རོང་བོ་དགོན་ཆེན།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2017-07-14 17:21ལ་འགྲུབ།

རོང་བོ་དགོན་ཆེན།

རོང་བོ་དགོན་ཆེན།
རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནི། རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་དགུ་ཆུའི་ནུབ་འགྲམ་སྟེ། རོང་བོ་ལྷ་རྗེ་བྲག་སྣ་བ་ཀུན་དགའ་དོན་གྲུབ་ལ་ལྷ་དང་བླ་མས་ལུང་བསྟན་པའི་ས་རྡོ་རྗེ་འདྲ་བའི་རྐེད་པར་གཞི་ཆགས་ཡོད། དགོན་པ་སྤྱིའི་ས་ཁྱོན་ལ་སྤྱི་ཆིངས26.7ཡོད་ལ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4.1ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
隆务大寺
ལ་ཏིང་གི་མིང་།
rong bo dgon chen
མཚན་རྒྱས་པ།
རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་།
ཕྱག་འདེབས་མཁན།
རོང་བོ་བླ་མ་བསམ་གཏན་རིན་ཆེན།
ཕྱག་བཏབ་ལོ།
སྤྱི་ལོ1342
གྲུབ་མཐའ།
དགེ་ལུགས་པ།
རིགས་དབྱེ།
དགོན་པ།
དགོན་བདག་བླ་མ།
ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན།
གནས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་ཁོངས་སུ་ཡོད།
1 ​ངོ་སྤྲོད།

རབ་བྱུང་བཅུ་དྲུག་པའི་ཆུ་རྟ(སྤྱི་ལོ1342)ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དངོས་སློབ་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ས་དཀྱིལ་ཏཱ་བེ་ཧུ་དཔོན་རབས་གཉིས་པ་དངོས་གྲུབ་རྒྱ་མཚོ་དང་མཆོད་ཡོན་འབྲེལ་ཏེ། རོང་བོ་སྤྱི་དཔོན་མདོ་སྡེ་འབུམ་གྱིས་རོང་བོ་བཀའ་གདམས་དགོན་ཆེན་གྱི་རྨང་གཞི་ཡོད་པའི་གནས་འདིར། ས་འཛིན་ལྷ་ཁང་དུ་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་ཤིང་། དགེ་འདུན་གྱི་འདུས་སྡེ་བཙུགས་ཏེ་ཕྱག་འདེབས་མཛད། དགོན་མིང་ལ་བྱང་ཕྱོགས་རོང་བོ་དཔལ་གྱི་དགོན་ཆེན་བཀའ་གདམས་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཞེས་བཏགས་ཤིང་རིམ་གྱིས་རོང་བོ་བཀའ་གདམས་དགོན་ཆེན་ཞེས་འབོད་པའི་སྲོལ་ཆགས། གྲུབ་མཐའ་ཐོག་མར་བཀའ་གདམས་པ་དང་ས་སྐྱ་བ་ཟུང་འབྲེལ་ཡིན་པ་དང་རྗེས་ནས་དགེ་ལུགས་པར་བསྒྱུར།

སྤྱི་ལོ1340ལོའི་ཡས་མས་ཞིག་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་དབུས་གཙང་ནས་ལྷ་དང་བླ་མའི་ལུང་བསྟན་ལྟར་མདོ་སྨད་དུ་བྱ་ཁྱུང་དགོན་གནས་འཚོལ་བར་རང་གི་འཁྲུངས་ཡུལ་ཤ་སྦྲང་དུ་ཕེབས་སྐབས། རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་གདན་དྲངས་པ་ལྟར་རེབ་གོང་རོང་བོ་བཀའ་གདམས་དགོན་ཆེན་དུ་ཕེབས་ནས། རོང་བོ་བླ་མ་བསམ་གཏན་རིན་ཆེན་གཙོ་བྱས་པའི་ཚོགས་མང་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སོགས་ཀྱི་དབང་ལུང་རྗེས་གསུམ་གནང་བ་ཟད། བླ་མ་བསམ་གཏན་རིན་ཆེན་ཚང་ལ་མདོ་སྡེ་སྐལ་བཟང་དང་ཐར་མདོའི་ལུང་། དབུ་མ་ཚོགས་དྲུག་དང་ལྷོ་བྲག་བཀའ་འབུམ་གྱི་བཤད་པ། མི་ཏྲ་བརྒྱ་རྩ་སོགས་ཀྱི་དབང་དང་རྗེས་གནང་བརྙེན་རྫོགས་ཀྱི་སྡོམ་པ་བསྩལ་བ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་ བསྐོར་བ་རེད།

