སྤྱི་ལོ1977ལོར། ཏེང་ཞའོ་ཕིང་གི་ལས་ཀ་བསྐྱར་གསོ་བྱུང་། ཁོང་གིས་དག་ཐེར་ཆེན་པོ་མཛད་པའི་རྐྱེན་གྱིས། ཚན་རིག་དང་སློབ་གསོ་རིག་གནས་ཀྱི་བྱ་གཞག་ཚང་མར་རྣམ་པ་གསལ་བོར་མངོན། ཏེང་ཞའོ་ཕིང་གིས་རིག་གནས་ལ་བརྩི་འཇོག་དང་འཇོན་ཐང་ཅན་ལ་བརྩི་བཀུར་བྱེད་པའི་འབོད་སྐུལ་གནང་། སྤྱི་ལོ1978ལོའི་ལོ་མགོར་བསྡུས་པའི་རྒྱལ་ཡོངས་ཚན་རིག་ཚོགས་ཆེན་སྟེང་དུ། ཁོང་གིས་ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཡིན་ཞེས་པའི་མར་ཁེ་སི་རིང་ལུགས་ཀྱི་ལྟ་ཚུལ་འདི་ནན་གྱིས་གསུངས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ལ་ཞབས་ཞུ་སྒྲུབ་པའི་ཤེས་ལྡན་མི་སྣ་ནི་བཟོ་བ་གྲལ་རིམ་གྱི་ཁག་ཅིག་ཡིན་པ་བསྟན། དེ་ནས་བཟུང་། ལོ་མང་པོའི་རིང་ཤེས་ལྡན་མི་སྣར་བསྟར་བའི་གཡོན་གྱི་སྲིད་ཇུས་དེ་བསྒྱུར་ནས། ཤེས་བྱ་དང་ཤེས་ལྡན་མི་སྣར་བསྐྱར་དུ་བརྩི་འཇོག་ཐོབ་པ་རེད། ཏེང་ཞའོ་ཕིང་གི་མཛུབ་སྟོན་གཞིར་བཟུང་ནས། སྤྱི་ལོ1977ལོའི་ལོ་མཇུག་ཏུ། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དོར་བའི་མཐོ་རྒྱུགས་ལམ་ལུགས་ཡང་བསྐྱར་སླར་གསོ་བྱུང་ནས། དཔལ་འབྱོར་གྱི་ཁྱབ་ཁོངས་སུ། ཏང་དང་སྲིད་གཞུང་གིས་དག་ཐེར་རབ་དང་རིམ་པ་བྱས་པ་བརྒྱུད། རྒྱལ་དམངས་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་བྱུང་ཞིང་། ཕྱོགས་ཁ་ཤས་ལ་ཐ་ན་འཕེལ་རྒྱས་ཀྱང་ཅུང་ཙམ་བྱུང་བ་རེད།
མི་བཞིའི་ཤོག་ཁག་རྡུལ་དུ་བརླགས་རྗེས། མི་རྣམས་ཀྱིས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་བཟོས་རྫུན་འཕྱུགས་གསུམ་གྱི་གྱོད་གཞི་དཀར་འདོན་བྱེད་པ་དང་། རིག་གནས་གསར་བརྗེ་ཆེན་པོའི་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བླང་བྱ་བཏོན། ཡིན་ནའང་། སྐབས་དེར་ཏང་ཀྲུང་དབྱང་གི་མགོ་ཁྲིད་པ་གཙོ་བོས་མའོ་ཀྲུའུ་ཞིས་ཐག་བཅད་པ་ཡིན་ཕྱིན། ང་ཚོ་ཚང་མས་ནམ་ཡང་འགྱུར་བ་མེད་པར་བརྩི་སྲུང་བྱེད་དགོས་པ་སྟེ། ཡིན་ཕྱིན་གཉིས་ཀྱི་བྱེད་ཕྱོགས་བཏོན་པ་དང་། དེས་རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་ཡི་མི་རང་བར་བཟོས། ཡིན་ཕྱིན་གཉིས་ཀྱི་ནོར་འཁྲུལ་གྱི་བྱེད་ཕྱོགས་དེར་ངོ་རྒོལ་བྱེད་ཆེད། བསམ་བློའི་རིག་གཞུང་ལས་རིགས་སུ་བདེན་དོན་ཚད་གཞིའི་གནད་དོན་གྱི་གྲོས་བསྡུར་ཐེངས་ཤིག་སྤེལ། གྲོས་བསྡུར་ཐེངས་དེའི“ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་གཅིག་ཡིན་པར”ཁས་འཆེས་ཤིང་། ཡིན་ཕྱིན་གཉིས་ཀྱི་ནོར་འཁྲུལ་གྱི་ལྟ་བ་ཁས་མ་བླངས་པར། དངོས་ཐོག་བདེན་འཚོལ་གྱི་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་བསྐྱར་འཛུགས་བགྱིས་པས། ཡུན་རིང་གི་མི་སྒེར་ལ་དད་བཀུར་དང་ལུང་འཛིན་རིང་ལུགས་ཀྱི་འཆིང་རྒྱ་གཏོར་བ་རེད། དེ་ནི་གཏིང་ཟབ་པའི་བསམ་བློའི་བཅིངས་འགྲོལ་ལས་འགུལ་ཐེངས་ཤིག་ཡིན་ཞིང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུ་བར་བསམ་བློའི་རྨང་གཞི་བཏིང་བ་རེད།