བརྩམས་ཆོས《ཆུ་བོ་ལ་བསྔགས་པ》ཞེས་པའི་རྩོམ་ཡིག་དེ《ཀན་ལྷོའི་བོད་ཡིག་ཚགས་པར》སྟེང་དུ་འགོད་ཐུབ་པ་བྱུང་ཞིང་། རིམ་བཞིན་གཉེན་སྟོན་ལ་བསྔགས་པ། གསོལ་ཇ་ལ་བསྟོད་པ་སོགས་རྩོམ་ཡིག་མང་པོ་བརྩམས་པར་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ་སྟེ་ཁོང་གི་གསར་རྩོམ་གྱི་རྣམ་དཔྱོད་ལ་ཀློག་པ་པོ་ཀུན་ཧ་ལས་པར་གྱུར། ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་རྗེས་ཕ་ཡུལ་མི་དམངས་ཀྱི་འཚོ་བའི་འགྱུར་ལྡོག་དང་། འཚོ་བའི་བདེ་སྐྱིད་མཚོན་ཐུབ་པའི་ལྷུག་བརྗོད་སྙན་ངག《ཕ་ཡུལ་གྱི་ལམ་དུ》ཞེས་པར1976ལོ་ནས1987ལོའི་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། གསར་རྩོམ་དང་ལས་ཀའི་ཞོར་དུ་ཁོང་གིས་མི་རིགས་གཞན་པའམ་རྒྱལ་ཁབ་གཞན་པའི་བརྩམས་ཆོས་ལེགས་ཤོས་བོད་ཡིག་ཏུ་བསྒྱུར་བ་དང་། རང་མི་རིགས་ཀྱི་བརྩམས་ཆོས་རྒྱ་སྐད་དུ་སྒྱུར་ཅི་ཐུབ་བྱས་ཤིང་། ཡང་དག་པའི་རིག་གནས་མང་པོ་བསྡུ་ལེན་ཅི་ཐུབ་བྱས་ནས་བོད་ཀྱི་རྩོམ་རིག་གི་གར་སྟེགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཞིབ་འཇུག་སློབ་མའི་དུས་ནས་བཟུང་ཁོང་གིས་དཔེ་ཆ་མང་པོར་ལྟ་ཀློག་དང་། ཆེད་ལས་ཞིབ་འཇུག་ལ་འབད་པ་ཆེན་པོས་བོད་ཀྱི་ཡིག་རྙིང་གི་ཡིག་ཚགས་དུ་མར་སློབ་སྦྱོང་དང་ཞིབ་འཇུག་བྱེད་མགོ་བརྩམས་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་ས་ཆ་དུ་མར་དངོས་སུ་རྟོག་དཔྱོད་དང་འཚོལ་བསྡུ་བྱེད་དུ་སོང་། 1984ལོ་ནས་བཟུང་ཁོང་གིས་དཔྱད་རྩོམ་འབྲི་བའི་རླབས་ཆེན་གྱི་ལས་དོན་ཕྲག་ཏུ་བླངས་ཏེ་བོད་ཀྱི་གནའ་ཡིག་ཞིབ་འཇུག་གི་མདུད་པ་གྲོལ་ཏེ་ལོ་རྒྱུས་ཡིག་ཚགས་མང་པོའི་གནད་དོན་ཀུན་གྱི་མིག་མདུན་དུ་གསལ་བོར་བཀྲམ་ཐུབ་པ་བྱུང་། སྔ་རྗེས་སུ《བསམ་ཡས་དགོན་པའི་རྡོ་རིང་གི་འགྲེལ་པ》 《ཏུང་ཧོང་གི་བོད་ཀྱི་གནའ་ཡིག་ལས་ཐུ་བྷོད་དུས་ཀྱི་ཁྲིམས་འཛུགས་སྒྲིག་སྲོལ་ཐོག་མར་གླེང》 《ཏུང་ཧོང་གཏེར་ཡིག་ལས་བོད་ཀྱི་ཡིག་རྙིང་གི་རྩོམ་རིག་རིན་ཐང་གླེང་བ》 《མའོ་ཀའོ་སྒྲུབ་ཕུག་གི་བོད་ཀྱི་ཡིག་རྙིང་རཱ་མ་ཎའི་འགྱུར་ཡིག་ངོ་སྤྲོད་རགས་བསྡུས》 《དབོན་ཞང་རྡོ་རིང་གི་དོགས་གནད་ཐོག་མར་གླེང་བ》 《ཐུ་བྷོད་དུས་ཀྱི་གྲལ་རིམ་དབྱེ་བ》 《ཐུ་བྷོད་དུས་ཀྱི་ཡུལ་ཤུལ་ས་ཆའི་རྡོ་བརྐོས་ཡིག་རིགས་ལ་དཔྱད་པ》 《གནའ་བོའི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་དོགས་གནད་འགའ》སོགས་དཔྱད་རྩོམ་དུ་མ《ཀྲུང་གོའི་བོད་རིག་པ》དུས་དེབ་སྟེང་བཀོད། ལྷག་ཏུ《ཐུ་བྷོད་དུས་ཀྱི་ཡུལ་ཤུལ་ས་ཆའི་རྡོ་བརྐོས་ཡིག་རིགས་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་དེར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཞེས་ཆེད་མཁས་པ་མང་པོའི་ཁས་ལེན་ཐོབ། 