སྐབས་དེར་རོང་བོ་དགོན་ཆེན་དུ་ལྷ་ཁང་གཅིག་དང་གྲྭ་ཤག་ཉི་ཤུ་ཙམ་ལས་རྟེན་བཞེངས་ཀྱི་སྐོར་མང་བོ་མེད་ཀྱང་། ཕྱིས་སུ་རེབ་གོང་སྤྱིའི་མ་མགོན་དུ་གྱུར་བ་ནི། རོང་བོ་བླ་མ་བསམ་གཏན་རིན་ཆེན་ལ་ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པ་དང་གཅིག རོང་བོ་བསམ་གཏན་རིན་ཆེན་གྱི་སྐུ་མཆེད་དང་ཚ་བོ་གང་རུང་རེབ་གོང་སྤྱི་དཔོན་ནང་སོར་བཞུགས་ཡོད་པ་དང་གཉིས་བཅས་ཕྱི་ནང་གི་ཆ་རྐྱེན་ཕུན་སུམ་ཚོགས་པ་ལ་བརྟེན་ནས། རོང་བོ་བཀའ་གདམས་དགོན་ཆེན་འདི་ཉིད་རེབ་གོང་དགོན་པ་སྤྱིའི་མ་དགོན་དུ་གྱུར་པ་རེད། དེ་ནས་བཟུང་རོང་བོ་བླ་མ་བསམ་གཏན་རིན་ཆེན་གཙོས་སྐུ་མཆེད་ཀུན་སྤངས་གྲགས་པ་རྒྱལ་མཚན་དང་། ཏཱ་ཀོ་ཤཱི་བློ་གྲོས་སེང་གེ་གཉིས་ཀྱིས་རིམ་པར་གདན་ས་ལེགས་པར་བསྐྱངས་པ་དང་། ཁྱད་པར་དུ་ཏཱ་ཀོ་ཤཱི་བློ་གྲོས་སེང་གེ་མཆོག་རྒྱ་ནག་རྒྱལ་བོས་གདན་འདྲེན་མི་སྣ་སྔ་ཕྱིར་མངགས་པ་ལྟར་རྒྱ་ནག་རྒྱལ་ཁབ་ཆེན་པོར་སྤྱན་དྲངས། རྒྱལ་བོ་འཁོར་བཅས་ལ་རྣམ་འཇོམས་དཀར་བོའི་རྗེས་གནང་གིས་ཐོག་དྲངས་ཟབ་རྒྱས་ཀྱི་ཆོས་ཆར་དགུང་ནས་ཕབ་ཅིང་། ཆོས་གོས་ཉི་ཟེར་ལ་འགེལ་བ་སོགས་ཀྱི་གྲུབ་རྟགས་མང་དུ་བསྟན། དེའི་ཚེ་རྒྱ་ནག་གོང་མ་རྒྱལ་བོའི་ལུང་ལས། “བློ་གྲོས་སེང་གེ་ཁྱོད་ནི་སྟོན་པ་ལ་དད་ཅིང་།། བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ངོ་མཚར་ཆེ”ཞེས་བསྔགས་བརྗོད་གནང་བ་མ་ཟད། ཏཱ་ཀོ་ཤྲའི་ལས་ཀ་དང་། གསེར་གྱི་ཐམ་ག་གྲུ་སྒོར། དེ་མཐུན་གྱི་ན་བཟའ་ཉེར་སྤྱད་སོགས་གནང་སྟེ་རེབ་གོང་ཡུལ་གྱི་བླ་དཔོན་ཟུང་འབྲེལ་གྱི་ཐོབ་ཐང་དང་གོ་གནས་སྤྲད།

