གཉེན་སྟོན།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:34ལ་འགྲུབ།

གཉེན་སྟོན།

མགྲོན་པོ་ལ་བཟའ་བཏུང་གིས་སྣེ་ལེན་བྱེད་པའི་བྱ་བའམ། དགའ་སྤྲོའི་གསོལ་ཚིགས་དང་དེར་འབྲེལ་བའི་ལྟད་མོ་ལ་ཟེར།
1 ཆོ་ག

བག་མ་ཁྱིམ་དུ་འཛུལ་བ་ནས་སྟོན་མོའི་འགོ་བརྩམས་པ་ཡིན། སྟོན་མོའི་འགོ་མཇུག་བར་གསུམ་ལ་དོ་དམ་བྱེད་མཁན་ལ་སྟོན་འཛིན་པ་ཟེར། སྡེར་ཁ་ལ་ཤ་སྡེར། གོར་སྡེར། སིལ་སྡེར། ཀ་རའི་སྡེར་ཁ་སོགས་བསྒྲིགས་པ་དང་། ཤ་སྡེར་གཙོ་བོ་ལུག་ཤ་དང་སྐམས་ཤ་ཡིན་ལ། ཤ་སྡེར་རེའི་ཁྲོད་དུ་མཚང་ར་བུབས་རེ་བསྒྲིགས་པའི་སྲོལ་ཡོད། གོར་སྡེར་སྟེང་ལ་ཞལ་ཞལ(སྒོང་བསྲེས་བག་ལེབ་སྲབ་མོ་ཞིག་གི་མིང)འཇོག་པ་དང་། བག་ལེབ་ཀྱི་རིགས་ལ་གོར་དམར། ལག་འཁྱིལ། སོག་སོག ཐལ་གོར། གྱོང་རྡོག་སོགས་ཡོད་པ་དང་། སྤྱིར་བཏང་རྒྱུན་ཟས་ཀྱི་རིགས་ཟངས་གོར། གོ་སྨིན་ཤིས་སོགས་སྟོན་མོར་བཤམས་སྲོལ་མེད། དེ་བཞིན་འབྲས་སམ་གྲོ་མ་མར་ཁུ། མར་རྩམ། ཐུད་སོགས་དང་། ཚོད་མ། པི་ཤུ་སོགས་དང་། མངར་ཟས་རིགས་ཀ་ར། བུ་རམ། སྦྲང་རྩི་སོགས་བཤམས། བཏུང་བའི་རིགས་ཇ་ཐང་། འོ་ཇ། ཆུ་དཀར། སྟར་བུ། སྙ་པོ། སྤེ་ནེ་སོགས་ཀྱང་ཡོད་མོད་རྒྱུགས་མི་ཆེ། མགྲོན་བརྩི་ཆེན་པོ་ཆང་གིས་བྱེད་ལ། དེར་སྔོན་དུས་གཙོ་བོ་ཆང་ཡིན་པ་དང་། དེ་ལས་སྣ་ཁུ་གཙོ་བོ་ཡིན། ཨ་ཞང་ཚང་གིས་བཞེས་པ་གནང་རྗེས། ད་གཟོད་གླུ་དང་གར་ལ་འཇུག་པ་སྟེ། གླུ་ཁ་མཚར། སྲིད་པ། དྲི་གླུ་དང་ཤགས། དེ་ལ་གླུ་སྐད་མང་བོ་དབྱངས་ལ་བསྐྱོན་པ་ཡིན། དང་པོ་ཁ་མཚར་གྱིས་གླུ་སྒོ་འབྱེད་པ་དང་། དེ་ནས་རིམ་བཞིན་སྲིད་པ། དྲི་གླུ་ཤགས་སོགས་ལ་འཇུག་ཀྱང་།  གཉེན་སྟོན་སྐབས་སྤྱིར་བཏང་ཤགས་ལ་འཇུག་པ་ཧ་ཅང་ཉུང་། གར་ལ་ཉིས་རྩེད། བཞི་རྩེད་སོགས་དང་། གླུ་སྐད་ལ་ཆ་འགྲིག་མ་སོགས་ཡོད། བར་བར་དུ་སྟོན་བཤད། གཉེན་བཤད། ཇ་བཤད། ཆང་བཤད་སོགས་ཡོད་པར་མ་ཟད། དེ་ལྟར་ཕྱི་ཉིན་ཉི་མ་རྩེ་ཤར་གྱི་དུས་སུ་ད་གཟོད་སྟོན་མོ་གྲོལ་བ་ཡིན།    

2 བཤད་པ།

སྟོན་བཤད་ནི་བདག་གཞི་མགྲོན་གཉིས་ཀའི་རྟེན་འབྲེལ་འགྲིག་པའི་ཉིན་དེར་བཀྲ་ཤིས་པའི་དབྱངས་སྙན་འབུམ་གྱིས་ཁེངས་པ། ལྟས་ལེགས་པའི་མི་ལ་ངོ་མཚར་གྱི་སྣང་བ་སྟེར་བ། སྲོལ་ལེགས་པའི་གཞན་གྱིས་ཡིད་སྨོན་འཆོར་བའི་བསྟོད་པ་སྣ་ཚོགས་ནི་ས་བསྟོད། གནས་བསྟོད། གཞི་ཁྱིམ་ལ་བསྟོད་པ། འདུ་འཛི་ཆེ་བའི་ཁྲོམ་ལ་བསྟོད་པ། ཕྱག་སྲོལ་ཡག་པའི་མགྲོན་ལ་བསྟོད་པ། འཆོར་སྒེག་ལང་ཚོ་མཛེས་པའི་མ་སྲུ་ལ་བསྟོད་པ། དཔའ་བོ་དཔུང་བ་ངོམ་པའི་གཞོན་གསར་ལ་བསྟོད་པ། ཟས་ཀ་ར་བུ་རམ་གྱི་སྒྲིག་པའི་སྡེར་ཀར་བསྟོད་པ། དགེ་བའི་མ་ཎི་འདོན་པའི་ལོ་ལོན་ལ་བསྟོད་པ། ལང་ཚོའི་གཉོམ་ལག་རྒྱས་པའི་བྱིས་པ་ལ་བསྟོད་པ། གཉེན་ཚང་གི་བསུ་ཕྱོགས་ལ་བསྟོད་པ། ཇ་ལ་བསྟོད་པ། ཆང་ལ་བསྟོད་པ་རྣམས་གསོན་ཉམས་ལྡན་པའི་ངང་ནས་དཔེར་དྲངས་ཏེ་རོ་ཉམས་ཕུན་སུམ་ཚོགས་པ་ཞིག་ཉན་མཁན་རྣམས་ལ་དགའ་སྤྲོ་སྣང་གྱ་ནོམ་པ་སྟེར་བཞིན་ཡོད།

3 དགོས་པ།

སྟོན་མོ་ནི་ཉེ་དུ་དང་ཁྱིམ་མཚེས་གཡས་གཡོན་ཐམས་ཅད་མགྲོན་ལ་བོས་ནས་གསོལ་ཚིགས་བཤམས་པའམ། ལྟད་མོ་སྣ་ཚོགས་ལས་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དར་སྤེལ་གཏོང་བ་དང་རྒྱུད་འཛིན་བྱེད་པའི་ཁྱད་ཆོས་མངོན་འདུག


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྲོལ། གཉེན་སྟོན།