《དབོན་ཞང་རྡོ་རིང་གི་དོགས་གནད་ཐོག་མར་གླེང་བ》ཞེས་པར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི1979ལོ་ནས1988ལོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཨང་གསུམ་པའི་བྱ་དགའ་ཐོབ།

ཕ་ཡུལ་རྩྭ་ཐང་དང་གྱེས་པའི་ཁོང་ཉིད་རིག་གནས་གསར་པའི་མཁའ་དབུགས་སྟུག་པའི་གྲོང་ཁྱེར་དེར་བྱ་བའི་ལས་གནས་སུ་ཞུགས་ནས་ལོ་དུ་མ་འགོར་ནའང། སེམས་ཁོང་ནས་མི་རིགས་ལ་དུངས་པའི་བརྩེ་ཞན་དེ་ཁོང་གིས་ནམ་ཡང་འདོར་ཐབས་བྲལ། དུས་རྒྱུན་དུ་མི་རིགས་རང་ཉིད་ཀྱི་རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། དཔལ་འབྱོར་འཕེལ་རྒྱས་སོགས་མི་རིགས་གཞན་དང་བསྡུར་ན་རྗེས་ལུས་ཡིན་པར་ཧ་ཅང་དོ་སྣང་དང་ཐུགས་ཁུར་ཆེན་པོ་གནང་། 1983ལོར་ཁོང་དང་གྲོགས་ཟླ་བ། ཚའོ་ཁྲུང་སོགས་ཀྱིས《གློག་རྡུལ་རྩིས་འཁོར་དུ་བོད་ཡིག་བཀོལ་སྤྱོད་བྱ་ཐབས》 ཚན་རྩལ་གྱི་ལས་གཞི་ཞིབ་འཇུག་གི་བྱ་བའི་འགན་གཙོ་བོ་ཁུར་ཅིང་། ཁོང་གིས་ལོ་རྒྱུས་རིང་བའི་བོད་ཡིག་དེ་སྔོན་ཐོན་ཆ་འཕྲིན་རིག་གནས་ཀྱི་མ་ལག་དང་སྦྲེལ་ཐུབ་པ་དང་། ཞིབ་འཇུག་ལས་གཞི་འདིར་ཀན་སུའུ་ཞིང་ཆེན་གྱི1984ལོ་ནས1985ལོའི་ཚན་རྩལ་ཡར་རྒྱས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། ཁོང་གིས་ད་དུང་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་བརྒྱད་ལྔའི་འཆར་གཞི《རྒྱ་བོད་དཔལ་འབྱོར་རྒྱུན་ཤེས་ཤན་སྦྱར་ཚིག་མཛོད》ཀྱི་གཙོ་སྒྲིག་པའི་འགན་ཁུར་ཏེ་པར་དུ་བསྐྲུན་ཅིང་། ད་དུང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཡིག་འབྲུ་འབུམ4ཅན་གྱི《རྒྱ་གར་དང་རྒྱ་ནག་སོག་བོད་ཆོས་འབྱུང་དཔག་བསམ་འཁྲི་ཤིང》དང《ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར》སོགས་ཀྱི་དཔེ་སྐྲུན་གྱི་འགན་ཁུར།

1998ལོའི་ཟླ7པར་ཁོང་ཨ་མེ་རི་ཁའི་དབྱིན་ཏི་ཨན་ན་སློབ་གྲྭ་ཆེན་མོ་ནས་བསྒྲུབས་པའི་སྐབས་བརྒྱད་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུའི་སྟེང་ཞུགས་པ་དང་། ཁོང་གི་དཔྱད་རྩོམ《ཁ་གྱ་ཚོ་དྲུག་གི་བོད་ཀྱི་བུད་མེད་ཀྱི་མགོ་རྒྱན་རིག་གནས་ཞིབ་འཇུག》ཅེས་པར་རྒྱལ་སྤྱིའི་མཁས་པ་ཚོས་གདེང་འཇོག་ཆེན་པོ་ཐོབ་སྟེ་ད་ལྟ་ཁོང《དེང་གི་ན་གཞོན་གསར་པའི་སྤྱི་ཚོགས་ཚན་རིག་མི་སྣ་གྲགས་ཅན་བདམས་བཏུས》སུ་འཁོདཡོད།