དེར་བརྟེན་ཁོང་གིས་རོང་བོ་བཀའ་གདམས་དགོན་ཆེན་དུ་མགོན་ཁང་བཙན་པོ་མ་དང་། མགོན་པོ་རྭ་སྐྱེས་ལྷ་ཁང་སོགས་རྟེན་བཞེངས་རྒྱ་ཆེར་མཛད། རེབ་གོང་སྟོད་སྨད་བར་གསུམ་གྱི་རོང་འབྲོག་གི་ཁྲི་སྡེ་མང་བོ་རྣམས་བཙུན་ཁྲལ་དང་། མཆོད་གཞིས་ཀྱི་མངའ་འབངས་མང་བོ་དབང་དུ་བསྡུས་པ་སོགས་ཆོས་སྲིད་གཉིས་ཀྱི་སྒོ་ནས་གདན་ས་ལེགས་པར་བསྐྱངས་པས། རོང་བོ་བཀའ་གདམས་དགོན་ཆེན་གྱི་ཆོས་སྲིད་བྱ་བཞག་ཐམས་ཅད་འཕེལ་རྒྱས་ཆེན་པོ་བྱུང་། སྐབས་དེར་རོང་བོ་བཀའ་གདམས་དགོན་ཆེན་གྱི་མཆོད་གཞིས་ཀྱི་མངའ་འབངས་ནི་ཤར་སྟོད་ཕྱོགས་བཅུ(ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་ཁོངས་གཏོགས) ནས་ཤར་སྨད་རྡོ་དཀར(ད་ལྟའི་མཚོ་སྔོན་ཞིང་ཆེན་རྡོ་སྦིས་ཞང་གི་ཁོངས་གཏོགས)ཚུན་དང་། ལྷོ་སྟོད་བྲག་སེར(ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ཁོངས་གཏོགས)ནས་ལྷོ་སྨད་དངུལ་རྭའི་རྨ་ཁ(ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་དངུལ་རྭའི་རྨ་ཁ)ཚུན་ཆད། ནུབ་སྟོད་ར་རྒྱ(ད་ལྟའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་རྒྱོའི་མགོ་ཞང) དང་ནུབ་སྨད་ཁྲི་ཀའི་ལོ་འགག(ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཁོངས)ཚུན་ཆད། བྱང་སྟོད་ཇོའི་ལོ་ཧོར་མོ་ཁ་གསུམ(ད་ལྟའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁོངས)ནས་བྱང་སྨད་རྨ་ཆུའི་འཁྱིལ་ཕྱོགས་(ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཧྭ་ལུང་རྫོང་ཁོངས)ཚུན་ཆད་བཀའ་གསུང་རྡོ་རྗེའི་ར་བ་གཅིག་ལ་བསྡམས་པ་ཡིན་པས། རོང་བོ་བཀའ་གདམས་དགོན་ཆེན་དེ་མདོ་སྨད་ཡུལ་གྱི་སྒྲུབ་བརྒྱུད་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཏུ་གྱུར། དེ་ནས་གདན་ས་པ་བློ་གྲོས་མཆོག་གྲུབ་དང་དོན་གྲུབ་སེང་གེ་བློ་གྲོས་དཔལ་ལྡན་རྣམས་ཀྱིས་བླ་དཔོན་ཟུང་འབྲེལ་གྱི་འགན་བླངས་ཏེ་གདན་ས་བསྐྱངས། གདན་ས་པ་བློ་གྲོས་བརྟན་པ་དང་བསོད་ནམས་དོན་གྲུབ་གཉིས་ཀྱི་རིང་ལ་ཅུང་ཟད་ཉམས་པར་གྱུར་སྐབས། རོང་བོ་བླ་མ་རིན་ཆེན་བསམ་གྲུབ(རོང་པོའི་སྐུ་མདུན་པ)ཞེས་བྱ་བས་གདན་སའི་ཁུར་བླངས་པ་མ་ཟད། བསོད་ནམས་དོན་གྲུབ་ཀྱི་སྲས་ནང་སོ་དཔལ་ལྡན་གུ་རུ་བསྐུལ་ཏེ་ཧོར་དའི་ཆིང་ཆུ་ཁུར་དཔོན་ལ་འགོ་འདྲེན་བཅོལ། ཡེར་བ་ཆོས་རྗེ་སོགས་ཀྱིས་ཁུར་བླངས་ཏེ།  གནས་མི་འགྱུར་བའི་གཟེར་ལྟ་བུར་དགོན་པའི་ཕྱོགས་བཞིར་མཆོད་རྟེན་བརྩིག་དགོས་པར་བཤད་པ་ལྟར་ཕྱོགས་བཞིར་མཆོད་རྟེན་བཞི་བརྩིགས། དཔོན་པོ་དང་ཡེར་བ་ཆོས་རྗེས་འགོ་འདྲེན་གནང་ཞིང་རྟིས་ཚང་སྨན་པ་ནས་དོ་དམ་གྱི་ཁུར་བླངས་ཏེ། རབ་བྱུང་བཅུ་བའི་ཤིང་སྦྲུལ་སྤྱི་ལོ1605ལོའི་བོད་ཟླ་གསུམ་པའི་ཚེས་གསུམ་ཉིན་ཡེར་བ་ཆོས་རྗེ་སོགས་ཀྱིས་རོང་བོ་བཀའ་གདམས་དགོན་ཆེན་གྱི་འདུ་ཁང་ཐེངས་གཉིས་པ་སྔར་ལས་ཆེ་བ་བཞེངས་འགོ་བརྩམས་ཏེ་མི་རིང་བར་གྲུབ། ཧོར་དའི་ཆིང་ཆུ་ཁུར་དཔོན་དང་། ནང་སོ་དཔལ་ལྡན་གུ་རུ་གཙོ་པའི་དད་ལྡན་སྦྱིན་བདག་རྣམས་ཀྱིས་འདུ་ཁང་གི་ནང་རྟེན་དུ་གསེར་སྦྱངས་འབའ་ཞིག་གིས་བྲིས་པའི་རྒྱལ་བའི་བཀའ་འགྱུར་གྱི་གླེགས་བམ་གསར་དུ་བཞེངས། ལོ་དེའི་བོད་ཟླ་བཞི་བའི་ནང་གདན་ས་རོང་བོ་བླ་མ་རིན་ཆེན་བསམ་གྲུབ་དང་ནང་སོ་དཔལ་ལྡན་གུ་རུ་རྣམ་གཉིས་ཀྱིས་ཨ་རིག་ཆོས་རྗེ་ལ་སྟོང་དཔོན་བཞི་གྲོགས་སུ་སྦྲན་ཏེ་ས་ཕྱོགས་སོ་སོར་མངགས་ནས་གྲྭ་རྒྱུན་ཐོ་བཙུན་གྱི་ལུགས་སུ་བསྡུས། སོག་པོ་མཆོད་ཡོན་དང་འབྲེལ་བའི་འགོ་བཙུགས། ལྔ་བའི་ཚེས་བཅུ་གསུམ་ལ་སྟོང་ཆོས་ལྷ་བཟོ་སོགས་ཀྱིས་རྗེ་ཙོང་ཁ་བའི་སྐུ་སྟོང་རྩའི་གསེར་ཐང་དང་། དུས་གསུམ་སངས་རྒྱས། རྣམ་རྒྱལ་མཆོད་རྟེན་བཞེངས་འགོ་བརྩམས་ནས་ལེགས་པར་གྲུབ་པ་དང་ཆབས་ཅིག་བཀའ་འགྱུར་གསེར་བྲིས་མ་ཡང་ལེགས་གྲུབ་བྱུང་བས། གསར་བཞེངས་ཀྱི་རྟེན་རྣམས་དུས་གཅིག་ཏུ་འདུ་ཁང་གསར་བའི་ནང་དུ་གདན་དྲངས་ཏེ། མཁས་གྲུབ་ཆེན་པོ་བླ་མ་རིན་ཆེན་བསམ་གྲུབ་དང་། གྲགས་པ་འོད་ཟེར། རོང་བོ་བླ་མ་བཟོད་པ་སོགས་ཀྱི་དབུ་མཛད་པའི་དགེ་འདུན་འདུས་པས་རབ་གནས་མཛད།

