བཤུ་གཞོག་ལམ་ལུགས་རྩ་གཏོར་བྱས་ནས་མི་ཚང་མ་འདྲ་མཉམ་ཡིན་པའི་སྤྱི་ཚོགས་ཤིག་འཛུགས་རྒྱུ་ནི་སྟོང་བསམ་སྤྱི་ཚོགས་རིང་ལུགས་པའི་ཐུན་མོང་གི་ཕུགས་བསམ་ཡིན། སྟོང་བསམ་སྤྱི་ཚོགས་རིང་ལུགས་ནི་ལོ་རྒྱུས་སེམས་གཙོ་སྨྲ་བའི་ལྟ་བ་རྨང་གཞིར་བྱས་ནས་ཕུགས་བསམ་གྱི་སྤྱི་ཚོགས་ཤིག་འཚོལ་སྙེག་བྱེད་པའི་སྤྱི་ཚོགས་རིང་ལུགས་པའི་གཞུང་ལུགས་ཞིག་ཡིན་ལ། འདི་ལ“ཝུའུ་ཐོའུ་པང”ཞེས་ཀྱང་འབོད།
སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱིས་མ་རྩ་རིང་ལུགས་ལ་སུན་འབྱིན་བྱས་ནས་དངོས་ཡོད་དང་འགལ་བའི་ངང་འབྱོར་མེད་གྲལ་རིམ་དང་ཁ་གཏད་དུ་ལངས་པའི་སྤྱི་ཚོགས་ཤིག་འཛུགས་འདོད་བཅངས། དུས་རབས16པར་དབྱིན་ཇིའི་མོ་ཨར་གྱི་ཚབ་བྱེད་བརྩམས་ཆོས《ཝུའུ་ཐོའུ་པང》ཅེས་པ་ལས་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཐོག་མར་བྱུང་། དུས་རབས19བའི་རྗེས་སུ་སྟོང་བསམ་སྤྱི་ཚོགས་རིང་ལུགས་འདི་སྐབས་ཤིག་ལ་དུས་རབས་ཀྱི་བསམ་བློར་གྱུར་ཅིང་། ཧྥ་རན་སིའི་ཧྲེང་ཞི་མེན་དང་ཧྥུའུ་ལི་ཡེ་དང་དབྱིན་ཇིའི་ཨོའུ་ཝུན་བཅས་བསམ་བློ་བ་ཆེན་པོ་གསུམ་གྱིས་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཆེས་ཆེར་སྤེལ། ཁོང་ཚོས་མ་རྩ་རིང་ལུགས་ཀྱི་འགལ་བ་སུན་འབྱིན་བྱས་པ་མ་ཟད། འགལ་བ་དེ་རིགས་ཀྱི་རྒྱུ་ལ་དབྱེ་ཞིབ་གནང་ནས་མ་འོངས་བའི་སྤྱི་ཚོགས་ཀྱི་རྣམ་པར་བསམ་བློ་བཏང་བ་རེད། སྟོང་བསམ་སྤྱི་ཚོགས་རིང་ལུགས་འདི་ཉིད་ནི་མ་རྩ་རིང་ལུགས་པའི་ཐོན་སྐྱེད་དང་གྲལ་རིམ་གྱི་མ་ལག་ཡོངས་སུ་མ་སྨིན་པའི་སྐབས་སུ་བྱུང་བས་ཚན་རིག་སྤྱི་ཚོགས་རིང་ལུགས་པ་དང་ངོ་བོའི་ཆ་ནས་མི་འདྲ་རུང་། ཚན་རིག་སྤྱི་ཚོགས་རིང་ལུགས་པའི་བསམ་བློའི་འབྱུང་ཁུངས་ཞིག་ཏུ་གྱུར་ཡོད།