སློབ་གསོའི་བྱ་བ་ནི་ཁོང་གི་མི་ཚེའི་བཞུད་ལམ་རིང་མོའི་ཁྲོད་ཀྱི་ཆེས་གཟི་བརྗིད་ལྡན་པའི་བྱ་གཞག་ཅིག་ཡིན་ལ། ཚེ་གང་པོར་ཏན་ཏན་ཏིག་ཏིག་གིས་སློབ་ཁྲིད་དང་སློབ་གྲྭའི་བྱ་བ་དོ་དམ་གྱི་འགན་གཅིག་ལྕོགས་སུ་བཞེས་ནས་གྲངས་ཉུང་མི་རིགས་ཀྱི་ཕྱི་རབས་པ་མང་པོ་སྐྱེད་སྲིང་བྱས། ལྷག་ཏུ་ཁོང་གིས་ནུབ་བྱང་མི་རིགས་སློབ་གླིང་གི་སློབ་གཙོའི་འགན་བཞེས་པའི་སྐབས་སུ་མིག་རྒྱང་དུས་རབས་དང་འཛམ་གླིང་གི་ཁ་ཕྱོགས་སུ་གཏོད་ཅི་ཐུབ་བྱས་ནས་མ་ཡུམ་སློབ་གྲྭའི་མ་འོངས་པའི་མདུན་ལམ་ལ་མནོ་བསམ་ཟབ་མོ་བཏང་བ་ཡིན་ཏེ། སློབ་ཁུལ་གསར་པའི་ཁོར་ཡུག་འཛུགས་སྐྲུན་དང་། སློབ་གླིང་དེ་སློབ་ཆེན་དུ་སྒྱུར་བའི་བྱ་གཞག་རབ་དང་རིམ་པ་མང་པོ་དང་། ད་དུང་འབུམ་རམས་པའི་གསོ་སྐྱོང་ལྟེ་གནས་སྒྲུབ་པའི་བྱ་ཆེ་ཁག་གི་གཙོ་འགན་ཁུར་ཏེ་མུ་མཐུད་དུ་སློབ་གསོ་བཅོས་བསྒྱུར་དང་བསླབ་ཚན་གསར་པ་ཁ་སྣོན། རིག་ཚན་ཞིབ་འཇུག་གི་ཆོག་མཆན་ཐབ། 2002ནས2004ལོའི་བར་དུ་མ་དངུལ་སྒོར་ཁྲི3175བཏང་སྟེ་སློབ་གྲྭའི་ཚན་རིག་ཚོད་ཁང་དངོས་སུ་ལེགས་འགྲུབ་བྱུང་། རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པའི་སྐྱེ་དངོས་ཚན་རྩལ། གསོ་རིག་ཚན་ཁག གློག་རྡུལ་ཡིག་ཆ། བོད་ཡིག་ཆ་འཕྲིན་ལག་རྩལ་སོགས་རིག་ཚན་བཞིའི་ཚོད་ལྟ་ཁང་རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གི་ཚོད་ལྟ་ཁང་གཙོ་བོའི་གྲས་སུ་ཚུད་པ་རེད། 2001ལོར་ཀྲུང་གོའི་མི་རིགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གླིང་གསར་དུ་འཛུགས་ཐུབ་པ་བྱུང་ཞིང་། ལོ་དེར་ཞིབ་འཇུག་ཁང་དེར་རྒྱལ་ཁབ་རིམ་པའི་ཚན་རྩལ་ཡར་ཐོན་གྱི་ཨང་གཉིས་པའི་བྱ་དགའ་ཐོབ། 2000ལོ་ནས2004ལོར་སློབ་གྲྭས་མ་དངུལ་བཏང་སྟེ《གེ་སར་རིག་གནས་དཔེ་ཚོགས》སུ་དཔེ་དེབ50ལྷག་པར་དུ་བསྐྲུན། 2003ལོའི་ཟླ4པའི་ཚེས16ཉིན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་སློབ་ཆེན་གྱི་ཆ་རྐྱེན་ཡོངས་སུ་ཚང་བར་དངོས་སུ་ཁས་ལེན་ཐོབ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་ཞེས་མིང་གསར་པ་བཏགས་ཤིང་། ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་པ་ཞིག་གི་དབུ་བརྙེས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་འབུམ་རམས་པའི་སློབ་མའི་ཞིབ་འཇུག་ལྟེ་གནས་ཀྱི་ཆོག་མཆན་ཡང་ཐོབ་སྟེ། ནུབ་བྱང་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་མཆོང་རྒྱུག་རང་བཞིན་གྱི་ཟིན་ཐོ་གསར་པ་བཀོད། མི་རིགས་ས་ཁུལ་གྱི་རིག་གནས་སྲུང་སྐྱོབ་ཐད་ཡང་དག་པའི་ཁ་ཕྱོགས་བསྐྲུན་པས། ཁོང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་དང་པོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣའི་བྱ་དགའ་གནང་བ་རེད།