སྤྱི་ལོ1607ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བརྟན་པའི་རྒྱལ་མཚན་དབུས་གཙང་ནས་ཕྱིར་རོང་བོ་བཀའ་གདམས་དགོན་ཆེན་དུ་ཕེབས་སྐབས། དགོན་པའི་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཉམས་རྒུད་དུ་སོང་ཡོད་པ་དང་གཅིག གྲུབ་མཐའ་ངེས་གཏན་མེད་པ་དང་གཉིས། རང་གིས་དབུས་གཙང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་རྣམས་སུ་ཆོས་སྲོལ་མང་པོ་མཉམ་བཞེས་གནང་ཡོད་པ་དང་གསུམ་བཅས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས། རོང་བོ་བཀའ་གདམས་དགོན་ཆེན་གྱི་ཁྲིམས་ལུགས་ལ་དག་ཐེར་མཛད་པ་དང་། དགེ་ལྡན་ལྔ་མཆོད་ཆེན་མོ་གསར་དུ་བཙུགས། ཁྱད་པར་དུ་རི་བོ་དགེ་ལྡན་པའི་ཆོས་ཁྲིམས་དང་ཆོ་ག་ཕྱག་ལེན་གྱི་སྲོལ་བཟང་མང་པོ་གསར་འཛུགས་གནང་སྟེ་གྲུབ་མཐའ་དགེ་ལུགས་པར་བསྒྱུར་བ་མ་ཟད། དགོན་མིང་ལ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ཞེས་བཏགས་པར་གྲགས། 

སྤྱི་ལོ1621ལོར་དགོན་ཆེན་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་རང་གིས་ཕྱག་བཟོ་བྱས་ཏེ་ལྷ་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད། སྔ་གཞུག་ཏུ་ས་ལ་གནས་པའི་སེམས་དཔའ་ཆེན་པོ་སྐྱིད་ཤོད་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་ཀོའུ་པ་ཆོས་རྒྱ་མཚོ། གྲུབ་ཆེན་ཆོས་པ་རིན་པོ་ཆེ། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སོགས་ཁོང་རྣམ་པ་གཞིས་རབ་གནས་མཛད་པས་བྱིན་བརླབས་ཀྱི་ཚན་ཁ་ཆེ་བར་གྲགས་སོ། རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་སྤྱི་ལོ1630ལོར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་རོང་བོ་རོང་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་གྲྭ་ཚང་ཐོས་བསམ་ རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་དེ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཕྱག་སྲོལ་ལྟར་གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་གནང་སའི་བཤད་གྲྭ་གསར་འཛུགས་གནང་བ་དང་། རབ་བྱུང་བཅུ་གཉིས་པའི་ཤིང་སྟག་སྤྱི་ལོ1734ལོར་ཡབ་རྗེ་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་རྒྱུད་པ་གྲྭ་ཚང་ཕྱག་འདེབས་མཛད་དེ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་སྲོལ་ལྟར་རྒྱུད་སྡེ་སྤྱི་དང་ནང་སྒོས་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ལ་འཆད་ཉན་གནང་སའི་སྒྲུབ་གྲྭ་གསར་འཛུགས་གནང་། རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་སྤྱི་ལོ1773ལོར་ཡབ་རྗེ་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་དུས་འཁོར་གྲྭ་ཚང་ཕྱག་འདེབས་མཛད་དེ། རྩེ་རྣམ་རྒྱལ་གྲྭ་ཚང་གི་ཕྱག་སྲོལ་ལྟར་རྒྱུད་སྡེ་སྤྱི་དང་ནང་སྒོས་སུ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ལ་འཆད་ཉན་གནང་སའི་སྒྲུབ་གྲྭ་གསར་འཛུགས་གནང་། དེ་ནས་བཟུང་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནི་གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་མཚོན་པའི་མདོ་སྔགས་ཟུང་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་སྒྲུབ་པ་ཉམས་ལེན་བྱེད་སའི་མདོ་སྨད་ཡུལ་གྱི་དགེ་ལུགས་པའི་དགོན་སྡེ་གྲགས་ཅན་ཞིག་ཏུ་གྱུར། དེའི་མཚུངས་སུ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་ནི། རེབ་གོང་གི་སྐྱབས་མགོན་དང་། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དང་དབེན་གནས་བཀྲ་ཤིས་འཁྱིལ་སོགས་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་མང་པོ་ཞིག་གི་དགོན་བདག་ཏུ་གྱུར།

དུས་དེ་ནས་བཟུང་རིམ་བཞིན་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་དང་། གྲུབ་ཆེན་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་། རོང་བོ་ཁྲི་ཆེན་སྐུ་ཕྲེང་རིམ་བྱོན། མཁན་ཆེན་སྐུ་ཕྲེང་རིམ་བྱོན། ཁ་སོ་སྐུ་ཕྲེང་རིམ་བྱོན། རྫོང་དཀར་ཆེ་ཆུང་སྐུ་ཕྲེང་རིམ་བྱོན། རྒྱལ་མཁན་ཆེན་སྐུ་ཕྲེང་རིམ་བྱོན། བྱང་རྩེ་མཁན་པོ་སྐུ་ཕྲེང་རིམ་བྱོན། ཨ་རོལ་སྐུ་ཕྲེང་རིམ་བྱོན། ཁྲི་རྒན་སྐུ་ཕྲེང་རིམ་བྱོན་སོགས་གདན་ས་བ་རྣམས་ཀྱིས་དགོན་པ་འདི་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་པས། ཆོས་སྡེ་འདིར་སྔ་གཞུག་ཏུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བྱོན་པ་དང་། ལྷ་རྟེན་ཆོས་གསུམ་གྱི་སྐོར་མང་པོ་ཞིག་བཞུགས།

སྤྱི་ལོ1958ལོའི་ཡར་སྔོན་དུ་དགོན་ཆེན་འདིར་གྲྭ་ཚང་གསུམ་དང་ཤར་བླ་བྲང་ནོར་བུ་གྲུ་འཛིན། ཤར་འཇམ་དབྱངས་ལྷ་ཁང་དང་འདུ་ཁང་སོགས་བཞི་བཅུ་ལྷག་དང་ནང་ཆེན་ལ་རོང་བོ་ཁྲི་རྒན་ནང་ཆེན་སོགས་སུམ་ཅུ་སོ་གསུམ་ཡོད་ཅིང་། གྲྭ་ཤག་སུམ་བརྒྱ་ལྷག་དང་རྟེན་བཞེངས་སྐོར་མང་བོ་ཡོད། རྒྱུན་བཞུགས་ཀྱི་བླ་སྤྲུལ་ཆེ་ཆུང་བཞི་བཅུ་ལྷག་དང་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ལྷག་བཞུགས། དགོན་པའི་མདུན་གྱི་ཅོག་ཙེ་བར་མའི་སྟེང་རྨ་རྒྱལ་སྦོར་རའི་ལྷ་ཐོ་དང་། ཅོག་ཙེ་གོང་མའི་སྟེང་བདུད་འདུལ་མཆོད་རྟེན་མཐོ་ཚད་ལ་ཁང་བརྩེགས་གཉིས་ཙམ་ཡོད་པ་བཅས་བཞུགས། 

སྤྱི་ལོ1958ལོའི་གོད་ཆག་དང་རིག་གསར་སྐབས་སུ། དགོན་པའི་ཚོགས་ཆེན་འདུ་ཁང་དང་གྲྭ་ཚང་འདུ་ཁང་། རྒྱལ་མཁན་ཆེན་གྱི་ནང་ཆེན། གྲྭ་ཤག་བཅུ་ལྷག་གི་ཁང་རོ་ཙམ་ལས།  ལྷ་རྟེན་ཆོས་གསུམ་སོགས་མེད་བརླགས་སུ་བཏང་བས། དགོན་ཤུལ་དུ་ཁུལ་དང་རྫོང་གི་ལས་ཁུངས་དང་སློབ་གྲྭ ཁྱིམ་ཚང་སྡོད་གནས་བཅས་བྱས་པ་དང་། གཞན་ས་ལྷག་མ་རྣམས་ས་དཀྱིལ་སྡེ་བའི་ཞིང་སར་བསྒྱུར།

སྤྱི་ལོ1979ལོའི་སྟོན་ཁར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་བཀྲ་ཤིས་དབང་ཕྱུག་ལྗོངས་འདིར་ཆེད་དུ་ཕེབས་ནས་ཀྲུང་དབྱང་གི་སྲིད་ཇུས་གསལ་བསྒྲགས་གནང་། སྐབས་དེར་རོང་བོ་དགོན་ཆེན་གྱི་ཆོས་སྒོ་འབྱེད་རྒྱུའི་རེ་བ་ཞུས་པ་ལ་ཡིད་མཐུན་གྱི་ལན་གནང་བ་ལྟར། ལོ་དེར་རྨ་ལྷོ་ཁུལ་ནས་ཆོས་ལུགས་མི་སྣ་བསྡུས་ཏེ་རོང་བོ་དགོན་ཆེན་སླར་གསོ་བྱེད་རྒྱུའི་གྲ་སྒྲིག་གི་ཚོགས་འདུ་འཚོགས། ལོ་དེའི་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས་མཆོག་དགོན་པར་གཞི་འཛིན་དུ་ཕེབས་པ་དང་། ཉིན་དེར་ཞིག་རལ་དུ་སོང་བའི་ཚོགས་ཆེན་འདུ་ཁང་ཆེན་མོ་ཕྱིར་སྤྲད།

སྤྱི་ལོ1980ལོའི་བོད་ཟླ་དང་པོའི་ཚེས་དགུ་ཉིན་ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས་མཆོག་གི་སྐུ་དྲིན་དང་། རེབ་གོང་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱི་རེ་སྨོན་ལྟར། རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོའི་ཞབས་ཟུང་གསེར་གྱི་འཁོར་ལོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་མཆོད་གནས་དམ་པ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་བསྒྱུར་བ་ན། ནམ་མཁའ་ནས་འཇའ་ཚོན་ཤར་བ་སོགས་བཀྲ་ཤིས་པའི་རྟགས་མཚན་མངོན་པར་གསལ་བ་བྱུང་། ཚེས་བཅུའི་ཉིན་དགེ་འདུན་པ་རྣམས་གཅོ་བྱས་པའི་དད་ལྡན་མཇལ་བ་སྟོང་ཕྲག་མང་བོ་ལ་ཕྱག་དབང་བསྩལ། ཚེས་བཅུ་གཅིག་ཉིན་མཉམ་མེད་ཐུབ་པ་ཆེན་པོའི་རིང་ལུགས་པ་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས། རྫོང་ཆུང་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་རྫོང་དཀར་འཇིགས་མེད་ལུང་རིགས། མཁན་ཆེན་སྐུ་ཕྲེང་བདུན་པའི་ཡོངས་འཛིན་ཐོས་བསམ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་རོལ་འཇིགས་མེད་རབ་རྒྱས།  རོང་བོ་ཁྲི་ཆེན་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་ཐོས་བསམ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེ་དགེ་འདུན་བསྟན་འཛིན། ཚལ་དགེ་འདུན་དར་རྒྱས། འཇའ་མོ་དགེ་འདུན་ཆོས་འཕེལ། ཚོགས་ཆེན་དབུ་མཛད་ལས་ཐོགས་པ་སྨད་པའི་དགེ་འདུན་ཕུན་ཚོགས། ཐོས་བསམ་གླིང་གི་དབུ་མཛད་ལྷ་སྡེ་དགེ་ལེགས་རྒྱ་མཚོ། རྒྱུད་པའི་བླ་མ་དཔོན་སློབ་ཚོ་འདུའི་ཡོན་ཏན་རྒྱ་མཚོ། དུས་འཁོར་གྱི་བླ་མཁྱེན་རྒྱལ་བོ་སྒང་དགེ་འདུན་བསྟན་འཛིན་སོགས་གཙོ་བྱས་པའི་དགེ་འདུན་པ་རྣམས་ཀྱིས་གོས་ངུར་སྨིག་གི་ན་བཟའ་ལེགས་པར་བཞེས་ཏེ། བླ་མ་རྡོ་རྗེ་འཆང་རྫོང་ཆུང་སྐུ་ཕྲེང་དྲུག་པས་སོ་ཐར་གྱི་མདོ་གསུངས་ཏེ་བཀྲ་ཤིས་གསོ་སྦྱོང་བླངས་པ་སོགས་ཀྱིས་མཚོན་པའི་ཆོས་ཀྱི་སྒོ་མོ་ཐོག་མར་ཕྱེས། ཚེས་བཅུ་གསུམ་ཉིན་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོས་ཤར་སྐྱབས་མགོན་ཐམས་ཅད་མཁྱེན་པའི་རྒྱལ་ཚབ་བདག་གིར་བཞེས་པ་དང་། ཁ་སོ་རོང་བོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས་དང་། རོང་བོ་སྐུ་ཕྲེང་དྲུག་པ་དགེ་འདུན་དར་རྒྱས་རྒྱ་མཚོ་སོགས་ཀྱིས་ལུགས་གཉིས་ཀྱི་བྱ་བའི་ཁུར་བླངས། མཁན་ཆེན་ཡོངས་འཛིན་ཨ་རོལ་འཇིགས་མེད་རབ་རྒྱས་བརྩི་བཞག་བླ་མར(བླ་མ་ཆུང་བ)བཞུགས། ཐོས་བསམ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེ་དགེ་འདུན་བསྟན་འཛིན་ཚོགས་ཆེན་དགེ་བསྐོས་ལ་བཞེངས། གོང་སྨྲས་དབུ་མཛད(བྱིངས་འདྲེན)རྣམ་གཉིས་ཀྱིས་རང་རང་གི་ལས་སྣེ་ཁུར་ཏེ་ཡང་དར་བསྟན་པའི་ཆོས་ཀྱི་དུང་བརྡ་ཐོག་མར་བཏང་ཞིང་། བླ་མ་རྡོ་རྗེ་འཆང་རྫོང་ཆུང་སྐུ་ཕྲེང་དྲུག་པ་དང་ཁ་སོ་སྐུ་ཕྲེང་བདུན་པ་རྣམ་གཉིས་གཙོས་རེབ་གོང་གི་དགེ་འདུན་པ་རྣམས་ཚོགས་ཆེན་འདུ་ཁང་ནང་དུ་འཚོགས་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་གསོ་གནང་བ་དང་། གཞུང་བཀའ་པོད་ལྔ་ལ་འཆད་ཉན་བྱེད་པའི་ཆོས་གྲྭ་བསྐྱར་དུ་བཙུགས། སྨོན་ལམ་གསུང་ཆོས་སྐབས་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོས་སྐྱེས་རབས་ཀྱི་བཤད་པའི་དབུ་བཙུགས་ཏེ་དམ་པའི་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་བསྒྲགས། དགེ་འདུན་པ་ཉིས་བརྒྱ་ཡས་མས་བཞུགས་པ་ལ་ཁ་སོ་སྐུ་ཕྲེང་བདུན་པ་དང་སེང་གེ་གཤོང་སྡེ་བས་མང་ཇ་སོགས་ཀྱིས་མཚོན་པའི་བརྙེན་བཀུར་ཕུན་སུམ་སོགས་པ་བྱས། དུས་དེར་དད་ལྡན་གྱི་མཇལ་བ་སྟོང་ཕྲག་མང་བོའི་འདུ་ཚོགས་ཧ་ཅང་ཆེ་བར་མ་ཟད། ཆོས་ལ་དུང་བའི་སྤྲོ་སེམས་ཀྱི་འདུན་པ་རབ་ཏུ་བརྟན། དེ་ནས་བཟུང་སྐབས་དང་བསྟུན་ཏེ་ཟླ་རེར་ཚོགས་ཉིན་ལྔ་རེ་དང་ཆོས་གྲྭ་ཉིན་ཉི་ཤུ་རེ་མ་ཆགས་པར་མཛད་རྒྱུའི་སྲོལ་བཙུགས་ཏེ། གྲྭ་ས་རང་རང་གི་ཕྱག་སྲོལ་ལྟར་འདོན་ཆོས་སྤྱོད་དང་། ཆོ་ག་ཕྱག་ལེན་སོགས་ཉམས་པ་སླར་གསོ་དང་། ཆད་པ་ཁ་སྐོང་བྱས་ཏེ་སྔར་སྲོལ་ལྟར་རྒྱུན་འཁྱོངས་བྱས། ལོ་དེའི་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་པཎ་ཆེན་སྐུ་བཅུ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་རེབ་གོང་ལྗོངས་འདིར་ཕེབས་ནས། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར། ལམ་མཆོག་སྒོ་འབྱེད། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ་སོགས་ཀྱི་བཀའ་ཆོས་གནང་བ་མ་ཟད། འདུ་ཁང་ཆེན་མོའི་ནང་དུ་དད་ལྡན་མཇལ་བ་སྟོང་ཕྲག་མང་བོ་ལ་ཕྱག་དབང་གནང་། ཁྱད་པར་དུ་རེབ་གོང་གི་མང་ཚོགས་ཡོངས་ལ་ཆོས་སྲིད་གཉིས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་། དེ་ནས་བཟུང་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། ཁ་སོ་སྐུ་ ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས་རྣམ་གཉིས་དབུར་བཞུགས་པ་དང་། རོང་བོ་ཚང་། ཚོ་འདུ་གྲུབ་ཆེན་ཚང་། གདན་ས་གསུམ་གྱི་དགེ་བའི་བཤེས་གཉེན་དང་གྲྭ་བ་རྒན་གཞོན་རྣམས་ཀྱིས་ཚོགས་ཆེན་འདུ་ཁང་ཆེན་མོ་སླར་གསོ་དང་། སྐུ་གསུང་ཐུགས་རྟེན་རྙིང་བ་ལུས་ཡོད་པ་སླར་བསྡུ་དང་མེད་པ་བསྐྱར་བཞེངས་བྱེད་པའི་ལས་འགོ་བཙུགས། དད་ལྡན་མང་ཚོགས་རྣམས་ཀྱིས་རྒྱུ་ནོར་གྱི་ཞལ་འདེབས་དང་ངལ་རྩོལ་གྱི་རོགས་རམ་གནང་བ་ལ་བརྟེན་ནས་རིམ་བཞིན་ཚོགས་ཆེན་འདུ་ཁང་ཆེན་མོ་ཞིག་གསོ་དང་ནང་རྟེན་ལེགས་གྲུབ་བྱུང་།

ད་ལྟ་དགོན་པ་འདིར་ཤར་འཇམ་དབྱངས་ལྷ་ཁང་། ཤར་བླ་བྲང་ནོར་བུ་གྲུ་འཛིན་ཕོ་བྲང་། ཤར་བླ་བྲང་ཆེན་མོའི་མགོན་ཁང་། ཚོགས་ཆེན་འདུ་ཁང་ཆེན་མོ་ཀ་བརྒྱ་མ་དང་། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་དང་འབྲེལ་བའི་སྤྱི་པའི་མགོན་ཁང་། མཚན་ཉིད་གྲྭ་ཚང་གི་འདུ་ཁང་། གྲྭ་ཚང་ལྷ་མོའི་མགོན་ཁང་། གྲྭ་ཚང་པར་ཁང་། ས་འཛིན་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། གྲུབ་ཆེན་ཆོས་པ་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། བློ་བཟང་ལུང་རིགས་རྒྱ་མཚོའི་སྐུ་གདུང་ལྷ་ཁང་། དོན་ཡོད་ཞགས་པའི་ལྷ་ཁང་། རྒྱུད་པ་གྲྭ་ཚང་གི་ལྷ་ཁང་། མགོན་ཁང་། རྗེ་ལྷ་ཁང་། དུས་འཁོར་གྲྭ་ཚང་གི་འདུ་ཁང་། སྦྱིན་སྲེག་ཁང་དང་འབྲེལ་བའི་དུས་འཁོར་བློས་བསླངས་ཁང་། མགོན་ཁང་། མཁན་ཆེན་བྱམས་ཁང་། སྒྲོལ་མའི་ལྷ་ཁང་། རྟ་མགྲིན་ལྷ་ཁང་། བླ་མ་ཁ་སོ་ཚང་གི་པར་ཁང་ཆེན་མོ། བྲག་དཀར་སྒོམ་ཁང་། ཤར་བླ་བྲང་གཙོ་བྱས་པའི་ནང་ཆེན་སུམ་ཅུ་ཙམ་དང་། གྲྭ་ཤག་ཉིས་བརྒྱ་ལྷག དགོན་པའི་མདུན་གྱི་ཅོག་ཙེ་བར་མའི་ཐང་ཆེན་སྟེང་གསེར་ཟངས་ལས་གྲུབ་པའི་སྒྲོལ་ལྗང་གི་སྐུ་འདྲ། བསྐོར་མཐར་མ་ཎི་གྲལ་རིང་། བསྐོར་མཐའི་ཤར་སྟོད་སྨད་བར་གསུམ་དུ་ཐར་མདོ་དང་། མ་ཎི། བཀའ་འགྱུར། གསང་བདག་འཁོར་ཆེན་བཅས་ཀྱི་འཁོར་ཆེན་ལྷ་ཁང་དང་བཅས་རྟེན་བཞེངས་ཀྱི་སྐོར་མང་བོ་ལེགས་གྲུབ་བྱུང་ཡོད་པ་མ་ཟད། བླ་སྤྲུལ་ཆེ་ཆུང་སུམ་ཅུ་ལྷག་རེབ་གོང་གཙོས་མཚོ་སྔོན་གྱི་མགོ་ལོག་དང་སྐྱེ་དགུ། ཁྲི་ཀ ཆབ་ཆ། མང་ར། རྐང་ཚ། ཐུན་ཏེ་རྫོང་། ཆུ་ལེན། དཔའ་རིས། གཅན་ཚ། བ་ཡན། རྡོ་སྦིས། ཞོང་ཧྭ། གཞན་ཀན་སུའུ་དང་ཟི་ཁྲོན། ཀྲེ་ཅང་། ཐེན་ཅིང་། ཏོང་པེ། ཧྲན་ཞིས་སོགས་ཞིང་ཆེན་དང་རྫོང་ཁག་མི་འདྲ་བ་ཉི་ཤུ་ལྷག་གི་ཡུལ་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་ལྔ་བརྒྱ་ལྷག་བཞུགས། དེའི་ནང་དུ་གཞུང་ཆེན་བཀའ་པོད་ལྔ་མཐར་ཕྱིན་པའི་ལྷ་རམས་པ་དང་རབ་འབྱམས་པ་སོགས་ཀྱིས་མཚོན་པའི་དགེ་བའི་བཤེས་གཉེན་དང་སྒྲུབ་པ་ཉམས་ལེན་ལ་གཅིག་ཏུ་གཞོལ་བའི་རྣལ་འབྱོར་བ་མང་པོ་བཞུགས།

དགོན་བདག་བླ་མ་ནི་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་ཡིན་ལ། དགོན་པ་ཕྱག་འདེབས་གནང་མཁན་ནི་རོང་བོ་བླ་མ་བསམ་གཏན་རིན་ཆེན་ལགས་ཏེ། ཁོང་ནི་སྤྱི་ལོ1314ལོར་ལྷ་རྗེ་བྲག་སྣ་བ་ཀུན་དགའ་དོན་གྲུབ་གྱི་ཚ་བོ་རོང་ཆེན་མདོ་སྡེ་འབུམ་དང་ལྷ་ཡག་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

ལྷ་སྡེ་ལ་རེབ་གོང་ནང་གཤོག་བཅུ་གཉིས་དང་ཕྱི་གཤོག་བཅོ་བརྒྱད་ཡོད།

.jpg


.jpg


.jpg